གསལ་ལེ་རྒྱལ།
དགོང་མོ་དེར་ཆུ་ཚོད་བཅུ་དང་ཕྱེད་ཀའི་སྟེང་བརྙན་འཕྲིན་བརྒྱུད་ནས་རྒྱན་ཤོག་ཐོབ་འབྲས་གསལ་བསྒྲགས་བྱེད་ཀྱིན་ཡོད་པ་ཤེས་ནའང་། ང་རང་སྔ་ས་ནས་ཉལ་ཟིན། མགོ་ན་ཞིང་ཚ་བ་རྒྱས་པས་རྒྱ་ནད་བྱུང་བ་མིན་ནམ་བསམ་ནས་སེམས་ཁྲལ་ཅུང་ཙམ་ཡང་བྱུང་། ལུས་སེམས་གཉིས་ཀ་བདེ་རྒྱུ་མེད་ནའང་ཉལ་ཁྲིའི་སྟེང་དུ་ལོག་ནས་བསྡད་པས་ང་རང་གཉིད་ཟིན།
ང་ལ་རྒྱན་ཤོག་དེ་ཐོབ་པ་ཤེས་མ་ཐག་ཏུ་ངའི་སེམས་ལ་ཐོག་མར་ཤར་བ་ནི་ངའི་ཞི་མོ་ཡིན་ཞིང་གསར་འགྱུར་དེ་བཤད་ས་ཐོག་མའང་ངའི་ཞི་མོ་ཡིན། དེའི་འཕྲོར་གྲོགས་པོ་ཚང་མ་མཉམ་དུ་ངའི་མིག་ལམ་ལ་གསོན་པོར་ཤར་ཡོང་གིན་འདུག ཁོ་ཚོའི་གདོང་གི་འཛུམ་མདངས་དང་ལུས་ཀྱི་རྣམ་འགྱུར་སོགས་ཡོད་ཚད་གསོན་ཉམས་ལྡན་པ་ཞིག་རེད།
ངས་ཞི་མོར་ཁ་པར་བཏང་སྟེ “ཨ་ཕའི་ལོ་ལོ། ཨ་ཕར་རྒྱན་ཤོག Euromillions ཐོབ་སོང”ཞེས་བཤད། དྲང་མོར་བཤད་ན་ངའི་སེམས་ལ་ངའི་ཞི་མོ་ཧ་ཅང་དགའ་ནས་ས་ལྡིང་གནམ་ལྡིང་བྱེད་ངེས་རེད་འདོད་ཡོད། སྐབས་དེར་ང་ཡང་ཧ་ཅང་དགའ་ཡོད།
ཡིན་ནའང་མོ་ལ་ཧ་ཅང་དགའ་བའི་རྣམ་འགྱུར་ཅི་ཡང་མི་འདུག མོས “ ཨ་ཕ། ང་ལ་ཡོས་བུ་དཀར་བོ་ཆུང་ཆུང་ཞིག་ཉོས་ཨཱ” ཟེར། དེ་ནས་མོས་ང་ལ་ཅི་ཡང་མི་ཟེར། སྐབས་དེར་ང་རང་ཧ་ཅང་དགའ་ཡོད་ནའང་མོས་ང་ལ་དགའ་སྤྲོའི་རྣམ་འགྱུར་ཅི་ཡང་མ་བསྟན་པ་དེས་ངའི་སྙིང་ཉེ་བའི་གྲོགས་པོ་རྣམས་ལའང་གསར་འགྱུར་དེ་བཤད་འདོད་མེད་པར་གྱུར། བཤད་རིན་མེད་པ་ལྟ་བུ་ཞིག་ཏུའང་ཚོར་སོང་། ཁ་མ་དེ་ནས་ང་ལྷོད་ལ་བབས་སོང་། དེ་བས་ངས་ང་ལ་རྒྱན་ཤོག་ཐོབ་སོང་ཞེས་སུ་ལའང་མ་བཤད།
