ཚེ་རིང་གི་བུ།
གོ་གྲངས་ལོར། ངོས་རང་བཙན་བྱོལ་དུ་ཡོང་བ་ཡིན། དེ་མ་ཐག་༸རྒྱལ་བ་རིན་པོ་ཆེར་མཇལ་ཞིང་། ༸རྒྱལ་བ་རིན་པོ་ཆེའི་གསུང་སྐད་ཐོས་པར་གྱུར། འདི་ནི་ཚེ་ཚེ་རབས་རབས་སུ་བསགས་པའི་ལས་སྨོན་གྱི་སྟོབས་ལོས་ཡིན། ཉིན་མོ་དེ་ནས་བཟུང་ངས་༸རྒྱལ་བ་རིན་པོ་ཆེའི་ཞལ་ཡང་ཡང་མཇལ་ཞིང་། གསུང་གི་བདུད་རྩིར་ལྕེ་ལྡག་ལན་མང་བྱས་རྗེས། གཞི་ནས་ངོས་རང་འཚར་ལོངས་བྱུང་། འགྱེལ་ས་ནས་ལངས་ཐུབ་པར་གྱུར། འདི་ནི་༸རྒྱལ་བ་རིན་པོ་ཆེའི་སྐུ་དྲིན་ཡིན། རྩ་བའི་བླ་མའི་སྐུ་ཚད་ཁྲི་ལོར་བརྟན་པར་ཤོག
ཡིན་ན་ཡང་། ཁ་སང་དེ་རིང་ངས་༸རྒྱལ་བ་རིན་པོ་ཆེར་མཇལ་ཁ་ཐོག་མར་ཞུས་པའི་ཉིན་མོ་དེར་དྲན་གསོ་གཏོང་བཞིན་ཡོད། ཉིན་མོ་དེ་ནི་དབྱར་དཀྱིལ་ཞིག་ཡིན། ༸རྒྱལ་བ་རིན་པོ་ཆེས་བསིལ་ལྷམ་ཞིག་བཞེས་ཏེ། ཞལ་འཛུམ་ལྷང་ལྷང་གིས་མི་མང་གི་དཀྱིལ་དུ་ཡར་གཟིགས་མར་གཟུགས་ཀྱིས་ བཞུགས་ཁྲིར་བཞུགས་ཤིང་། དེ་ནས་བཀའ་སློབ་རིང་པོ་ཞིག་བསྩལ་བྱུང་། ངས་དུས་ཡུན་ཐུང་ཐུང་དེའི་གོ་སྐབས་དང་བསྟུན། ༸རྒྱལ་བ་རིན་པོ་ཆེའི་ཞལ་རས་ལ་ཞིབ་མཇལ་བྱས། ཁོང་དགུང་ལོ་དྲུག་ཅུར་ཕེབས་མ་ཐག་རེད། རྒས་ཉམས་ཆེན་པོ་མེད་པའི་ཐོག དཔྲལ་བར་རྒས་གཉེར་གྱི་རི་མོ་དང་། དབུ་སྐྲ་དཀར་པོ་ཡོད་པ་མ་མཇལ། ད་དུང་ཕེབས་བཞུད་སྐབས་ཀྱི་སྐུ་སྒུར་སྒུར་གྱི་རྣམ་པ་དེ་ཡང་གསལ་པོར་མཇལ་མ་བྱུང་། འོན་ཀྱང་། ཉིན་གྲངས་ཁ་ཤས་ཀྱི་སྔོན་ཏུ། ངས་སླར་ཡང་༸རྒྱལ་བ་རིན་པོ་ཆེ་བརྙན་འཕྲིན་ཞིག་ལས་མཇལ། ཐོག་མར་མོ་ཊ་ཞིག་ལས་མར་འབབ་པ་མཇལ། མོ་ཊ་ལས་འབབ་དུས། མི་ཞིག་གིས་གཡས་ནས་སྐྱོར་དགོས་པ་དང་། གཡོན་ནས་སྐྱོར་དགོས་པར་མཇལ། ཁོང་གི་དབུ་སྐྲ་དཀར་པོར་གྱུར། རྒས་པའི་གཉེར་མ་ཆགས་པར་མཇལ། ལྷག་པར་དུ། སྐུ་སྒུར་སྒུར་གྱི་རྣམ་པ་སོགས་ལ་མཇལ་དུས། གཞི་ནས་ངའི་སེམས་ལ་ད་ནི་ངའི་རྩ་བའི་བླ་མ་རྒས་ཡོད་པ་ཚོར། སེམས་པ་ནི་གྲང་ཤུར་ཤུར་རེད། འགྲོ་དྲུག་ཀུན་མཁྱེན་ས་ལམ་མ་བཀོད་དེ་སྲིད་སྲིད་པ་མི་གཏོང་བར་བདེན་ནའང་། ང་ལ་སྐྲག་སྣང་ཞིག་སླེབས་ཀྱི་འདུག
