རེབ་ཐོག་མདའ།
ལོ་གཅིག་སར་དུས་ལོ་ན་ཇེ་ཆེ་རེད།།
གླུ་གཅིག་ལེན་དུས་སྣང་བ་སྐྱིད་པོ་རེད།།
གྲོགས་དང་གྲོགས་མོ་མཉམ་འཛོམས་དགོད་སྒྲའི་ཁྲོད།།
འཆར་ཉེའི་ལོ་གསར་བདག་གིས་སར་དགོས་སམ།།
ཕ་ལོ་ལོ་ན་བདུན་ཅུར་སོན་ལ་ཉེ།།
མ་ལོའི་སྐྲ་ལོ་ཁ་དོག་དཀར་བོ་རེད།།
ནང་མི་ལྷན་འཛོམས་མེད་པའི་རི་གྲོང་ནས།།
འཆར་ཉེའི་ལོ་གསར་བདག་གིས་སར་དགོས་སམ།།
ཕར་ཁའི་བུ་མོས་གཟབ་འཆོར་སྤྲོས་དང་རུང་།།
ཚུར་ཁའི་ཁྱིམ་ནས་ཤོག་སྦག་སྦར་དང་རུང་།།
མི་རྐྱང་མྱ་ངན་མིག་ཆུའི་སྐྱོ་གདུང་ངང་།།
འཆར་ཉེའི་ལོ་གསར་བདག་གིས་སར་དགོས་སམ།།
ཟས་གཅིག་བསྒྲིགས་དུས་བཟའ་རྒྱུ་ཏག་ཏག་རེད་།།
ཆང་གཅིག་བཏུང་དུས་ཁྱོད་བཟི་ང་བཟི་རེད།།
ཤ་ཆང་སྡེར་ཁ་མཐོན་པོའི་ཉམས་དང་བཅས།།
འཆར་ཉེའི་ལོ་གསར་བདག་གིས་སར་དགོས་སམ།།
རྒྱ་གར་ཚོང་བའི་འཛུམ་གྱིས་བསུ་དང་རུང་།།
ཨ་རིའི་གྲོགས་པོས་ཁ་གཡང་བོས་དང་རུང་།།
མི་བུ་བརྒྱ་ཡི་རྣམ་ཤེས་མ་ཡལ་བར།།
འཆར་ཉེའི་ལོ་གསར་བདག་གིས་སར་དགོས་སམ།།
ཨ་ཅག་བསྟན་འཛིན་ཚོང་ཁང་གྲུ་ན་འདུར།།
ཨ་མ་སྒྲོལ་མ་ཁ་ཟས་བཟོ་ལ་བྲེལ།།
སྣ་བརྒྱའི་ཟས་རིགས་འཛོམས་པའི་ཁང་ཆུང་ནས།།
འཆར་ཉེའི་ལོ་གསར་བདག་གིས་སར་དགོས་སམ།།
གྲོགས་པོ་པད་མའི་མགྲོན་བརྡ་བཏང་དང་རུང་།།
ཕྱི་ཡིས་གྲོང་ནས་རང་དབང་བྱས་དང་རུང་།།
ང་ཡི་ཕུ་ནུའི་ཁ་ཆེམས་ཀློག་བཞིན་དུ།།
འཆར་ཉེའི་ལོ་གསར་བདག་གིས་སར་དགོས་སམ།།
ཁ་སང་མེ་ལ་འབར་བའི་གཏམ་རྒྱུད་ཅིག།།
དེ་རིང་ད་དུང་ན་ཟུག་ཡལ་མེད་པས།།
སྡུག་གི་མྱ་ངན་མགོ་བོ་མར་བཏུད་ནས།།
འཆར་ལོའི་ལོ་གསར་བདག་གིས་སར་དགོས་སམ།།
གངས་རིའི་ཁ་དོག་དམར་བོ་ཁྲག་གི་མདངས།།
རྨ་འབྲི་རྫ་གསུམ་ཁུ་སུམ་ཀློང་ནས་བཞུར།།
ཕུ་ནུ་མིང་སྲིང་སྐྱིད་སྡུག་གཅིག་འཁུར་བཞིན།།
འཆར་ཉེའི་ལོ་གསར་བདག་གི་སར་དགོས་སམ།།
སྐྱིད་སྡུག་མཉམ་མྱོང་ཁ་ནས་གླེང་བཞིན་དུ།།
