ཟླ་བ་གྲགས་པ།
༼གངས་ཅན་ལྗོངས་ཀྱི་སྒྲུང་ཐུང་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་པའི་སྒྲུང་གཏམ།༽
ངའི་སྣང་ངོར་ལྷོ་སྤྲིན་ནག་ལིང་ངེ་དེ་ནི་སྐད་ཡིག་དགེ་རྒན་གྱིས་ཐལ་ལྕག་འཕྱར་ཏེ་ངར་ངར་བྱེད་ཀྱིན་པ་དང་འདྲ། འོན་ཀྱང་། ངས་བསམ་ཚུལ་དེ་སློབ་གྲོགས་ཚོར་མ་བཤད། ཁོ་ཚོས་ལ་ལས་གཡག་རྒན་ཞིག་དང་འདྲ་ཟེར། ཡང་ལ་ལས་རྟ་རྒོད་ཅིག་དང་མཚུངས་ཟེར། ང་ཚོ་དེ་ལྟར་སློབ་གྲྭའི་སྒོ་ཆེན་ཁར་བཙངས་ནས་ནམ་མཁའི་མཐོངས་ཀྱི་སྤྲིན་པ་ནག་ལིང་ངེ་དེ་ལ་རྣམ་ཤེས་གཡེང་ནས་སྡོད་དུས། ཇི་ལྟར་སྐད་ཡིག་དགེ་རྒན་ལྟག་རྒྱབ་ཏུ་ཐོན་པ་ཡང་མ་ཚོར། སྐད་ཡིག་དགེ་རྒན་གྱིས་གློ་བུར་དུ་འདྲེ་ཕྲུག་ཚོ། ཆར་བ་འབབ་ལ་ཉེ་བ་མི་མཐོང་ངམ། མྱུར་དུ་ཡུལ་ལ་སོང་ཞེས་ངར་བཤད་བྱས། སློབ་གྲྭའི་སྒོ་ཆེན་ཁར་རུབ་པའི་སློབ་གྲོགས་ཚོ་བྱེའུ་ཚོགས་ཀྱི་ནང་དུ་རྡོས་བརྒྱབ་པ་ལྟར་ལ་ཐོར་ལུང་ཐོར་དུ་སོང་། ང་ཡང་སྐྲག་ཐག་ཆོད་དེ་ཐག་ཚད་གཅིག་ཙམ་ལ་བྲོས་མོད། དེ་ནས་སེམས་ཅུང་ཟད་ལྷོད་ལ་བབས་ཏེ་ངང་བའི་འགྲོས་ཀྱིས་སོང་བ་ཡིན། སྐད་ཡིག་དགེ་རྒན་གྱིས་མཐོང་ཡོད་མིན་ཅི་ཆ། ང་ལ་མཚོན་ན། དེ་ནི་ཁོ་ལ་རྣམ་འགྱུར་སྟོན་སྟངས་ཡག་ཤོས་ཡིན།
ཡུལ་ལ་ལོག་པའི་ལམ་བར་དུ། ངས་རང་གི་ལོ་ཚད་དང་མི་རན་པའི་སྐྱོ་ཡུས་དང་སུན་སྣང་ཁུར་ནས་ཇི་ལྟར་ཁྱིམ་གྱི་ཉེ་སར་ཐོན་པའང་མ་ཚོར། གློ་བུར་དུ་ངའི་སྒྱིད་ཁུག་ཏུ་ཁྱི་ཞིག་མཆོངས་པས་སྐྲག་ཐག་ཆོད་པར་གྱུར། ངའི་སེམས་སུ་དེ་ནི་གྲོང་ཚོའི་ཕྱི་ནང་གང་ན་འདུར་རྒྱུག་རྒོད་པའི་ཁྱི་ལྡོམ་རྒྱ་དམར་ཡིན་སྲིད་སྙམ། དུས་སྐད་ཅིག་མ་དེར་ངའི་ལུས་ཀྱི་བ་སྤུ་ཚང་མ་ཟིང་ཟིང་པོར་གྱུར་ལ། སྒྱིད་པའི་ནང་དུ་ཞ་ཉེ་བླུགས་པ་ལྟར་གོམ་གང་ལ་ཡང་འགྲོ་མི་ཐུབ་པར་གྱུར། ཡིན་ནའང་། ལས་མཁྱེན་གནམ་མཁྱེན། དུས་སྐད་ཅིག་མ་དེའི་རྗེས་སུ་ངའི་མཐོང་ལམ་དུ་མངོན་པ་ནི་ཁྱི་ལྡོམ་རྒྱ་དམར་མིན་པར་ཨ་ཁུ་རྒྱ་རྒྱ་ཚང་གི་ཁྱི་མོ་དང་དཀར་མ་རེད།
ཨ་ཁུ་རྒྱ་རྒྱ་ཚང་ནི་ངེད་ཚང་གི་ཁྱིམ་མཚེས་ཡིན་པས། ཁྱི་མོ་དང་དཀར་མ་ནི་ང་ལ་འདྲིས་ཤིང་ལོབས་པར་གྱུར་ཡོད། ངས་ཀྱང་ཁྱི་མོ་དང་དཀར་མ་ངེད་ཚང་གི་སྒོ་ཁྱི་ལྟར་གཅེས་པ་ཡིན། དེ་བས། ནམ་རྒྱུན་ང་སློབ་གྲྭར་འགྲོ་དུས་ཁྱི་མོ་དང་དཀར་མ་མ་བུ་གསུམ་གྱིས་ངའི་རྗེས་དེད་ནས་ཡོང་ལ། སློབ་གྲོགས་ཚོས་ཀུ་རེའི་ཚུལ་དུ་དེ་ལ་ངའི་རྔ་མ་གསུམ་ཞེས་འབོད་ཀྱིན་ཡོད།
ངས་རང་གི་རྔ་མ་གསུམ་རྗེས་སུ་ཁྲིད་ནས་སློབ་གྲྭར་འགྲོ་དུས་རྟག་པར་ཡ་མཚན་ཆེན་པོ་སྐྱེ་བཞིན་ཡོད། དེ་ནི་ཁྱི་མོ་དང་དཀར་མའི་ཁྱི་ཕྲུག་རྒྱ་དམར་དེ་རེད། ཁྱི་མོ་སྤུ་ཁ་ནག་པོ་ཞིག་ལ་ཁྱི་ཕྲུག་སྤུ་ཁ་རྒྱ་དམར་ཞིག་ཇི་ལྟར་སྐྱེས་པ་ཡིན་ནམ། ངས་གཏན་ནས་འདང་མ་ཕོག ཉིན་འགའི་སྔོན་ལ་ངས་རང་ཉིད་ཀྱི་མཚར་སྣང་ཆེ་བའི་དྲི་བ་དེ་ཨ་ཁུ་རྒྱ་རྒྱར་དྲིས་པར། ཁོས་འདང་རྒྱག་ཅི་ཡང་མེད་པར་དེ་ནི་ཁྱི་ཕྲུག་གི་ཕའི་རྒྱུད་དེད་པ་ཡིན་ངེས་ཞེས་བཤད།
