སྨིན་དྲུག་གིས།
ཁ་སང༌། གྲོགས་པོ་ཞིག་དང་ཁ་རྩོད་ཤོར་སོང༌། ཁ་རྩོད་ཤོར་དོན་ནི་དོན་དག་ཆུང་ཆུང་ཞིག་ཡིན། དེ་ནི་འདི་འདྲ་སྟེ། གྲོགས་པོ་ཁོས་ཟེར་ན། ལོ་བཅུ་གྲངས་ཀྱི་ཡར་སྔོན་ཞིག་ལ། སྙན་ངག་པ་ཞིག་གིས་ང་ལ་འདི་ལྟར་ལབ་མྱོང༌། ཁྱེད་རང་སྙན་ངག་པ་ཞིག་རེད་ཟེར། དེ་སྐད་བསྟོད་བསྔགས་དང་བཅས་ཏེ་ལབ་སོང༌། ཡིན་ནའང༌། ད་ལྟ་བསམས་ན། དེ་དུས་ཀྱི་ང་ལ་མཐོང་ཆུང་བྱས་འདུག ང་ལ་མཚོན་ན། ཁྱེད་རང་སྙན་ངག་པ་ཞིག་རེད་ལབ་མཁན་དེས་ང་ལ་མཐོང་ཆུང་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ང་ནམ་ཡང་སྙན་ངག་པ་ཞིག་བྱེད་མི་འདོད། ངས་རང་ཉིད་ཐ་སྙད་དང་ཐ་སྙད་སྦྲེལ་བའི་ར་བ་དེའི་ཕྱི་ལོགས་སུ་བུད་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དོན་འདིས། སུ་ཞིག་གིས་ཁྱེད་རང་སྙན་ངག་པ་རེད་ལབ་པ་ཡིན་ན། དེས་ང་ལ་བསམ་གཟས་ནས་མིན་ནའང༌། མཐོང་ཆུང་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད། འདི་ནི་ངའི་སེམས་ཁམས་ཡིན། དོན་ངོ་མར་བཤད་ན། ཁྱེད་རང་སྙན་ངག་པ་རེད་ལབ་མཁན་ཚོས། ང་ནི་ཚིག་གྲུབ་སྙིང་རྗེ་པོ་རེ་བཟོ་ཤེས་མཁན་ཙམ་དུ་ངོས་འཛིན་བྱས་པ་རེད། དེ་ངས་ཁས་ལེན་མི་འདོད་པ་དེ་རེད། ཅེས་དབུགས་ལབ་སོང་བར། ངས། དེ་ནི་གནས་ལུགས་དང་མཐུན་པའི་སྐད་ཆ་ཞིག་མ་རེད། ཁྱེད་རང་སྙན་ངག་པ་རེད་ལབ་མ་ཆོག་པ་ག་རེ་ཡོད་རེད། མ་གཞི་ནས་ཁྱེད་རང་གིས་དེ་སྔོན་སྙན་ངག་ཞིག་ཆགས་པའི་ཆེད་དུ་སྙན་ངག་སྦྱངས་ཤིང༌། སྙན་ངག་བྲིས་པ་རེད། དེའི་ཆ་ནས་ཁྱེད་རང་ལ་སྙན་ངག་པ་རེད་ལབ་པའི་གདགས་གཞི་ཡོད་ཆོག་གི་རེད། ཁྱེད་ཀྱི་གྲོགས་པོས་ཁྱེད་རང་ལ་མཐོང་ཆེན་བྱས་པ་ལ་མཐོང་བྱས་སོང་ལབ་ན་འགྲིག་ཡོད་པ་མ་རེད་ལབ་པར། ཁོས། གང་ལྟར། སྙན་ངག་པ་རེད་ལབ་ན། ངའི་རྣ་ལམ་དུ་སྙན་པོ་ཞིག་ཁྱོན་ནས་མ་རེད། སེམས་ལ་འཇུག་པ་ཞིག་དེ་བས་ཀྱང་མ་རེད། གང་ཡིན་ཟེར་ན། ད་ལྟའི་ང་ལ་མཚོན་ན། རང་ཉིད་ཐ་སྙད་སྦྱོང་བརྡར་དང་ཐ་སྙད་བསྒྲིགས་སྟངས་གཉིས་ཀའི་ར་སྐོར་གྱི་ཕྱི་ལོགས་སུ་བུད་ཚར་བར་ངོས་འཛིན་བྱེད་ཀྱི་ཡོད། ད་དུང་ང་རང་སྙན་ངག་པ་ཞིག་རེད་ལབ་ན་ག་རེ་ལབ་ཀྱི་ཡོད་པ་རེད། ཅེས་ངར་ངར་རྫིག་རྫིག་གིས་ལབ་སོང༌།
