སེར་ཤུལ་རིན་ཆེན་དོན་གྲུབ།
ང་ལ་སྤོབས་པ་ཞིག་ཡོད།
སྤོབས་པ་དེ། རྣོ་ལྕགས་ལྟར་མཁྲེགས་པོ་ཞིག་མིན། རི་རྒྱལ་ལྟར་བརྗིད་པོ་ཞིག་མིན། གསེར་དངུལ་ལྟར་རིན་བྲལ་ཞིག་དེ་ལས་ཀྱང་མིན།
ང་ལ་སྤོབས་པ་ཞིག་ཡོད།
སྤོབས་པ་དེ། འོད་དཀར་ཞིག མཛེས་ལམ་ཞིག ཡང་ན་གཟི་བརྗིད་དང་བྱས་རྗེས་ཀྱིས་བསྐྲུན་པའི་ང་རྒྱལ་ལམ་སྤོབས་པ་ཞིག་ཀྱང་གཏན་ནས་མིན།
ང་ལ་སྤོབས་པ་ཞིག་ཡོད།
སྤོབས་པ་དེ། སྟོང་འདང་ཞིག འཁྲུལ་སྣང་ཞིག ལོག་ཚོར་ཞིག ཐོལ་བྱུང་གི་ཚོར་བ་དང་རྨི་ལམ་ཙམ་ཞིག་དེ་ལས་ཀྱང་མིན།
ང་ལ་སྤོབས་པ་ཞིག་ཡོད།
སྤོབས་པ་དེ། ཞེན་ཁོག་ཅིག ཕྱོགས་རིས་ཤིག འཐེན་འཁྱེར་ཞིག ཐམས་ཅད་མིན། ཡོད་ཚད་མིན།
ང་ལ་སྤོབས་པ་ཞིག་ཡོད།
སྤོབས་པ་དེ། མི་རིགས་ཤིག དབུ་འཁྲིད་ཅིག རིག་གཞུང་ཞིག གོམས་གཤིས་ཤིག ལེགས་བྱང་ཞིག དེ་དག་ལས་མཆེད་པའི་ཡ་རབས་ཀྱི་གཤིས་སྤྱོད་དང་བྱམས་བརྩེའི་བླ་སྲོག འདི་དག་ཐམས་ཅད་ཡིན། ཡོད་ཚད་ཡིན།
ང་ལ་སྤོབས་པ་ཞིག་ཡོད།
སྤོབས་པ་དེ། མཁྲེགས་པོ་ཞིག་མིན་ཡང་། འཛམ་གླིང་མ་མཐོང་བའི་ལྗང་ཁུ་ཚོའི་ལམ་སྟོན་འགོག་ཐུབ། རང་ངོ་མི་ཤེས་པའི་གསར་མཆོངས་པ་དག་གི་སྨྱོ་ཧམ་སྲུང་ཐུབ། གངས་ཅན་པ་དངོས་མ་ཞིག ཤེས་རབ་པ་དག་མ་ཞིག རིགས་ཞེན་པ་ལྷད་མེད་ཅིག
དུས་གཏན་དུ་ཡིན།
ང་ལ་སྤོབས་པ་ཞིག་ཡོད།
རང་ངོ་ཤེས། རང་རིགས་ཤེས། ཡང་དག་པའི་དབུ་འཁྲིད་ཀྱི་གཤིས་སྤྱོད་ཤེས། ཡང་དག་པའི་རིག་གཞུང་གི་དགེ་མཚན་ཤེས། ང་ལ་ཡོད་པ་ནི་སྤོབས་པ་འདི་ཁོ་ན་ཡིན།
༢༠༡༣/༧/༣༠/ ལ།