“འོ་ན། ཁྱི་ཕྲུག་གི་ཕ་སུ་རེད།” ངས་དོགས་པ་མ་སེལ་བར་མུ་མཐུད་དུ་དྲིས།
“དེ་ངས་ག་ལ་ཤེས” ཨ་ཁུ་རྒྱ་རྒྱས་མགོ་བོ་འཕྲེད་དུ་གཡུག་བཞིན་དེ་ལྟར་སྨྲས།
ཉིན་འགའི་སྔོན་ལ་ཨ་ཁུ་རྒྱ་རྒྱས་དེ་ལྟར་བཤད་པ་ཐོས་འཕྲལ་ངའི་སེམས་སུ་ཁྱི་ཕྲུག་རྒྱ་དམར་ཡང་རང་ཉིད་ནང་བཞིན་ཕ་སུ་ཡིན་མི་ཤེས་པའི་དྭ་ཕྲུག་ཅིག་རེད་ཨང་བསམས་ལ། ཁྱི་ཕྲུག་རྒྱ་དམར་ལ་སྔར་ལས་ལྷག་པའི་སྙིང་རྗེ་ཞིག་སྐྱེས།
ངེད་ཚང་གི་ར་སྐོར་ནང་དུ་སླེབས་པ་ན་སྣ་ལམ་དུ་ཤ་དྲི་ཞིམ་པོ་ཞིག་ཐུལ་ཡོང་། ངའི་སེམས་སུ་དྲི་མ་དེ་ནི་ཨ་ཁུ་རྒྱ་རྒྱ་ཚང་གི་ར་སྐོར་ལས་མཆེད་ཡོང་བར་འདོད་མོད། ཁྱིམ་དུ་སླེབས་པ་ན་གཞི་ནས་རང་གི་ཚོད་དཔག་འཆུག་འདུག་པ་རྟོགས། ཐབ་ཁའི་སྟེང་དུ་ཆེ་རྒྱུ་ཆུང་རྒྱུ་མེད་པའི་ཧ་ཡང་གི་བ་མ་དེ་བཞག་འདུག་ལ་ཁ་ལེབ་ཀྱི་གསེང་ནས་རླངས་པ་ཐོ་ལོ་ལོ་བྱེད། དེ་ལས་ཤ་དྲི་ཞིམ་པོ་ཞིག་མངོན་སུམ་འཛེམ་མེད་ཀྱིས་ངའི་སྣ་ལམ་དུ་ཐུལ་ཡོང་། ངའི་ཉམས་མྱོང་ལྟར་ན་ཧ་ཡང་གི་བ་མ་དེ་ནི་ཨ་མས་ཤ་བཙོ་དུས་མ་གཏོགས་ཐབ་ལ་འཇོག་མི་སྲིད།
“དོ་དགོང་མགྲོན་པོ་གལ་ཆེན་ཞིག་ཡོང་ངམ།”
ངའི་ཉམས་མྱོང་གཞན་ཞིག་ནི་ཨ་མས་མགྲོན་པོ་གལ་ཆེན་ཡོང་དུས་མ་གཏོགས་ཤ་བཙོ་མི་སྲིད་པ་དེ་རེད། དེ་བས། ངའི་སེམས་སུ་དོ་དགོང་ཨ་ཁུ་རིག་འཛིན་ནམ་ཨ་ནེ་པདྨ་ལྟ་བུའི་མགྲོན་པོ་གལ་ཆེན་ཞིག་ཡོང་སྲིད་སྙམ།
“ལས་བྱ་ཕྲིས། ལས་བྱ་ཕྲིས།”
ཨ་མས་དེ་ལྟར་བཤད་པ་ལས་ངའི་དྲི་བར་ལན་མ་བཏབ། ང་ལ་ལས་བྱ་ཡོད་དུས་མེད་དུས་ནམ་ཡིན་ཡང་ཨ་མས་ལས་བྱ་ཕྲིས་ཞེས་བཤད་ཡོང་བས། ངས་ཀྱང་རང་ལ་ལས་བྱ་ཡོད་དུས་མེད་དུས་ནམ་ཡིན་ཡང་ཨ་མའི་སྔུན་ནས་ལས་བྱ་འབྲི་བའི་བཟོ་ལྟ་བཅོས་མ་ཞིག་སྟོན་གྱིན་ཡོད། ངས་དཔེ་ཁུག་ལས་འབྲི་དེབ་དང་སྨྱུ་གུ་བླངས་ནས་ལས་བྱ་འབྲི་བའི་བཟོ་ལྟ་བསྟན་མོད། འབྲི་དེབ་སྟེང་དུ་ཡིག་འབྲུ་གཅིག་ཀྱང་འབྲི་མ་ཐུབ། དེ་རིང་གི་ལས་བྱ་ནི་སྐད་ཡིག་དགེ་རྒན་གྱིས་བསམ་གཟས་ནས་ང་ལ་དཀའ་ལས་བཟོས་པ་དང་འདྲ། ངའི་སེམས་སུ་དེ་རིང་སྔ་དྲོ་སྐད་ཡིག་དགེ་རྒན་གྱིས་རང་གི་གདོང་པར་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་པ་དྲན། དེ་ནི་ཅིས་ཀྱང་མ་ཉེས་ཁ་གཡོག་རེད་ཨང་སྙམ། དེ་ལྟར་འདོད་ཐེངས་རེར་ང་ལ་སྔར་ལས་ཀྱང་ལས་བྱ་འབྲི་བའི་སེམས་ཁམས་མེད་པར་བཟོས་འགྲོ། དོན་དུ་ང་ལ་ལས་བྱ་འབྲི་བའི་སེམས་ཁམས་ཡོད་ནའང་། དེ་རིང་གི་ལས་བྱ་ནི་ང་ལ་མཚོན་ན་ལས་སླ་མོས་འབྲི་ཐུབ་པ་ཞིག་མ་རེད། ངས་ནམ་རྒྱུན་ལྟར་ཨ་མའི་སྔུན་ནས་ལས་བྱ་འབྲི་བའི་བཟོ་ལྟ་བཅོས་མ་ཞིག་སྟོན་པ་ལས་འབྲི་རྒྱུ་ཅི་ཡང་མི་རྙེད་པའི་དུས་སུ། ནུ་བོས་ཨ་མའི་རྒྱབ་ཕྱོགས་ནས་ཁ་བརྡ་ལག་བརྡ་མང་པོ་བྱས་ཏེ་རྟ་གཡུང་བའི་རྩེད་མོ་རྩེ་ཞེས་པའི་བརྡ་གཏོང་བཞིན་འདུག