ཀློག་མཁན་ལགས། ཁྱེད་རང་སྙན་ངག་པ་ཞིག་རེད་ལབ་ན་རླུང་ལངས་པ་འདུག་གམ། དེ་དམའ་འབེབས་ཀྱི་ཚིག་ཅིག་ཨེ་རེད། ཡང་ན། དེ་མཐོང་ཆུང་བྱས་པ་ཞིག་རེད་དམ། ང་ལ་ལན་ཞིག་གནངས་རོགས། ངའི་གྲོགས་པོ་འདིས་ཟེར་ན། ཁོ་རང་སྙན་ངག་པ་ཞིག་མིན། ཁོ་རང་ཤེས་ཡོན་པ་ཞིག་ཡིན་ཟེར། འདི་གཉིས་ལ་ཁྱད་པར་ག་རེ་ཡོད་པ་ཡིན་ནམ།
སྙན་ངག་ཟེར་ན་ཆང་ཞིག་ལས་མ་འདས། དེ་རང་གི་དགའ་སྣང་ཞིག་ལས་མ་འདས། ཆང་འཐུང་མཁན་ཞིག་ལ་ཁྱོད་ཆང་འཐུང་ངར་གི་ཟེར་བཤད་ན་ཁོང་དགའ་རྒྱུ་རེད། གཞན་ཆང་མི་འཐུང་མཁན་ཞིག་ལ་ཁྱོད་ཆང་འཐུང་མཁན་རེད་ཅེས་བརྗོད་ན་ཁོང་ཁྲོ་ཟ་སྲིད་པ་ཞིག་རེད། སྔོན་ཆང་བཏུང་མྱོང་ཡོད་མེད་གང་ལྟར་གཅིག་པ་རེད། མ་གཞི་ཆང་ཟེར་བ་འདི་མིའི་སྤྱི་ཚོགས་ཤིག་ལ་མཚོན་ན་དགོས་ངེས་ཤིག རྩེད་དགོད་དང་སྣང་བ་སྐྱིད་པོ་བྱེད་སླད་དགོས་ངེས་ཤིག་རེད། ཡིན་ན་ཡང་ཚང་མ་ཆང་འཐུང་ཡིན་དགོས་དོན་མེད།
བོད་ཀྱི་དེང་དུས་ཀྱི་སྙན་ངག་མཁན་མང་པོ་ཞིག་ནི་ཤེས་བྱའི་ན་གསོ་མ་ལོན་པའི་བྱིས་པ་ལྟ་བུར་སྣང་།
ངས་བལྟས་ན་ཁྱེད་དེ་ཙམ་ཁོང་ཁྲོ་ལངས་དགོས་དོན་མེད། མ་གཞི་ཁྱེད་ཀྱིས་སྙན་ངགབྲིས་མྱོང་ངམ། ཁྱེད་ཀྱིས་གྲོགས་པོ་དེའི་ངོར་ཁྱེད་སྙན་ངག་པ་ཞིག་ཏུ་གྲུབ་ཡོད་ཀྱང་སྲིད། རྒྱུ་མཚན་གཞན་ཞིག་གིས་ཁྱེད་ལ་དགའ་ནས་བསྟོད་པ་བྱེད་པ་ཡིན་ཡང་སྲིད། གང་ལྟར་དེས་ཁྱེད་ལ་གནོད་འཚེ་གང་ཡང་མེད་པས་བཏང་སྙོམ་དུ་བཞག་ན་འོས། ལེགས་བཤད་ལས་ཀྱང༌། བསྟོད་པས་དགའ་བར་མི་འགྱུར་ལ། །སྨད་པས་ཁྲོ་བར་མི་འགྱུར་བར། །རང་གི་ཡོན་ཏན་ལེགས་གནས་པ། །སྐྱེས་བུ་དམ་པའི་མཚན་ཉིད་ཡིན། །ཞེས་གསུངས་པ་མ་ཡིན་ནམ། དེ་ནི་ངའི་བསམ་ཚུལ་ཙམ་ཡིན།
བསྟན་འཛིན་ལགས་ཀྱི་མཆན་བུ་དེ་བསྐྱར་ཟློས་ལྟ་བུ་ཞིག་ལས་གོ་བ་ལེན་རྒྱུ་གང་ཡང་མ་བྱུང༌།