གླིང་ཚ་ཚེ་བརྟན་རྡོ་རྗེ།
དེང་སྐབས་བོད་རིགས་སྤུན་ཟླ་ཆེས་མི་ཉུང་བ་ཞིང་གིས་ངའི་འགྲོ་འདུག་ལ་སེམས་ཁུར་ཚད་མེད་གནང་བཞིན་པའི་སྐབས་ཤིག་རེད། ཐོག་མར་ངས་དེ་དག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། རྒྱུ་མཚན་ནི་། བོད་མི་རིགས་ཀྱི་བདེ་སྡུག་གི་སེམས་ཁུར་དེ་ད་ལྟ་ཤི་མེད་པས་ང་རང་དགའ་བས་ཡིན།
ད་ལྟ་ནི་ང་རང་གི་བཟའ་བཏུང་གི་ཕྱོགས་སུ་དཀའ་ངལ་གཏན་བྲལ་དུ་སོང་ཡོད། བལ་ཡུལ་གནས་གཞུགས་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་གི་རོགས་སྐྱོར་གྱིས་འཚོས་ཡོད།
ང་རང་གི་གནས་སྟངས་ངོ་མ་དེ་ནི་གང་འདྲ་ཞིག་ལ་འགྱུར་མིན་ནི་ད་ལྟའི་ཆར་སུས་ཀྱང་ཁ་མཚོན་ཆོད་པ་ཞིག་ཆགས་མེད་ཀྱང་། མི་འགྱངས་པར་གང་དུ་བསྐྱལ་ས་དེ་ནས་མུ་མཐུད་དུ་ང་རང་མ་ཤི་བར་དུ་ངའི་ཞི་བའི་འཐབ་རྩོད། བོད་མི་སྤྱིར་བཏང་བ་ཞིག་གི་རང་གི་མི་རིགས་ཀྱི་བདེ་སྡུག་ཆེད་དུ་ཕུལ་བའི་ལུས་ངག་ཡིད་གསུམ་གྱི་དམ་བཅའ་དེ་ལ་འཆི་བ་ལས་གཞན་གང་གིས་ཀྱང་འགྱུར་བ་ཞིག་གཏན་བྲལ་ཡིན། གལ་སྲིད་ཉི་མ་གཞན་ཞིག་ཡོད་པས་དབང་དུ་བཏང་ན་དེ་ནི་བོད་ལ་ཞི་བདེ་དང་རང་དབང་ཐོབ་ནས། ༧གོང་ས་མཆོག་རང་གི་ཕ་ཡུལ་དུ་ཕེབས་ཉིན་ཡིན།
བཀག་སྐྱེལ་ཁང་ནས་ཨ་རི་བ་ཞིག་གི་གློག་ཀླད་གཡར་ནས་བོད་རིགས་ཕྱི་ནང་གི་སྤུན་ཟླ་ཡོངས་ལ་བྲིས། གླིང་ཚ་ཚེ་བརྟན་རྡོ་རྗོ་ནས།༢༥།༥།༡༢
སྙིང་སྟོབས་དང་ལ་རྒྱའི་དབུ་འཕང་དགོང་ལ་བཏེགས་ཤིང་། དཀའ་སྡུག་གི་ལོ་ཟླའི་འཁོར་བསྐྱོད་ཁྲོད་ནས་ཀྱག་ཀྱོག་གི་འགག་འཁྲང་དུ་མ་ནས་མ་བུ་ཁ་བྲལ་དུ་སོང་ཡང་། བདེན་དོན་དུ་མདུན་ནས་མདུན་དུ་བསྐྱོད་པ་ནི་དགའ་འོས་པ་ཞིག་དང་བསྔགས་བརྗོད་ཀྱི་མེ་ཏོག་གི་ཕྲེང་བ་ཞིག་གིས་ཁྱེད་ལ་བསྐྱེལ་བསུ་ཞུ།
