འཇམ་གཅེས།
ཐབས་མཁས་འཕྲུལ་གྱིས་ལྕེ་བརྒྱར་སྤྲུལ་དང་ལྷན།།
སྙན་མོ་ངག་གི་གྲེ་འགྱུར་བདེ་བདེ་དེ།།
ཡིད་སེམས་གཏིང་ནས་ཁྲེལ་བྱེད་ངོ་མ་ལས།།
གཞན་ལ་ཕན་པའི་ལེགས་བཤད་སུ་ཡིས་འདོད།།
འདས་མ་ད་གསུམ་བདག་གི་ལས་དབང་ལ།།
བཅོས་མའི་འགྲེལ་བཤད་ཁྱོད་ཀྱིས་མ་བྱས་རུང་།།
སོ་སོའི་མདུན་ལམ་སོ་སོར་དབང་བ་ནི།།
རང་སེམས་མེ་ལོང་ངོས་སུ་ཁྲིགས་སེ་གསལ།།
ཁ་མཁས་ལྕེ་བདེ་ཙམ་ལ་ཡིད་དུང་ན།།
སྒལ་རུས་དབེན་པའི་བན་གཟུགས་སྟོང་སང་ལས།།
རང་ཚུགས་ཅན་ཞིག་ནམ་ཡང་མ་ཡིན་པའི།།
གནས་ལུགས་འདི་ཡང་ཁྱེད་ཚོས་ངེས་པར་བྱོས།།
སྤྲང་རྒན་བདག་གི་སེམས་ཀྱི་ཚོར་སྣང་འདི།།
ཁྱེད་ཚོས་སེམས་ལ་རིན་ཐང་མི་ཆེ་མོད།།
བདག་ལ་མཚོན་ན་མཚར་སྡུག་འོད་སྟོང་ནི།།
འདི་ཉིད་ཡིན་པས་ནམ་ཡང་གཅེས་སྤྲས་བྱེད།།
ང་ཡི་སྒོ་གསུམ་བྱ་སྤྱོད་ཡོད་དོ་ཅོག །
ཁྱེད་ཚོའི་བློ་དང་འཚམས་པོ་མེད་ན་ཡང་།།
ཐད་སོར་རྒྱུགས་པའི་རྐང་ལམ་ཕྲ་མོ་ནས།།
གོམ་ཁ་གཞན་དུ་བསྒྱུར་འདོད་ང་ལ་མེད།།
ལྷག་བསམ་འོ་མའི་རྒྱ་མཚོ་ཆེན་པོའི་ནང་།།
མི་གཙང་འདོད་ཆགས་འདམ་གྱིས་སྦག་པའི་དུས།།
འདབ་ཆགས་ངང་པ་འཁོར་སའི་གནས་མིན་པས།།
རེ་ཞིག་དྭངས་གཙང་མཚོ་མོ་བཙལ་ན་འདོད།།
བཅུ་ཕྲག་མེ་ཏོག་བཞད་པའི་གླིང་ཆེན་དེ།།
ཞེ་སྡང་ཐོག་སེར་དྲག་པོས་བཅོམ་པའི་དུས།།
རྐང་དྲུག་བུང་བ་དགའ་བའི་གནས་མིན་པས།།
འབྲས་ལྡན་ལྗོན་ཚལ་ཞིག་ལ་རེ་ན་འདོད།།
སྒྲིབ་བྲལ་ལྷ་ལམ་ཡངས་པའི་དཀྱིལ་འཁོར་དེར།།
གཏི་མུག་སྤྲིན་གྱིས་ཟུར་ནས་གཟན་པའི་དུས།།
བཅོ་ལྔའི་དུང་ཟླ་འཛུམ་པར་གེགས་ཡིན་པས།།
རིག་པ་ཡེ་ཤེས་ལྷ་ལ་སྐྱབས་སུ་འགྲོ །
མཆོག་གསུམ་མོས་ཤིང་བསླབ་གསུམ་བརྩོན་མཁན་ཚོ།།
དུག་གསུམ་དམར་སེེར་ངུར་སྨྲིག་འོག་རོལ་ནས།།
འཛེམ་མེད་ཕྱིར་རུ་མངོན་པའི་ངང་ཚུལ་འདི།།
བདེ་གཤེགས་དགྱེས་པའི་མཆོད་སྤྲིན་སུ་ཡིས་འདོད།།
ང་ཡི་སྙིང་ནས་ཕྱུངས་པའི་ཚིག་གི་མདའ།།
སྙན་མོ་རྣ་བའི་བདུད་རྩི་མ་ཡིན་མོད།།
ལྟ་ངན་འཇོམས་པའི་མཚོན་ཆ་དངོས་ཡིན་པས།།
ཁྱེད་ཚོའི་སྙིང་གི་དཀྱིལ་དུ་མ་ར་ཡ།།
རང་སེམས་མེ་ལོང་ངོས་སུ་ཁྲིགས་སེ་གསལ།། འདིར་ཡོད་ཁྲིགས་ཞེས་པར་གསལ་བཤད་ཁུངས་དག་ཅིག་མཛད་ན། ཕན་པར་འགྱུར། ལ་དྭགས་སོགས་ཀྱི་ཕལ་སྐད་ནང་ཁྲིགས་ཞེས་མང་དུ་ལབ། དེ་ཉིད་དིང་དུས་རྒྱ་གར་སྐད་ཀྱི་ཊྷིཀ་ཞེས་པ་ཡིན་ནམ། བོད་ཚིག་ཁྲིགས། ཞེས་པ་ཡིན་པའི་འཕྱང་མོ་ཁོ་བོའི་བློར་ཡུན་རིང་ནས་གནས། ཁྲིགས་་ཞེས་པ་བོད་དཔེ་ཚད་ལྡན་དག་ན་ཡོད་དམ།
་
འདི་ན་ཁྲིགས་ཁྲིགས་་མི་འདུག
དེ་ནས་ཁྲིགས་ཁྲིགས་གནང་ཤོག
་
ཅེས་པ་ཞིག་འདོན་པ་ཐོས་སོ། །
ལ་དྭགས་པའི་ཁ་རྒྱུན་ལེགས་བཤད་དུ།
མི་ངན་ཞིག་ལ་རེ་བ་ལས་བྲག་བཟངས་ཤིག་ལ་འཁྲིལ་ན་རྒྱལ། ཞེས་པ་ལྟར། གོང་གི་མཆན་བུར་ལན་མེད་པར་མཐོང་ནས། ཨ་མེ་རི་ཀའི་མཁས་དབང་གོལྡ་སྟེ་ཨེ་ཨིན་གྱི་བོད་ཨིན་ཚིག་མཛོད་ལ་བལྟས་པས། ཁྲིགས་ཁྲིགས་དང་ཁྲིག་ཁྲིག་དོན་གཅིག་པར་བཤད། དེ་ན་བཀོད་པའི་དཔེ་བརྗོད་འགའ་ནི། དཔེ་མཛོད་ཁང་གི་དཔེ་ཆ་ཚང་མ་ཁྲིག་ཁྲིག་བྱས་ནས་བཞག་འདུག ཅེས་དང་། ས་གདན་འདིའི་རྒྱུ་ཆ་ཁྲིག་ཁྲིག་རེད། ཅེས་དང་། མི་འདི་ཁྲིག་ཁྲིག་ཅིག་རེད་འདུག ཅེས་སོགས་སོ།