རྒྱན་ཤོག euromillions དེ་མ་ཐོབ་ནའང་ང་ལ་དཔལ་འབྱོར་གྱི་དཀའ་ངལ་སྔོན་ནས་མེད། གླ་ཕོགས་མཐོ་རྒྱུ་མེད་ནའང་ང་ལ་ཤུགས་ལས་བྱེད་མི་དགོས་པའི་ལས་ཀ་སྟབས་བདེ་ཞིག་ཡོད་པའི་ཁར། ངའི་ཞི་མོ་དང་ངེད་གཉིས་ལ་ཆེ་ཆུང་འཚམས་པའི་ཁང་བ་ཞིག་ཀྱང་ཡོད། ངེད་ཕ་བུ་གཉིས་ལ་དེ་ལས་ཆེ་བའི་ཁང་རྒན་ཞིག་ཡོད་ན་ཅི་མ་རུང་བསམ་པའི་རྨི་ལམ་ཡང་མེད། ང་རང་འདོད་ཆུང་ཆོག་ཤེས་ཅན་ཞིག་མིན་ནའང་གང་ཡོད་པ་དེས་ངའི་འདོད་པ་གང་ཡོད། ང་ལ་དཀའ་ངལ་ཅུང་ཙམ་ཡོད་པ་ནི་དཔོན་པོ་ཞིག་གི་འོག་ནས་ལས་ཀ་བྱེད་དགོས་ཤིང་ལས་ཀ་ལས་སྐབས་དཔོན་པོའི་གདོང་གི་རྣམ་འགྱུར་ལ་བལྟ་དགོས་པ་དེ་ཡིན། དཀའ་ངལ་གཞན་ཞིག་ཡོད་པ་ནི་རང་གི་བློ་ཐག་ཉེ་བའི་གྲོགས་པོ་དང་གྲོགས་མོ་ཚོས་མེད་མུག་བཏོན་ཚེ “ཤི་རེ་གོ། སྒོར་མོ་འགའ་ཡོད་རྒྱུ་ན” ཞེས་ཁེར་བཤད་བྱེད་ཀྱིན་ཡོད། ང་ལ་དཔལ་འབྱོར་གྱི་དཀའ་ངལ་དེ་ཙམ་ལས་མེད། བསགས་དངུལ་མེད་ནའང་ད་ལྟའི་བར་དུ་ཤ་ཟོས་ཏེ་ཆང་འཐུང་ནས་བསྡད་པ་ཡིན།
ལོ་ངོ་བཅོ་ལྔ་ཙམ་གྱི་ཡུན་ལ་རྒྱན་ཤོག་དེ་གཟའ་མིག་དམར་དང་པ་སངས་ནམ་ཡིན་ལ་ཆད་མེད་དུ་བཏོག་པ་ཡིན། དེ་ནི་ངའི་དགའ་ཕྱོགས་ཤིག་ཡིན་ལ་ལོབས་ཕྱོགས་ཤིག་ཀྱང་ཡིན། རྒྱན་ཤོག་གཅིག་བཏོག་ན་ཡོ་སྒོར་གཉིས་དང་ཕྱེད་ཀ་ཡིན་ཞིང་རྒྱན་ཤོག་དེ་ཐོབ་ན་ཉུང་མཐར་ཡང་ཡོ་སྒོར་ས་ཡ་བཅུ་བདུན་ཡོད། མ་ཐོབ་ནའང་སྒོར་མོ་གཉིས་དང་ཕྱེད་ཀ་ཞལ་འདེབས་སུ་སྤྲད་པ་ལྟ་བུའི་ཚོར་བ་ལས་ཕངས་སེམས་ནམ་ཡང་སྐྱེས་མ་མྱོང་། སུ་ཞིག་ལ་རྒྱན་ཤོག་ཐོབ་ཚེ་མི་གཅིག་ཕྱུག་པོ་ཆགས་སོང་བསམ་ནས་ང་རང་དེ་ལ་དགའ་སྤྲོ་སྐྱེས་ཤིང་། དེ་ནི་རང་ཉིད་དང་བཅས་པའི་མི་མང་མཉམ་རུབ་ཀྱི་གྲུབ་འབྲས་ཤིག་ལ་རྩི་གིན་ཡོད། རང་ཁོ་ན་ལ་འཐོབ་པའི་ཆེད་དུ་མཚམས་ལན་རེར་རྒྱན་ཤོག་གཅིག་རེ་བཏོག་སྟེ་མ་ཐོབ་པར་དེ་ལ་