བཀྲིན་ཆེ། ཁྱེད་ནམ་ཡང་ང་ཚོའི་གཟི་བརྗིད་ཡིན་ལ། ང་ཚོས་ནམ་ཡང་ཁྱེད་ལ་གདུངས་སེམས་མཉམ་བསྐྱེད་ཡོད། དུང་ལྟར་དཀར་པའི་ལྷགས་བསམ་དེ་ལ་འོད་སྟོང་འབར་བའི་འབྲས་བཟང་ཤར་བར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། གངས་རིའི་གཱན་རྡི་མཆོག་ཐབས་མཁས་གནང་རོགས། ང་ཚོའི་ལས་འགུལ་རྒྱལ་གྱུར་ཅིག ཆོད་གསུམ་སྤུན་ཟླ་ཡོངས་ཀྱིས་ཁྱེད་བསྲུང་གྱུར་ཅིག
བུ་རྒོད་ཁྱོད་རྒྱལ་ལོ།།
ཞི་བའི་འཐབ་རྩོད་པ་གླིང་ཚ་ལགས། ཉིན་ལྟར་ཁྱོད་ཀྱི་གནས་ཚུལ་ཁ་པར་གྱི་བརྒྱུད་ལམ་ནས་གོ་བཞིན་ཡོད་པས་ཁྱེད་དང་ཁྱེད་ཀྱི་བཙོན་གྲོགས་རྣམས་ཀྱི་སྐུ་གཟུགས་ལ་འཕྲོད་བཞེས་གང་ཐུབ་གནང་རྒྱུ་ནི་ཧ་ཅང་གི་གལ་ཆེ་བའི་རེ་སྐུལ་ཞུ།
སྐུ་ཉིད་ཀྱི་ལོ་རྒྱུས་ཤིག་དགོས་མཁོ་ཆེ་བ་དང་། ཡར་མར་མང་པོ་ཞིག་ལ་བརྩད་གཅོག་བྱས་མཐར་ལྷ་མོ་སྐྱིད་ཀྱི་གློག་ཀླད་ནང་ཀླུ་འབུམ་བཀྲ་ཤིས་ནས་བྲིས་ཡོད་ཚུལ་འདུག་མོད། ད་ལྟ་དེའང་མ་རེག་པ་ལགས་ན་གལ་སྲིད་སྐུ་ཉིད་ནས་དྲ་རྒྱ་གཟིགས་ཐུབ་ཀྱིན་ཡོད་པ་དང་། ཡི་གེ་འབྲི་ཐུབ་ཀྱིན་ཡོད་ཚེ་སྐུ་ཉིད་ཀྱི་ལོ་རྒྱུས་གང་ཐུབ་ཅིག་ངའི་གློག་འཕྲིན་འདི་སྟེང་གང་མགྱོགས་བསྐུར་རོགས་ཐུགས་རྗེ་ཆེ།
གློག་འཕྲིན་ཁ་བྱང་། mogrut@yahoo.com
ཁྱེད་ཀྱི་སྙིང་སྟོབས་དེས་བདེན་དོན་དེ་རྒྱལ་གྱུར་ཅིག
ཁྱེད་ཀྱི་ལྷག་བསམ་དེས་དམིགས་དོན་ཕན་ལ་པར་ཤོག
ཁྱེད་ཀྱི་འཐབ་རྩོད་དེས་དོན་འབྲས་དེ་རྒྱས་པར་ཤོག
ཁྱོད་ཀྱི་ཆོད་སེམས་དེས་ཐམས་ཅད་ལས་རྒྱལ་གྱུར་ཅིག
ཧོར་མཐའ་དཀར་བས།
ཐོག་མར་ཉིད་ཀྱི་སྙིང་སྟོབས་དང་ལག་ལེན་ལ་གུས་འདུད་ཡོད།
ད་ལྟའི་གནས་སྟངས་ཀྱི་ཆ་ནས་བལྟ་སྐབས། ཉིད་ཀྱིས་གྲ་སྒྲིག་གཉིས་བྱེད་འོས་སུ་མཐོང་གི་འདུག
གཅིག བལ་ཡུལ་དུ་སྡོད་པའི་རིང་དུ་ཤོག་སྨྱུག་གི་དཀའ་ཁག་ཕལ་ཆེར་འབྱུང་མི་སྲིད་པས། གང་མགྱོགས་ཀྱིས་ལས་འགུལ་འགོ་འཛུགས་ནས་ད་ལྟའི་བར་གྱི་ལོ་རྒྱུས་ཞིབ་ཕྲ་ཞིག་ཡིག་ཐོག་ཏུ་ཕབ་གལ་ཆེ་ཞིང་། དེའང་ལེའུ་དབྱེ་ནས་འབྲི་བ་དང་ལེའུ་རེ་རེ་གྲུབ་མཚམས་ཕྱི་ལོགས་སུ་སྤྲད་ནས་ཉར་ཚགས་བྱེད་འོས།