དེ་བཞིན། ང་ལ་སྐྲག་སྣང་གཞན་པ་ཞིག་ཡོད། ངོས་རང་ཕ་ཡུལ་ལ་ཁ་གྱེས་དུས། ངའི་དྲིན་ཆེན་ཨ་མ་མོ་ལོ་བཞི་བཅུར་བུད་མ་ཐག་ཡིན། བུ་དང་བུ་མོ་ལྔ་གཉོར་ནས་ལག་མགོར་སེར་ག་གས་ཡོད་རུང་། ཐོད་པ་ན་གཉེར་མ་ཙམ་ཡང་མེད། འགྲམ་པ་ན་ད་དུང་དམར་ཤ་ཡོད། གོས་ཡག་རེ་གྱོན་དུས། ངའི་ཨ་མ་ནི་བཅུ་དྲུག་ལང་ཚོས་སྙེམས་པའི་གཞོན་ནུ་མ་ཞིག་དང་ཨ་ན་མ་ན་ཡིན། ངས་རང་གི་ཨ་མར་བསྟོད་པ་བྱས་པ་མིན། གང་ལྟར། ཨ་མ་དང་ཁ་བྲལ་ནས་མི་ལོ་བཅུ་བཞི་འགོར་སོང་། མི་ལོ་བཞི་བཅུའི་གྲངས་ཀ་འདི་ཉུང་ཉུང་ཞིག་མིན་ནའང་། ད་ནི་ཡུན་རིང་རེ་སྒུག་བྱས་པའི་ཨ་མ་དྲིན་ཆེན་མར་ཐུག་པར་ཉིན་གྲངས་བཞི་ལས་མེད་སྟབས། སེམས་ཀྱི་གཏིང་ཞིག་ལ་ཚོར་བ་ཁྱད་པར་བ་ཞིག་སིམ་འཛུལ་བྱེད་པ་དང་མཉམ་དུ། ངའི་སེམས་ལ་བུ་ཆུང་ཐུག་པར་དྲན་པའི་སྐོམ་པ་ལངས་པའི་ཨ་མ་ནི་ཇི་ལྟ་བུ་ཞིག་ཏུ་གྱུར་ཡོད་དམ། མོའི་འགྲམ་པའི་དམར་མདངས་དང་། ལག་མགོའི་སེར་ག་དེ་དག་ད་དུང་ཡོད་དམ། གཅིག་ཐང་ན། མོའི་སྐྲ་ལོ་དཀར་པོར་གྱུར་། ཁ་ནང་གི་སོ་ལྷུང་། ཐོད་པར་གཉེར་མ་བབས། རྐེད་པ་ཐུར་དུ་སྒུར་བ་ལ་སོགས་ཀྱིས་མཚོན་པའི་ཚོད་དཔག་གི་སྣང་བརྙན་མང་པོ་ཞིག་སེམས་ལ་བརྡོལ་འོངས་དུས། ང་ལ་སྐྲག་སྣང་ཞིག་དང་ཞེད་སྣང་ཞིག་ཡོད། ད་དུང་། ་་་ ་་་
ཁྱོད་ཕ་ཡུལ་དུ་བསྐྱོད་པའི་དུས་ཚིགས་འདི་དབྱར་གཞུང་ཞིག་ཡིན་རྒྱུ་ན་ཨ་ཤི་རེ་་ཁོ། རི་མཐོ་སར་བུད་ནས་ཀི་འདེད་མོ ཐང་ཡངས་སར་ཕྱིན་ནས་རྟ་རྒྱུག་མོ སྤང་ལ་རྒྱུག་ནས་མེ་ཏོག་འཐུ་མོ ཆུ་ལ་མཆོངས་ནས་དམར་ཁྲུས་བྱེད་མོ
ཨ་རོ་ཚེ་རིང་གི་བུ། དམྱལ་བ་བོ། སེམས་ཆུང་བྱོས་གོ ཁ་ཎ་དྲ་ཡིན་པའི་བོད་པ་གཉིས་ཕ་ཡུལ་དུ་གཉེན་འཕྲད་ལ་འགྲོ་སྐབས་པེ་ཅིན་གནམ་ཐང་ནས་ཕ་ཡུལ་ལ་མ་བཏང་བར་ཕྱིར་སློག་བྱས་ཚུལ་གོ་རྒྱུ་འདུག ཁ་སང་དེ་རིང་རྒྱ་རྒན་འདི་ཡ་ཚང་གི་ཅི་ཞིག་དྲན་གྱི་ཡོད་པ་མི་ཤེས་གི ད་དུང་དབྱིན་ཇི་ནས་བོད་པ་ཞིག་ཀྱང་ཕྱིར་སློག་བྱས་ཚུལ་འདུག་ག
མདང་དགོང་། ངོས་རང་ཕ་ཡུལ་ནས་ཕྱིར་ཐོན་མ་ཐག་ཙམ་ཡིན། ད་ནི་ངས་ཕ་ཡུལ་གྱི་ཟླ་ངོ་གཅིག་རིང་གི་འགྲུལ་བཞུད་ལ་བསམ་བློ་གཏོང་བཞིན་ཡོད། དེ་རིང་དེ་ཙམ་ཞུ། བཀྲ་ཤིས་བདེ་ལེགས།