ངེད་གཉིས་ཀྱི་བར་དུ་ཨ་མ་ཡོད་པས་རྟ་གཡུང་བའི་རྩེད་མོ་རྩེ་ཐབས་མེད། ངས་ཨ་མའི་ཕྱོགས་སུ་མཆུ་སྟོན་ཞིག་བྱས་ཏེ་རྩེ་མི་རུང་ཞེས་པའི་བརྡ་བསྟན།
ཡུད་ཙམ་གྱི་རྗེས་སུ། ཨ་མའི་ཁ་པར་སིང་སྒྲ་དང་བཅས་གྲགས་ཤིང་མོ་ཡང་འཚབ་འཚུབ་ངང་སྒོར་བུད། ཤུལ་དུ་ནུ་བོ་ངའི་གམ་དུ་བརྒྱུགས་ཡོང་ནས་རྟ་གཡུང་བའི་རྩེད་མོ་རྩེ་ཞེས་ཤབ་ཤུབ་ངང་བཤད་མོད། ངས་ཨ་མ་མི་འགྱངས་པར་ཁྱིམ་དུ་སླེབས་ཡོང་བར་དོགས་ནས་ནུ་བོར་རྩེ་མི་རུང་། ཨ་མས་སྡིགས་ངེས་ཞེས་བཤད། ཡུད་ཙམ་གྱི་རྗེས་སུ་ངས་ཡིད་ཚོད་བྱས་པ་ལྟར་ཨ་མས་སུ་ཞིག་ལ་ཁ་བརྡ་བྱེད་བཞིན་ཁྱིམ་དུ་ཡོང་བཞིན་པ་ཚོར། ངའི་སེམས་སུ་ཨ་མས་ཁ་བརྡ་བྱ་ཡུལ་ནི་ཨ་ཁུ་རིག་འཛིན་ནམ་ཨ་ནེ་པདྨ་སུ་ཞིག་ཡིན་སྲིད་སྙམ། ཨ་མ་ཁྱིམ་དུ་ཐོན་པ་ན་ངས་རང་གི་ཚོད་དཔག་འཆུག་སོང་བ་རྟོགས། ཨ་མས་ཁྱིམ་དུ་བསུས་ཡོང་བའི་མགྲོན་པོ་དེ་ནི་ངས་ད་སྔ་མཐོང་མ་མྱོང་བའི་སྐྱེས་པ་ཞིག་རེད། ནུ་བོས་ཁྲ་རིག་རིག་གི་མིག་ཟུང་གིས་སྐྱེས་པ་དེའི་གདོང་ལས་ཅི་ཞིག་འཚོལ་བ་ལྟ་བུའི་ངང་ཚུལ་ལ་བརྟགས་ན་ཁོས་ཀྱང་ད་སྔ་མཐོང་མ་མྱོང་བ་གསལ་པོར་ཤེས་ཐུབ། ངས་གློ་བུར་དུ་རང་གིས་ལས་བྱ་འབྲི་བའི་བཟོ་ལྟ་ཡོངས་སུ་བོར་འདུག་པར་ཡིད་འཇོག་བྱུང་། ངས་གཞོགས་གཅིག་ཏུ་གཡུགས་པའི་འབྲི་དེབ་དང་སྨྱུ་གུ་གཉིས་ལག་ཏུ་བླངས་ནས་སླར་ཡང་ལས་བྱ་འབྲི་བའི་བཟོ་ལྟ་བཅོས་མ་ཞིག་སྟོན་གྲབས་བྱེད་སྐབས་ཨ་མས་ལས་བྱ་འབྲི་མི་དགོས། ར་སྐོར་ནང་དུ་རྩེ་རུ་སོང་ཟེར། སྐད་ཆ་དེ་ནི་ནུ་བོ་ངེད་གཉིས་ལ་མཚོན་ན། འདོད་ཐོག་ལ་རྟ་བརྒྱུགས་པ་ཡིན་མོད། ཡུད་ཙམ་ལ་སོམ་ཉིའི་དྲ་བར་ཚུད་ནས་ཕན་ཚུན་གྱི་གདོང་ལ་ལྟ་ཙམ་བྱས་ཤིང་། དེ་ནས་དུས་མཉམ་དུ་ཨ་མའི་གདོང་ལ་བལྟས། དེ་ནི་ངོ་མ་ཟེར་རམ་ཞེས་དྲིས་པ་དང་མཚུངས། ཨ་མས་ཡང་བསྐྱར་སོང་སོང་། རྩེ་རུ་སོང་ཞེས་བཤད་པས། ངེད་གཉིས་ཀྱིས་སྔུན་སུས་ཆོད་བྱས་ཏེ་ར་སྐོར་ནང་དུ་བརྒྱུགས།
ར་སྐོར་ནང་དུ་ནུ་བོ་ངེད་གཉིས་ཀྱིས་རྟ་གཡུང་བའི་རྩེད་མོ་བརྩེས། རྟ་གཡུང་བའི་རྩེད་མོ་ནི་ནུ་བོ་ངེད་གཉིས་ཆེས་རྩེ་བར་དགའ་བའི་རྩེད་མོ་ཡིན། སློབ་གྲྭའི་དབྱར་གནང་གི་དུས་སུ་ངེད་གཉིས་ཨ་ཞང་ཚང་གི་འབྲོག་སར་སོང་མྱོང་། དེ་དུས་ནུ་བོ་ངེད་གཉིས་ཀྱིས་འབྲོག་ཐང་གི་ཕོ་གསར་དག་གིས་རྟ་གཡུང་བའམ་རྟ་ལ་ཁ་ལོ་བཏུལ་བའི་ལྟད་མོ་ངོ་མཚར་བ་སྟོན་པ་མང