ཕ་སྐད་གཙང་མ་ངག་ནས་བོར་བཞིན་དུ།།
ས་མཐའི་སྐྱོ་གར་འཐུང་བའི་ལོ་གསར་བ།།
འཆར་ཉེའི་ལོ་གསར་བདག་གིས་སར་དགོས་སམ།།
བཙན་པོའི་རྒྱུད་དུ་འཁྲུངས་པ་གཅིག་ཡིན་ན།།
རྩམ་གཟན་གདོང་དམར་བོད་པའི་རྒྱུད་ཡིན་ན།།
ཆོལ་གསུམ་བོད་མི་བློ་ཁ་གཅིག་ཡིན་ན།།
ཕྱི་ནང་གཉིས་ཀའི་ལོ་གསར་མ་གཏོང་རོགས།།
༢༠༡༣ ཟླ ༡ ཚེས ༥་ཉིན་ལོ་གསར་ལ་སྔོན་བརྡ་ཞིག་གི་ཆེད་དུ་གངས་རིའི་ཕུ་ནུ་དག་ལ་གསལ་འདེབས་ཞུས་པ་ཡིན།
ང་ཡང་ལོ་གསར་མེད། སེམས་པ་ལྕི་ཏིག་ཏིག་འདི་ཁུར་ནས་ལོ་གསར་ཇི་ལྟར་གཏོང་། ཁ་ནས་བཀྲ་ཤིས་བདེ་ལེགས་ཇི་ལྟར་འབོད། ད་དུང་ཆང་ཕོར་ཞིག་བཟུང་ནས་གླུ་ཞིག་ཨེ།
སྡུག་གི་ཁུར་རོ་མཉམ་འཁུར།། སྐྱིད་ཀི་རྟ་བོ་མཉམ་ཞོན།
སྐྱིད་དུས་མགོ་འཕང་མ་མཐོ།། སྡུག་དུས་མགོ་འཕང་མ་དམའ།།
ལོ་གསར་གཏོང་ཐབས་བྲལ་བ་རེད། མ་གཞི་ང་བོད་ནང་སྡོད་དུས་ཀུན་གཟིགས་པཎ་ཆེན་བཀའ་དྲིན་ཅན་དེ་སྐུ་གཤེགས་པ་ནས་བཟུང་། སེམས་ནང་ལོ་གསར་ཟེར་བ་དེར་དམིགས་བསལ་གོ་དོན་མེད་པ་དང་། རང་ཉིད་དང་འབྲེལ་བ་མེད་པ་ཞིག་ཆགས་སོང་།
ལོ་གསར་ལ།
ཕྱི་ཡི་སྤྲོ་སྐྱིད་མེད་ཀྱང་། ནང་ལ་རྟེན་འབྲེལ་གྱིས།
ལུས་པོ་རྙིང་པའི་ནང་ལ། སེམས་པ་གསར་པ་ཆུགས།
གོས་གསར་ཞིམ་མངར་མེད་ཀྱང་། ཕྱག་དང་མཆོད་པ་གྱིས།
ལོ་རྙིང་སེམས་ལ་བཞག་ནས། ལོ་གསར་པར་དེ་ལྷག་གྱིས།
སར་ལ་ཉེ་བའི་ལྕགས་སྦྲུལ་གནམ་ལོ་སྡུག་གི་ལོ་ཞིག་མིན་པར་ཤོག །
ཚེས་ལ་ཉེ་ལ་བའི་བོད་ལོ་གསར་བ་རྒྱལ་ཁའི་ལོ་ཞིག་ཡིན་པར་ཤོག །
སྐར་ཚེས་བཟང་བའི་བོད་ལོ་གསར་བར་གཞིས་བྱིས་མཉམ་དུ་འཛོམས་པར་ཤོག །
སྲོལ་ལུགས་ཤིས་པའི་སྒོ་འཕར་ཕྱེས་ན་རྟག་དང་རྟེན་འབྲེལ་བཟང་བར་ཤོག །
ད་ལོ་བོད་ཕྱི་ནང་གཉིས་ནས་ལོ་གསར་ཞེས་པ་ཞིག་གི་རྣམ་པ་ཙམ་མི་སྟོན་པའི་རེ་བ་དང་ཡིད་ཆེས་ཡོད། དེ་འདྲའི་ལས་འགུལ་ཞིག་སྟེ་བདེན་པའི་ཨུ་ཚུགས་ཀྱི་ཆ་ཤས་རླབས་ཆེན་ཞིག་ཆགས་ངེས།