གཉིས། བལ་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱེད་མི་སྲིད་པའང་མིན་པས། སྐབས་དེར་རྒྱ་ནག་གཞུང་ལ་དམིགས་པའི་ཐབས་ལམ་ཞིག་ཀྱང་དགོས་ཀྱི་ཡོད་པ་རེད། སྤྱིར་རྒྱ་གཞུང་གི་ཡིག་ཐོག་གི་ཁྲིམས་ནི་གནས་སྟངས་ལ་དཔག་པའི་ལེ་ཁག་བྱེད་ས་མེད་པ་ཞིག་ཡིན་ནའང་། དོན་ལ་ངག་ཐོག་གི་ཁྲིམས་ཤིག་ལག་ལེན་ཁྲོད་འདེབས་ཀྱིན་པ་དེ་ཕྱི་མིའི་མཐོང་ཐུབ་ཀྱི་ཡོད་པ་མ་རེད། གང་ལྟར་ཡང་རབ་བྱུང་ན་རྒྱ་ནག་གི་ཁྲིམས་ལུགས་ལའང་དོ་སྣང་ཆེ་ཙམ་ཡོང་ཐབས་བྱེད་གལ་ཆེ་ཞིང་། ཉུང་མཐར་རྗེས་མ་འདྲི་གཅོད་པར་རྩོད་པ་བྱེད་སྐབས་རང་སྲུང་གི་ལག་ཆ་གལ་ཆེན་ཞིག་ཏུ་འགྱུར་མི་སྲིད་པའང་མིན།
དེ་ཙམ་མ་གཏོགས་ཞུ་ཡ་མེད། ཐུགས་རྗེ་ཆེ།
སྐབས་རེ་བོད་མིའི་སེམས་ཁམས་འདི་ཧ་ཅང་གི་སྙི་མོ་ཞིག་རེད། གླིང་ཚའི་མ་རྒན་དང་གཅུང་མོ་གཉིས་ཀྱི་སེམས་ཕྱོགས་དང་སྐད་ངག་འདར་བའི་བརྒྱུད་རིམ་ཁྲོད་མིག་ཆུ་བཞུར་མཁན་ང་གཅིག་པོ་མ་རེད། བོད་ཀྱི་རིག་གཞུང་འབྲེལ་བའི་འདོད་ཚུལ་ཞིག་སྟེ། མིའི་སེམས་ཁམས་འདི་ཕར་ཕྱོགས་ཀྱི་དཀའ་སྡུག་དང་མནར་གཅོད། སྒེག་བར་ཆད་གང་ཐད་ལ་གདུང་སེམས་མཉམ་བསྐྱེད་དེ་མི་ཐུབ་མཁན་ཞིག་གམ། སྲ་མཁྲེགས་ཅན་གྱི་སེམས་གཤིས་ལྟར་ན་སྙིང་རྗེ་བསྐྱེད་པའི་དགེ་མཚན་ལྟར་བྱང་སེམས་དེ་མངོན་འགྱུར་བྱེད་སྟངས་ཞིག་མེད་ཚོད་རེད། རང་ཉིད་ལ་ཚང་རྩིས་རེ་རྒྱབ་ན་ངའི་མིག་ཆུ་འདིའི་འབྱུང་ཡུལ་གང་དང་ཅིའི་ཕྱིར་དུ་བཞུར་ཡོད་མེད་དྲི་བ་ཞིག་ལས་ཅི་ཡང་མ་རེད། འདི་ལྟར་བསམ་ན་ང་རང་ཉིད་དང་མཚུངས་བའི་བོད་མི་དག་མི་གཤིས་གཡའ་སླ་མཁན་དག་ཡིན་པ་ལས། དོན་དངོས་ནས་གདུང་སེམས་མཉམ་བསྐྱེད་ཐུབ་མཁན་དག་མ་རེད།