་པོ་མཐོང་མྱོང་ལ། ལྟད་མོ་ངོ་མཚར་བ་དེ་དག་གིས་ངེད་གཉིས་ཀྱི་ཡིད་ཀྱི་བསྟན་པ་རབ་ཏུ་ཕྲོགས་མྱོང་། ད་དུང་ཨ་ཞང་གིས་ངེད་གཉིས་གཅེས་ལངས་ལ་བཏང་ནས་བཞོན་རྟའི་འཕོངས་ལ་བཞག་ནས་གཟས་ཁར་ཡང་ཁྲིད་མྱོང་བས། འབྲོག་སའི་འཚོ་བ་དེ་ནི་ངེད་གཉིས་ལ་མཚོན་ན་བརྗེད་ཐབས་མེད་པ་ཞིག་རེད། འོན་ཀྱང་། ཨ་མས་ནམ་རྒྱུན་བྱིས་པ་གཉིས་རྐང་ཚེགས་ལེན་པར་མཁོ་རབས་ཞེས་འབྲོག་སར་སྐད་བཏང་ཡོང་བས་ངེད་གཉིས་ཀྱི་ཞིམ་མངར་ལྡན་པའི་འཚོ་བ་དེ་ལོངས་སུ་སྤྱོད་པའི་དུས་ཚོད་ནི་ཉུང་ཙམ་ལས་མེད། དེ་བས།
གྲོང་ཚོའི་ནང་དུ་ངེད་གཉིས་ཀྱིས་གཅིག་གིས་བཞོན་རྟ་དང་གཅིག་གིས་རྟ་བ་བྱས་ནས་བརྩེས་པ་ཡིན། རྩེད་མོ་དེ་ནི་ཨ་ཞང་གི་བཞོན་རྟའི་འཕོངས་དང་བསྡུར་ཐབས་མེད་མོད། དེ་ཡང་སྤྲོ་སྣང་ལྡན་པའི་རྩེད་མོ་ཞིག་རེད། འོན་ཀྱང་། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཨ་མས་ཐལ་ལྕག་ཕྱར་ཕྱར་ལ་ཡོད་པས་ངེད་གཉིས་ལ་རྟ་གཡུང་བའི་རྩེད་མོ་རྩེ་བའི་བསྐལ་བ་ཧ་ཅང་ཕྲ་ལ། བསྐལ་བ་ཕྲན་ཙམ་བྱུང་ན་ཡང་ཨ་མས་རྒྱུན་དུ་ཁྱོད་ནི་ཕུ་བོ་ཡིན་པས་ནུ་བོར་བཞོན་སྲོལ་ག་ལ་ཡོད་ཅེས་བཤད་པས། དུས་རྒྱུན་ང་ནི་བཞོན་རྟ་དང་ནུ་བོ་རྟ་པར་གྱུར་ཡོད།
ཕྱི་དྲོ་འདིར། ཨ་མ་དང་མགྲོན་པོ་ཆ་མེད་དེ་གཉིས་ཁ་བརྡའི་ནང་དུ་གཡེང་ཡོད་ཤས་ཆེ། ཨ་མས་ཕྱི་རོལ་ཏུ་གོམ་པ་གང་ཡང་མ་སྤོས་པས་ངེད་གཉིས་ལ་ཇི་ལྟར་རྩེ་རུང་བ་དང་ཇི་ལྟར་རྩེ་མི་རུང་བའི་སྒྲིག་ལམ་འཛུགས་མཁན་མེད། དེ་བས། ངས་ཕུ་བོའི་དབང་སྡུད་ཀྱིས་ནུ་བོར་ཕྱི་དྲོ་གང་པོར་བཞོན་རྟ་བྱེད་དུ་བཅུག་ལ། རང་ཉིད་རྟ་བ་བྱས་ཏེ་ནུ་བོར་ཁ་ལོ་བཏུལ་རྐྱང་བྱས།
སྐབས་ཤིག་ལ། ངས་ཨ་ཁུ་རྒྱ་རྒྱས་ངེད་ཚང་གི་ར་སྐོར་ནང་དུ་སྐེ་བསྲིངས་ནས་ལྟ་བཞིན་པ་མཐོང་། ང་ཚོའི་བར་དུ་ཐག་རིང་པོ་མེད་ནའང་། ས་རུབ་ལ་ཉེ་བས་ཁོའི་གདོང་པ་ནག་རོག་གེར་མཐོང་ཐུབ་པ་ལས་ཟ་འགྲམ་གྱི་སྨེ་བ་ནག་པོ་དེ་མཐོང་མི་ཐུབ། ངའི་སེམས་སུ་ཉིན་འགའི་སྔོན་ལ་ཨ་ཁུ་རྒྱ་རྒྱས་ཀྱང་རང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་པ་དྲན་ལ། དེ་ཡང་སྐད་ཡིག་དགེ་རྒན་གྱི་འགྲམ་ལྕག་ནང་བཞིན་མ་ཉེས་ཁ་གཡོགས་ཤིག་མིན་ནམ་སྙམ།
ང་ནི་ཡར་མར་ལ་བསམ་བློ་གཏོང་བར་དགའ་བའི་བྱིས་པ་ཞིག་ཡིན་པས། ཉིན་འགའི་སྔོན་ལ་ཨ་ཁུ་རྒྱ་རྒྱས་ཁྱི་ཕྲུག་རྒྱ་དམར་ནི་ཕའི་རྒྱུད་དེད་པ་ཡིན་སྲིད་ཅེས་བཤད་པ་ནས། ངས་ཁྱི་ཕྲུག་རྒྱ་དམར་གྱི་ཕ་སུ་ཡིན་ཐད་ལ་བསམ་བློ་གཏོང་མགོ་བརྩམས། ཉིན་དེའི་ཕྱི་ཉིན་ངས་གཞི་ནས་ཁྱི་ཕྲུག་རྒྱ་དམར་གྱི་ཕ་སུ་ཡིན་ཐད་ལ་འོས་མཐུན་གྱི་ལན་ཞིག་རྙེད། སྟབས་ལེགས་པ་ཞིག་ལ་ངས་ཁྱི་ཕྲུག་གི་ཕ་སུ་ཡིན་ཐད་ལ་རིགས་འདེད་བྱས་པ་བརྒྱུད་ནས་རང་གི་ཕ་སུ་ཡིན་ལ་ཡང་ལན་འོས་མཐུན་ཞིག་རྙེད། ཉིན་དེའི་ཞོགས་པར། ང་སློབ་གྲྭར་འགྲོ་བའི་ལམ་བར་དུ་ཨ་ཁུ་རྒྱ་རྒྱ་མ་ཎི་ཁང་དུ་འགྲོ་བ་དང་ཐོ་ཐུག་པས། ངས་རང་གི་རིགས་འདེད་བྱས་པའི་འབྲས་བུ་དག་ཨ་ཁུ་རྒྱ་རྒྱར་མ་གསང་དྲང་བོར་བཤད།
