ཁྲོ་གཏུམ།
——-གྲོགས་རས་པ་དྲན་སྟངས་ཤིག
ཁྱོད་རྒྱལ་ཁབ་དེ་ན་ཡོད
ང་རྒྱལ་ཁབ་འདི་ན་ཡོད
སེམས་བསམ་པའི་གནས་མཆོག་ཅིག་གང་ན་ཡོད
ཁྱོད་ནི་ངའི་བསམ་གཞིགས་ཀྱི་སྡིང་ཆར་བཞག
དེ་ནས་བཟུང་བརྗེད་ཐུབ་མི་འདུག
ལན་རེར་ངའི་བསམ་པའི་སྡིང་ཆར་ཁྱོད་ལྷུང་ལ་བྱས
འདི་བསམ་པའི་བར་སྟོང་ལ་ཐོན་པའི་སེར་བུ་ཞིག
ཤོག་བུའི་ཐོག་གི་ཡི་གེར་འགྲེལ་བཤད་བྱས
སེམས་པའི་ཐོག་གི་བསམ་བློར་བརྡར་ཤ་བྱས
མིག་གིས་མཐོང་ཚད་བརྗོད་གཞི་བྱས
རྣ་བའི་ཐོས་ཚད་གྲོས་སུ་བཏབ
འདི་ལྟར་ང་ཚོ་ལམ་ལ་ཆས་ཤིང་བློ་གྲོས་འཇལ
ཁྱོད་ཀྱི་བློ་གྲོས་ཀྱི་མྱུར་ཚད་སྔ་ནའང
ངའི་བློ་གྲོས་དལ་མོའང་ཁྱོའི་རྗེས་སུ་ཐར
བསམ་བློའི་ལྗིད་ཁོག་འཇལ་ཞོར
ཁྱོད་ཐོན་སར་ང་མ་ཐོན
ང་ཐོན་སར་ཁྱོད་མ་ཐོན
མཐའ་མཇུག་གི་གནས་མལ་ནི་ཕྱིར་དྲན་ཞིག
ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༧ དགོང་མོ་ཨོ་གླིང་དུ།