ཕངས་སེམས་སྐྱེས་བཞིན་པའི་མི་ཁ་ཤས་འདུག་ཀྱང་ང་རང་དེ་དག་དང་ཡེ་ནས་མི་འདྲ། ང་ལ་མཚོན་ན་རྒྱན་ཤོག་དེ་རང་ལ་ཐོབ་ན་རྒྱལ་ཁ་ཞིག་ལོས་ཡིན་མོད། མ་ཐོབ་ནའང་མཉམ་རུབ་ཀྱི་རྩེད་མོ་ཞིག་ཡིན། སུ་ལ་ཐོབ་ན་དེ་ལ་ཞལ་འདེབས་ཤིག་གི་བསམ་པ་བཟུང་ཡོད། དེ་བས་ང་རང་ནམ་ཡང་ཕམ་མ་མྱོང་ལ་ཕངས་ཀྱང་མ་མྱོང་། ང་རང་རྒྱན་ཤོག་ལ་འདི་ལྟར་རྩེས་ཏེ་ང་ལ་རྒྱལ་ཁའང་འདི་ལྟར་ཐོབ།
གསར་འགྱུར་ཚང་མ་སྐབས་ཐོག་དེར་གསར་འགྱུར་ཡིན་ནའང་རིམ་གྱིས་རྙིང་ཞིང་ལོ་རྒྱུས་ཀྱི་ངོ་བོར་འགྱུར་འགྲོ་བ་བཞིན། རྒྱན་ཤོག་དེའང་ངའི་སེམས་ནས་རིམ་གྱིས་རྙིང་ཞིང་གསར་འགྱུར་ནས་ལོ་རྒྱུས་ཀྱི་ངོ་བོར་གྱུར། ངས་ན་ནིང་བཞིན། ཁ་སང་ལྟར། རང་ཉིད་གཅིག་པུས་ཤ་ཟ་བཞིན་ཆང་འཐུང་ནས་བསྡད། ངའི་གོན་པ་སྔར་བཞིན་གོས་ཧྲུལ་ཡིན་ལ་འདོགས་ཆ་དང་རྒྱན་ཆ་ཅི་ཡང་མེད། ངའི་སྐེ་ན་༧ཡིད་བཞིན་ནོར་བུའི་ཕྱག་འདུད་ཅིག་དང་ནག་པོ་དགུ་སྦྱོར་གྱི་རིལ་བུ་ཞིག་ཡོད། ངའི་ཁ་པར་ཀུ་ཤུ་དྲུག་པ་རྙིང་བ་ཞིག་ཡིན། རྒྱན་ཤོག་ཐོབ་པ་དེས་ངའི་མི་ཚེ་ལ་འགྱུར་བ་ཅི་ཡང་མ་ཐེབ། ངས་ཡོས་བུ་དཀར་བོ་ཆུང་ཆུང་ཞིག་ཉོ་དགོས་མོད་དེའང་རྒྱན་ཤོག་ཐོབ་མིན་ལ་འབྲེལ་བ་ཅི་ཡང་མེད།
ངས་ནམ་རྒྱུན་ལྟར་སྔ་དགོང་གཉིས་ལ་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཚར་འགའ་དང་མ་ཎི་ཚར་འགའ། སྒྲོལ་མ་ཚར་འགའ་བཅས་བཏོན་རྗེས། བོད་ཡིག་གིས་ཉིན་ཐོ་འབྲི་བཞིན་བསྡད། ངས་བདེ་སྐྱིད་ཀྱི་བདེ་སྐྱིད་དེ་ནས་བཙལ། བོད་ཡིག་གི་འཁོར་ཡུག་འདི་ཡག་བཤད་བྱས་ན་ངས་སྐྱིད་རྒྱག་ས་ཡིན་ལ། རྩོག་བཤད་བྱས་ན་ངས་ཉི་མ་གཏོང་སའང་ཡིན། ང་ལ་ཡོ་སྒོར་ས་ཡ་འགའ་ཐོབ་ཀྱང་བོད་ཡིག་དང་གྱེས་ནས་སྐྱིད་རྒྱག་ཏུ་འགྲོ་ས་གཞན་པ་ཞིག་ཡེ་ནས་མི་འདུག བོད་ཡིག་གི་འཁོར་ཡུག་འདིའི་ཕ་རོལ་ན་ང་ལ་སྐྱིད་རྒྱག་ས་ཞིག་དངོས་ནས་མི་འདུག ངས་སྔར་བཞིན་བོད་ཡིག་ཀློག་བཞིན་བོད་ཡིག་བྲིས་ཏེ་སྐྱིད་པོ་བྱས་ནས་བསྡད།