བློ་ལ་འདི་ལྟར་འཆར་ཡོང་དུས་བོད་མི་མང་གི་དད་པ་དང་དག་སྣང་གི་མོས་བ་ཐ་དག་སྲ་གཟུགས་ཅན་གྱི་སེམས་གཤིས་ལས་གྲུབ་པ་མ་ཡིན་སྟབས། ནེའུ་སིང་ན་བཞད་པའི་མེ་ཏོག་ཅི་བཞིན་དུས་ཡུན་སྲིང་ནས་ལྷམ་མེར་བཀྲ་བའི་སྐལ་བ་ཞིག་ནམ་ཡང་ཡོད་མ་མཆིས། དེ་ལྟ་ན་བོད་མི་རིགས་ཀྱི་སེམས་གཤིས་འདི་རང་ཉིད་ཀྱི་རིག་གཞུང་ལས་ལོག་སུ་བུད་ནས་གནས་སྟངས་ལ་བབ་པའི་སྲ་མཁྲེགས་ཅན་གྱི་གཤིས་སྤྱོད་ལ་བསྒྱུར་ཐུབ་ན་ཅི་མ་རུང་། སེམས་ཅན་ཀུན་དང་འཇིག་རྟེན་ཧྲིལ་བོ་བསམ་པ་ལ་སྲ་མཁྲེགས་ཅན་གྱི་སེམས་གཤིས་དེ་མི་མཁོ་བ་ཅི་བཞིན། རང་ཉིད་བོད་མི་རིགས་ཀྱི་དོན་དུ་ཡང་ཤི་ན་མཉམ་ཤུ་བྱེད་རྒྱུ་ལས་ཡར་མར་དགུ་བསྟུན་གྱི་སྣང་བ་དེ་དོར་དགོས་བ་མ་ཡིན་ནམ། དེ་སྔོན་བོད་གངས་ཅན་པས་མཐའ་བཞིའི་མངའ་ཐང་དབང་དུ་བསྡུ་དུས། བཙན་པོ་དང་བློན་ཆེན་བར། རུ་དམག་ནས་རུ་དམག་བར། ཕ་དང་བུའི་བར་མནའ་བཞག་ནས་དགྲ་ལ་འཐབ་པའི་སྲ་མཁྲེགས་ཅན་གྱི་མི་གཤིས་དེ་བསྐྲུན་པའི་མཇུག་འབྲས་ལ། མཐའ་བཞི་དབང་དུ་བསྡུས་བའོ།
གླིང་ཚ་ཚེ་བརྟན་རྡོ་རྗེ་དཔའ་བོ་ཁེར་རྒྱུག་གི་རྣམ་པ་འདིས་ཁོ་བོ་ཤི་ལོག་ཐེངས་གཅིག་ཐེབས་པའི་སྣང་བ་བསྐྱེད་སོང་ལ། དེ་ཡང་བོད་གངས་ཅན་པའི་འདས་བའི་ལོ་རྒྱུས་ཁྲོད་ཀྱི་དཔུང་རྒོད་ཁེར་ངོམ་དང་རྟ་རྒོད་ཁེར་རྒྱུགས་བྱེད་མི་དག་དང་འདྲ་བ་ན། ཁོ་བོའི་གཟུགས་གཞི་ཡོངས་སུ་སྤིད་ནས་ཚོད་ཚོད་ལ་ཞེ་སྣང་ཞིག་སྐྱེས་སོང་། བོད་གངས་ཅན་པས་བློས་གཏིང་ཐག་ཆོད་རེ་སོང་བའི་ཉིན་མོ་དེ་ལ། ཀི་ཀི་བསོ་བསོའི་ང་རོ་བརྒྱུད་འཛིན་མཁན། གོ་ལ་ཟླུམ་པོ་འདིའི་སྒང་ན་བོད་མི་གཅིག་པོ་ལས་ད་སྔ་བདག་གིས་གོ་ཐོས་མ་བྱུང་། ང་རོ་འདི་གཅིག་སྒྲིལ་ཞིག་རེད། སྟོབས་ཤུགས་ཞིག་ཡིན། མིག་རིག་རིག་བྱས་ནས་བལྟ་ཤེས་དང་རྣ་བ་ཅོོར་ཅོར་བྱས་ནས་ཉན་ཤེས། བསམ་གཞིགས་སྣ་དགུ་བྱས་ནས་བཟོད་སྒོམ་གྱིས་ཕྱིར་ནུར་བྱེད་པ་ནི། དོན་གྱི་སྡར་མ་རེད། དོན་གྱི་ཕ་མེས་ཡང་མེས་ཀྱི་གཤིས་སྤྱོད་དང་རིག་གཞུང་ལ་རྒྱལ་འགལ་བྱེད་མཁན་དག་རེད།