“ཨ་ཁུ། ཁྱེད་ཚང་གི་ཁྱི་ཕྲུག་རྒྱ་དམར་གྱི་ཕ་ནི་གྲོང་ཚོའི་ནང་གི་ཁྱི་ལྡོམ་རྒྱ་དམར་ཡིན་སྲིད”ངས་ཚིག་ཐག་ཆོད་པོས་དེ་ལྟར་བཤད།
“ཅིའི་ཕྱིར།” ཨ་ཁུ་རྒྱ་རྒྱས་ངའི་སྐད་ཆའི་ནང་དོན་མ་གོ་བ་འདྲ།
“ཁྱེད་ཀྱིས་ཁྱི་ཕྲུག་རྒྱ་དམར་གྱིས་ཕའི་རྒྱུད་དེད་པ་ཡིན་སྲིད་ཟེར་བ་མིན་ནམ། ང་ཚོའི་གྲོང་ཚོའི་ནང་དུ་ཁྱི་ལྡོམ་རྒྱ་དམར་མ་གཏོགས་སྤུ་ཁ་རྒྱ་དམར་ཅན་གྱི་ཁྱི་ཞིག་མེད་པས་ཁྱི་ཕྲུག་གི་ཕ་ཁོ་ཡིན་སྲིད།”ངས་རང་ཉིད་ཀྱིས་རིགས་འདེད་བྱས་པའི་འབྲས་བུ་ཁོ་ལ་བཤད།
“གནས་ལུགས་འདུག ཁྱི་ཕྲུག་གི་ཕ་ཁྱི་ལྡོམ་རྒྱ་དམར་ཡིན་ཡང་སྲིད།”ཨ་ཁུ་རྒྱ་རྒྱས་འདང་ཞིག་བརྒྱབ་སྟེ་དེ་ལྟར་བཤད་ལ། དེར་མཐུད་ནས་ཁྱོད་ནི་བློ་རིག་རྒོད་པོ་འདུག་ཅེས་ང་ལ་བསྟོད་པ་བྱས། ངའི་སེམས་སུ་ཨ་ཁུ་རྒྱ་རྒྱས་རང་ལ་བསྟོད་བསྔགས་བྱས་པར་དགའ་སྤྲོ་སྐྱེས་ལ། དེར་མཐུད་ནས་རང་གི་ཕ་སུ་ཡིན་ཐད་ལ་རིགས་འདེད་བྱས་པའང་ཨ་ཁུ་རྒྱ་རྒྱར་བཤད།
“འོ་ན། ང་ཚོའི་གྲོང་ཚོའི་ནང་དུ་ཟ་འགྲམ་དུ་སྨེ་བ་ཅན་ཁྱོད་མ་གཏོགས་མེད་པས་ངའི་ཨ་ཕ་ཁྱོད་ཡིན་སྲིད།”ངས་ལག་གཡས་པས་རང་གི་ཟ་འགྲམ་གྱི་སྨེ་བ་ཆུང་ཆུང་དེར་རེག་ཙམ་བྱས་ལ། ལག་གཡོན་པས་ཨ་ཁུ་རྒྱ་རྒྱའི་ཟ་འགྲམ་གྱི་སྨེ་བ་ནག་པོ་དེ་བསྟན།
“ཅི་ཟེར། མུག་ཕྲུག་འདི……” ཨ་ཁུ་རྒྱ་རྒྱས་ཅི་ཡིན་འདི་ཡིན་མེད་པར་ང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་བཞུས་སོང་ལ། དེ་མ་ཐག་ལྐོག་ཏུ་འཇུར་བའི་མིག་ཟུང་ཟུར་གསུམ་མ་དེས་ཕྱོགས་སོ་སོར་ལྟ་ཙམ་ལྟ་ཙམ་བྱེད། ངང་ཚུལ་དེ་ནི་རྐུན་པོ་སུ་ཞིག་གིས་རྐུན་རྫས་གཞན་གྱིས་མཐོང་བར་དོགས་པ་དང་འདྲ།
“མུག་ཕྲུག་ཁྱོད། ཁྱོད། ཁྱོད་ཀྱིས་གཞུག་ཕྱོགས་གཏམ་འཆལ་དེ་འདྲ་བཤད་ན། ངས། ངས་ཁྱོད་ཤ་ཉོག་རུས་ཉོག་ཏུ་གཏོང་།”
ཨ་ཁུ་རྒྱ་རྒྱའི་གདོང་དམར་པོར་གྱུར་ལ། མཐར་དམར་པོ་ནས་དམར་ནག་ཏུ་གྱུར་སོང་། ངས་རང་གིས་བྱས་ཉེས་ཅི་ཞིག་བཟོས་པ་མ་རྟོགས་པར་ཁ་མལ་ནས་ཐོ་ཡོར་ལྟར་འགྲེང་ནས་བསྡད།
ཉིན་དེར་སློབ་གྲྭར་འགྲོ་བའི་ལམ་བར་དུ། ངའི་སེམས་སུ་སྔར་ལས་ཀྱང་རང་ལ་ཨ་ཕ་ཞིག་ཡོད་ན་བསམས། གལ་ཏེ། རང་ལ་ཨ་ཕ་ཞེས་འབོད་ས་ཞིག་ཡོད་ན་ཨ་ཁུ་རྒྱ་རྒྱས་འདི་ལྟར་ཚམ་ཚོམ་ཅི་ཡང་མེད་པར་འགྲམ་ལྕག་ཅིག་གཞུ་མི་སྲིད་སྙམ།