ཁྱིམ་བཀག་བཀའ་རྒྱ་ཡོད་ནའང་སྤྱི་ལེ་བཅུའི་མཚམས་ལ་སོང་ཆོག་མོད། རྒྱ་ནད་ཀྱི་དབང་གིས་གྲོགས་པོ་ཚོ་ངའི་སར་མ་ཡོང་ལ་ང་ཡང་ཁོ་ཚོའི་སར་མ་སོང་། ངེད་ཚང་དང་བར་ཐག་མི་རིང་བའི་ས་དེར་་ཨ་ནེ་མ་ནེ་་ཞེས་བའི་ཚོང་ཁང་ཞིག་ཡོད་ལ་ང་རང་དེ་རུ་ཡོས་བུ་དཀར་བོ་ཞིག་ཉོ་རུ་འགྲོ་དགོས། དེ་ནས་ངའི་ཞི་མོ་ཧ་ཅང་དགའ་ངེས་ཡིན། འདི་ལྟར་བསམ་ནས་ང་ལ་བྲེལ་བ་ལངས།
ནམ་ལངས་ནས་ཉི་མ་ལྷོད་ལ་བབས་འདུག གནམ་གཤིས་དྭངས་ཤིང་གསལ། ངས་གཉིད་མ་སད་ཀྱིས་ཞི་མོར་ཁ་པར་བཏང་། “ཨ་ཕའི་ལོ་ལོ། དེ་རིང་ཨ་ཕ་ཁྱོད་ལ་ཡོས་བུ་དཀར་བོ་ཆུང་ཆུང་ཞིག་ཉོ་རུ་འགྲོ་གི་ཡིན“ ཞེས་བཤད།
ངའི་ཞི་མོས “ཨ་ཕ། མིན། ང་རང་ཡོས་བུ་ལ་དགའ་བོ་ཁྱོན་ནས་མེད“ ཟེར།
ང་ལ་རྒྱན་ཤོག་ཐོབ་པ་དེས་ངའི་མི་ཚེ་ལ་འགྱུར་བ་ཅི་ཡང་མ་ཐེབ།
གསར་ཁོ་ལོ་ལོ། སྙན་པོ་བྱུང་། བཀའ་དྲིན་ཆེ།
ཨ་རོགས། ངོ་མ་ཁྱོད་ལ་དེ་འདྲའི་སྒོར་མོ་མང་པོ་ཞིག་རག་ཡོད་ན། ནོར་ཝེར་ཡོད་པའི་ངེད་གཉིས་ཀའི་ངོ་ཤེས་པ་བུ་མོ་དེར་རོགས་རམ་ཞིག་བྱ་ཐུབ་ན་ཁྱེད་ཀྱི་མི་ཚེ་ལའང་འགྱུར་བ་ཞིག་དང་མོའི་མི་ཚེ་ལ་ལའང་འགྱུར་བ་ཞིག་ཏན་ཏན་འགྲོ་རྒྱུ་རེད།
གསལ་ལེ་བདེ་མོ། སྙན་གི་ཡ་ བཀའ་དྲིན་ཆེ།
འདི་བརྩམས་སྒྲུང་ཚན་པར་མ་བཀོད་པ་ཅི་ཡིན།
དེ་འདྲ་ཡིན་ན་ངེད་གཉིས་ཀྱི་ངོ་ཤེས་པ་ནོར་ཝེར་ཡོད་པའི་བུ་མོ་དེར་སྒོར་མོ་ཕྲན་བུའི་ཏོགས་རམ་གནང་ཐུབ་པ་ཡིན་ན་ཏན་ཏན་མོའི་མི་ཚེ་ལ་འགྱུར་བ་འཐེབ་སྲིད།