བུ་ཡི་ནང་གི་བུ་ རྒོད་པོའི་ནང་གི་རྒོད་པོ་ ཨ་མའི་བུ་ཟེར་ན་ཁྱོད་རེད
ཡ། གླིང་ཚ་ཚེ་བརྟན་ལགས། ཁྱེད་ཀྱིས་བཙན་འོག་ནས་ངེད་ཅག་འཐབ་གྲོགས་ཀྱི་སྤུན་ཟླ་རྣམས་ལ་འཕྲིན་ཐུང་འདི་འདྲ་ཞིག་གི་རོ་བྲོ་མྱོང་རྒྱུ་ཡོད་པ་ནི་རྒྱལ་གཅེས་ལ་རྒྱ་གྱི་སེམས་ཤུགས་སྤེལ་བའི་ཆ་འཕྲིན་ངོ་མ་དེ་རེད།
ཁྱེད་ནི་ངེད་ཅག་གངས་ཅན་པ་ཡོངས་ཀྱི་ངོ་ཚབ་ཡིན་ལ་མིག་དཔེ་ཡག་ཤོས་དེ་རེད་ཅེས་བརྗོད་ཆོག
གངས་ཅན་པའི་ཕོ་རྒོད་མ་ཧཱ་གན་དྷེ་གླིང་ཚ་ལགས།
ཁྱེད་ཀྱི་གནས་སྟངས་དེ་རིང་དྲ་ཐོག་ཏུ་མཐོང་བ་ཧ་ཅང་ནས་དགའ་བོ་བྱུང་། འདས་པའི་གངས་ཅན་པའི་ཡུར་གྱར་བ་རྣམས་ཀྱི་མི་ལོ་བཅུ་ཕྲག་བཞི་ལྷག་རིང་གཞུང་སྒེར་མང་པོའི་ཆེ་ས་ནས་གཅེས་པའི་སྐུ་ལུས་མེར་བསྲེགས་ལྷབ་ལྷབ་ཏུ་གཏང་ཞིང་། ཆུང་ས་ནས་ཞི་བའི་སྐད་འབོད་ཙིར་ཙིར་བྱས་པ་སོགས་ལོ་རྒྱུས་ཀྱི་སྐྱོ་གདུང་དང་འབྲེལ་བའི་འཐབ་རྩོད་འདི་ཡིན་ནང་ནས་ད་ལོར་ཕོ་རྒོད་ཁྱེད་ཀྱི་ཆོད་སེམས་བརྟན་པོའི་ཁྱེད་མ་བུ་གསུམ་གྱི་ལག་གདངས་སྦྲེལ་ནས་ཤི་གསོན་མཉམ་དུ་ཡིན་ཞེས་འགྱུར་མེད་ཀྱི་དམ་བཅའ་བརྟན་པོའི་རྒྱབ་ཏུ་ཁྲེས་པོ་ཁུར་ལག་ཏུ་རྒྱལ་དར་རྣམས་བཟུང་ནས་གཤིན་རྗེའི་འཕྲང་ལམ་ནས་དོགས་པའི་རྒྱལ་མཚམས་རྣམས་ཆུ་གླང་གིས་མཚོ་དར་གཤགས་པ་བཞིན་དུ་རྒལ་ནས་ཞི་བའི་གོམས་བགྲོད་འདིས་ངོས་ཀྱི་སེམས་ནང་དུ་ནམ་ཡང་འགྱུར་བ་མེད་པར་སྙིང་སྟོབས་འཕར་མ་ཞིག་སྤྲད་བྱུང་། ཁྱེད་ནི་གངས་ཅན་པའི་ཕོ་རྒོད་ཡིན་ལ། ཁྱེད་ནི་ངོས་ཀྱི་ནམ་ཡང་འགྱུར་བ་མེད་པའི་རྒྱལ་གཅེས་པའི་འཐབ་གྲོགས་ཞིག་ཀྱང་ཡིན། ཉིན་མ་རེ་བཞིན་ཁྱེད་ཀྱི་གནས་ཚུལ་བདེ་སྡུག་སོགས་ལ་རྒྱངས་ལྟ་བྱེད་བཞིན་ཡོད་པས་གོ་སྐབས་ནམ་བྱུང་ལ་ཕོ་རྒོད་ཁྱེད་ཀྱི་གནས་ཚུལ་གང་བྱུང་རྣམས་དྲ་ཐོག་ཏུ་གཏང་རོགས།