ཨ་ཁུ་རྒྱ་རྒྱས་ངེད་ཚང་གི་ར་སྐོར་ནང་དུ་སྐེ་སྲིང་བཞིན་ཕར་ལྟ་ཚུར་ལྟ་བྱས་ཤིང་། དེ་ནས་ནུ་བོ་ངེད་གཉིས་ལ་ཚུར་ཤོག་ཅེས་པའི་ལག་བརྡ་བསྟན། ཨ་ཁུ་རྒྱ་རྒྱའི་གདོང་ལ་ལྐོག་གྱུར་གྱི་ཉམས་ཤིག་ཤར་ནས་སྐད་མགོ་དམའ་མོས་ཁྱེད་ཚང་གི་མགྲོན་པོ་སུ་རེད་ཅེས་དྲིས། ནུ་བོ་ངེད་གཉིས་ཀྱིས་ཕན་ཚུན་གྱི་གདོང་ལ་ལྟ་ཙམ་བྱས་རྗེས་མི་ཤེས་པའི་བརྡ་ལ་མགོ་བོ་འཕྲེད་དུ་གཡུགས། ཨ་ཁུ་རྒྱ་རྒྱས་སུ་ཡིན་དྲང་མོ་ཤོད་དང་ཀ་ར་སྟེར་ཞེས་བཤད་ལ། ཨམ་ཕྲག་ལས་ཀ་ར་སྤར་མོ་གང་ལག་ཏུ་བླངས། ནུ་བོས་ཨ་ཁུ་རྒྱ་རྒྱའི་སྤར་ནང་དུ་བཟུང་བའི་ཀ་ར་དག་ལ་བལྟ་བཞིན་མཆིལ་མ་མིད། ང་ལ་ཡང་ཁོའི་ཀ་ར་དེ་དག་ཐོབ་འདོད་ཀྱི་འདུན་པ་ཆེ་བས། ཁོས་མཉམ་འཇོག་བྱས་མེད་པའི་གླགས་བར་ནས་ནུ་བོར་མིག་བརྡ་ཞིག་བསྟན་ཏེ་ཨ་ཁུ་རིག་འཛིན་རེད་ཅེས་བཤད་མོད། ནུ་བོས་ཨ་ནེ་པདྨ་རེད་ཅེས་བཤད་པས་ངེད་གཉིས་ཀྱི་རྫུན་རྐུབ་ཐེད་སོང་། ཨ་ཁུ་རྒྱ་རྒྱས་ངེད་གཉིས་ཀྱིས་ཁོ་ལ་རྫུན་བཤད་བཞིན་པ་ཚོར་ནས་མུག་ཕྲུག་གཉིས་ཀ དྲང་མོ་མི་བཤད་ན་ཀ་ར་མི་སྟེར་ཞེས་སྤར་མོའི་ནང་གི་ཀ་ར་དག་ཕྱིར་ཨམ་ཕྲག་ཏུ་བཅུག ཀ་ར་ཐོབ་ཆེད་ནུ་བོ་ངེད་གཉིས་ཀྱིས་མགྲོན་པོ་སུ་ཡིན་དྲང་མོར་བཤད་ན་འདོད་མོད། མགྲོན་པོ་ཆ་མེད་དེ་ངེད་གཉིས་སུས་ཀྱང་མཐོང་མ་མྱོང་བས་སུ་ཡིན་ནི་ག་ལ་ཤེས།
ས་ཡོངས་སུ་རུབ་སོང་། ནུ་བོ་ངེད་གཉིས་ཀྱང་རྩེ་མཚམས་བཞག་ནས་ཁྱིམ་དུ་ལོག མགྲོན་པོ་ཆ་མེད་དེ་ཡར་སྒྱེད་ཕྱོགས་སུ་ཙོག་ལ། ཁོའི་མདུན་དུ་ཤ་ཚོན་པོ་གཞོང་བ་གང་བཞག་འདུག ཁོས་གཙང་ཤོག་དཀར་བོས་ཁ་དང་ལག་པ་འཕྱི་བཞིན་པར་བརྟགས་ན་ཤ་འགྲང་ཚད་ཅིག་ཟོས་ཟིན་པ་འདྲ། ཨ་མས་ཁོའི་ཕྲག་སྟེང་ལ་མགོ་བོ་བསྙེས་ནས་འདུག་མོད། མོས་ངེད་གཉིས་ཁྱིམ་དུ་སླེབས་པ་མཐོང་མ་ཐག་དྲང་མོར་བསྡད་ལ། དེ་ནས་མར་སྒྱེད་ཕྱོགས་སུ་ཡོང་ནས་གཟབ་ནན་གྱི་ཉམས་དང་བཅས་ཏེ་བསྡད། ངས་ཨ་མའི་གདོང་པ་དམར་པོར་གྱུར་ཡོད་པ་མཐོང་། འོན་ཀྱང་། ཉིན་འགའི་སྔོན་ལ་ཨ་ཁུ་རྒྱ་རྒྱའི་གདོང་བ་དམར་བོར་གྱུར་དོན་མ་རྟོགས་པ་ནང་བཞིན་ཨ་མའི་གདོང་མདོག་འགྱུར་བའི་རྒྱུ་མཚན་ཡང་མ་རྟོགས། ཨ་མས་སྒོ་རྩ་ན་ཐོ་ཡོར་ལྟར་འགྲེང་བའི་ང་དང་ནུ་བོ་གཉིས་ལ་ཕྱོགས་ནས་ཨ་ཕའི་གམ་དུ་སྡོད་ཅེས་བཤད། ངས་རང་གི་རྣ་བར་ཡིད་མ་ཆེས་པར་ཨ་མའི་གདོང་ལ་བལྟས་པར། མོས་ཡང་བསྐྱར་ཨ་ཕའི་གམ་ནས་སྡོད་ཅེས་བཤད་ཞོར་མགྲོན་པོ་ཆ་མེད་དེའི་ཕྱོགས་སུ་མཆུ་སྟོན་བྱས། ངས་ཁྱིམ་དུ་སྐོར་ལྟ་ཞིག་བྱས་པ་ན་ཁྱིམ་དུ་ངེད་མ་བུ་གསུམ་ལས་གཞན་མགྲོན་པོ་ཆ་མེད་དེ་མ་གཏོགས་མེད་པས། ངས་གཞི་ནས་ཨ་མའི་སྐད་ཆའི་ཁྲོད་ཀྱི་ཨ་ཕ་ཞེས་པ་ནི་མགྲོན་པོ་ཆ་མེད་དེ་ལ་གོ་བ་རྟོགས། ངའི་སེམས་སུ་ཧ་ཅང་མི་གོམས་པའི་ཚོར་སྣང་ཁྱད་པར་བ་ཞིག་སྐྱེས། ཚོར་སྣང་ཁྱད་པར་བ་དེ་ནི་ང་རང་གིས་ཀྱང་བཤད་མ་ཤེས། ངས་གོམ་ཁ་ཡར་སྒྱེད་ཕྱོགས་སུ་སྤོ་སྐབས་ནུ་བོ་སྔ་མོ་ནས་མགྲོན་པོ་ཆ་མེད་དེའི་གམ་དུ་ཙོག་འདུག་ལ། ད་དུང་ལག་ཏུ་ཀ་ར་རྡོག་པོ་འགའ་བཟུང་ནས་ང་ལ་ངོམ་སོ་བྱེད་བཞིན་པ་མཐོང་། དུས་དེར་མགྲོན་པོ་ཆ་མེད་དེས་ང་ལ་ཡང་ཀ་ར་རྡོག་པོ་འགའ་བསྲིངས། ངས་ཀ་ར་རྡོག་པོ་དེ་དག་ལེན་རུང་ངམ་སྙམ་ཞོར་ཨ་མའི་ངོ་འཚོས་པ་ན། ཨ་མས་ང་ལ་ཕྱོགས་ནས་མགོ་བོ་ལྡེམ་ཙམ་བྱས་པས་ངས་ཀྱང་ཀ་ར་རྡོག་པོ་དེ་དག་ལ་ལག་པ་བསྲིངས།
ཁྱི་ཕྲུག་རྒྱ་དམར་གྱི་ཕ་སུ་ཡིན་ལ་རིགས་འདེད་བྱས་པ་ལྟར་རིགས་འདེད་བྱས་ན། ངས་མགྲོན་པོ་ཆ་མེད་དེའི་གདོང་པ་དང་ལུས་ཀྱི་ཆ་བྱད་གང་གི་ཐད་ནས་ཁོ་ནི་རང་གི་ཨ་ཕ་ཡིན་པའི་རྒྱུ་མཚན་ཅི་ཡང་མི་རྙེད། ངས་དེ་ལྟར་རིགས་འདེད་བྱེད་སྐབས་ནུ་བོས་མགྲོན་པོ་ཆ་མེད་དེར་ཁ་ཡར་གྲག་མར་གྲག་ཚང་མར་ཨ་ཕ་ཞེས་འབོད་བཞིན་འདུག ནུ་བོས་མགྲོན་པོ་ཆ་མེད་དེ་ལ་ཨ་ཕ་ཞེས་བོས་པས་ཡིན་ནམ། ང་དང་བསྡུར་ན་ཁོ་ལ་ཀ་ར་མང་བོ་རེག་སོང་། འོན་ཀྱང་། ངས་མགྲོན་པོ་ཆ་མེད་དེ་ལ་ལེ་བདའ་བྱེད་མི་སྲིད། ཁོས་ང་ལ་ཡང་ཀ་ར་ཉུང་ཙམ་བྱིན་ལ། དེ་ལས་ཀྱང་གལ་ཆེ་བ་ནི་རང་ལ་ཨ་ཕ་ཞིག་བྱུང་བ་ནི་དགའ་འོས་པའི་དོན་དག་ཅིག་མིན་ནམ། ཡིན་ནའང་། ངས་མགྲོན་པོ་ཆ་མེད་དེར་ཨ་ཕ་ཞེས་འབོད་མ་ཐུབ། དེ་ནི་ངའི་མགྲིན་པའི་ཁོག་ནས་ཨ་ཕ་ཞེས་པའི་སྐད་ཆ་ཞིག་མ་གཞི་ནས་སྐྱེད་མི་ནུས་པ་དང་འདྲ།
ནུབ་འཚལ་འཐུང་ཚར་མ་ཐག ཨ་མ་འཚུབ་ཆ་ཅི་ཞིག་གིས་དེད་པ་ལྟར་ནུ་བོ་ངེད་གཉིས་སྦུག་ཁང་དུ་ཉལ་བར་བསྐུལ། ནུ་བོས་མགྲོན་པོ་ཆ་མེད་དེའི་ལག་ནས་རག་པའི་ཀ་ར་དག་སྡུད་གསོག་རྒྱག་བཞིན་སྦུག་ཁང་ནང་དུ་འཛུལ་སོང་། ངས་ཁ་མལ་ནས་སླར་ཡང་མགྲོན་པོ་ཆ་མེད་དེའི་གདོང་བར་ཞིབ་ལྟ་ཐེངས་གཅིག་བྱས་མོད། སྔར་བཞིན་ཁོའི་གདོང་བ་དང་ལུས་ཀྱི་ཆ་བྱད་གང་ཐད་ནས་ཁོ་ནི་རང་གི་ཨ་ཕ་ཡིན་པའི་རྒྱུ་མཚན་ཞིག་མ་རྙེད། འོན་ཀྱང་། ངས་རང་ནི་ཁྱི་མོ་དང་དཀར་མའི་ཁྱི་ཕྲུག་དང་དཀར་ལྟར་ཕའི་རྒྱུད་མ་དེད་པར་མའི་རྒྱུད་དེད་པ་ཡིན་ངེས་སྙམ་བཞིན་རང་གིས་རང་ལ་སེམས་གསོ་བྱས།
མལ་སའི་ནང་ནས་ང་སླར་ཡང་རང་ཉིད་ཀྱི་ལོ་ཚད་དང་མི་རན་པའི་བསམ་གཞིག་གི་གཏིང་དུ་ལྷུང་སོང་། ད་ལྟ་ངས་བསམ་བློ་གཏོང་ས་ནི་ཨ་ཕ་ཞེས་པའི་མགྲོན་པོ་ཆ་མེད་དེ་མིན་པར་དེ་རིང་སྔ་དྲོའི་དོན་དག་ཡིན། ངས་སེམས་སུ་ཡང་བསྐྱར་དེ་རིང་སྔ་དྲོ་སྐད་ཡིག་དགེ་རྒན་གྱིས་རང་གི་གདོང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་པ་ནི་མ་ཉེས་ཁ་གཡོགས་རེད་བསམས།
དེ་རིང་སྔ་དྲོ། སྐད་ཡིག་དགེ་རྒན་གྱིས་སྔ་ཉིན་གྱི་ལས་བྱ་མར་སྟེར་སྐབས་ང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་སོང་། རྒྱུ་མཚན་ནི་ཁ་སང་ཁོས་ང་ཚོར་ཨ་ཕ་ཞེས་པའི་རྩོམ་ཡིག་ཅིག་ལས་བྱར་བཞག་མོད། ངས་ཨ་ཕ་ཞེས་པའི་ཁ་བྱང་བྲིས་པ་ལས་འབྲི་དེབ་སྟོང་བ་དགེ་རྒན་ལ་སྤྲད་པས་རེད།
ངས་ཨ་ཕ་ཞེས་པའི་རྩོམ་ཡིག་ཅིག་ངོ་མ་འབྲི་མ་ཤེས།
“ལས་བྱ་མི་འབྲི་དོན་ཅི་ཡིན།”སྐད་ཡིག་དགེ་རྒན་གྱིས་ངར་ཤུགས་འདྲེས་པའི་སྐད་གདངས་ཀྱིས་ང་ལ་གཏིང་འདྲི་བྱས།
“འབྲི་མི་ཤེས་གི།”ངས་ལག་པས་མགོའི་ཕྱི་ལྟག་འཕྲུག་བཞིན་དེ་ལྟར་བཤད།
“དེ་ལ་འབྲི་མི་ཤེས་རྒྱུ་ཅི་ཡོད། རང་གི་ཨ་ཕ་ཡང་འབྲི་མི་ཤེས་སམ།”སྐད་ཡིག་དགེ་རྒན་གྱི་སྐད་གདངས་ལ་སྔར་ལས་ཀྱང་ངར་ཤུགས་ཀྱིས་ཁེངས་འདུག
“ང་ལ་ཨ་ཕ་མེད།” ངའི་སྐད་མགོ་ཧ་ཅང་དམའ་མོད། སློབ་ཁང་ནི་དེ་བས་ཀྱང་འཇགས་པས་དགེ་སློབ་ཀུན་གྱིས་ངའི་སྐད་ཆ་ཐོས་ཐུབ།
“ཉོག་གཏམ། འོ་ན། ཁྱོད་ས་འོག་ནས་སྐྱེས་ཡོང་ངམ། སང་ཉིན་ཕྲིས་ཤོག” སྐད་ཡིག་དགེ་རྒན་གྱིས་མུ་མཐུད་དུ་སློབ་ཁྲིད་ཀྱི་དུས་ཚོད་འཕྲོ་བརླག་བྱེད་མ་འདོད་པར་དེ་ལྟར་བཤད་ལ། དེ་ནས་སློབ་ཁྲིད་གསར་བའི་མགོ་བརྩམས་སོང་། ཡིན་ནའང་། སློབ་ཐུན་གྲོལ་རྗེས་སློབ་གྲོགས་ཚོས་ང་ལ་ཁྱོད་ས་འོག་ནས་སྐྱེས་པ་རེད་ཅེས་འཕྱ་དམོད་བྱེད་མགོ་བརྩམས།
ངའི་སེམས་སུ་དེ་རིང་སྔ་དྲོའི་དོན་དག་དྲན་སྐབས་གང་ནས་ཡོང་བ་མི་ཤེས་པའི་སྐྱོ་སྣང་འགོག་མེད་ཅིག་སྐྱེས་མོད། ད་ལྟ་རང་ལ་ཨ་ཕ་ཞིག་ཡོད་པ་དྲན་ན་སེམས་ཀྱི་མི་སྐྱིད་པའི་ཚོར་བ་དག་ཀྱང་རང་སར་ཡལ་འགྲོ། དོན་དེའི་སྟེང་ནས་ངས་དོ་དགོང་གི་མགྲོན་པོ་ཆ་མེད་དེ་ལ་བཀའ་དྲིན་ཞུ་འོས། དུས་ཀྱི་མཚམས་ཚིགས་དེ་ཙམ་ལ་ངས་ཁྱིམ་ནས་གྲག་འགུལ་ཞིག་ཚོར་བྱུང་། ངས་ཞིབ་ཏུ་མཉན་པར། མ་གཞི་ཨ་མ་དང་མགྲོན་པོ་ཆ་མེད་དེ་གཉིས་ཀྱིས་རྟ་གཡུང་བའི་རྩེད་མོ་རྩེ་བཞིན་འདུག མུན་པ་སྟུག་པའི་ཁར་བར་གྱང་གིས་ཆོད་པས་ཅི་ཡང་མཐོང་མི་ཐུབ་མོད། ཨ་མས་ཐང་ཆད་པའི་དབུགས་ཧལ་ཧལ་བྱེད་པ་ལས་མོ་ནི་བཞོན་རྟ་དང་མགྲོན་པོ་ཆ་མེད་དེ་རྟ་བ་ཡིན་པ་གསལ་བོར་ཤེས་ཐུབ། ངའི་སེམས་སུ་དོ་དགོང་ནས་ཨ་མས་ཀྱང་བཞོན་རྟ་བྱེད་པའི་དཀའ་ངལ་མྱངས་ཚར་བས། ནམ་རྒྱུན་ང་ལ་བཞོན་རྟ་དང་ནུ་བོར་རྟ་བ་བྱེད་དུ་འཇུག་པའི་སྒྲིག་ལམ་དེ་ཡང་འོས་མཐུན་མིན་པ་རྟོགས་སྲིད་ལ། རྗེས་ཕྱོགས་ངས་རྟག་པར་བཞོན་རྟ་བྱེད་པའི་སྒྲིག་ལམ་དེ་ལ་བཟོ་བཅོས་ངེས་ཅན་ཞིག་གཏོང་སྲིད་སྙམ་བཞིན་སེམས་སུ་སྤྲོ་བ་འཕེལ། ཡུད་ཙམ་གྱི་རྗེས་སུ་ཨ་མ་དང་མགྲོན་པོ་ཆ་མེད་དེ་གཉིས་ཀྱིས་རྟ་གཡུང་བའི་རྩེད་མོ་རྩེ་མཚམས་བཞག་ལ། ང་ཡང་གཉིད་དུ་ཤོར་ལ་རྨི་ལམ་རྨིས། ངའི་རྨི་ལམ་དུ་མགྲོན་པོ་ཆ་མེད་དེའི་ཟ་འགྲམ་དུ་རང་ཉིད་ནང་བཞིན་སྨེ་བ་ཆུང་ཆུང་ཞིག་ཡོད་པ་རྨིས། དེ་ནི་ཏག་ཏག་ངེད་གཉིས་ཕ་བུ་ཡིན་པའི་དཔང་རྟགས་དང་འདྲ། ངས་ནུ་བོ་ནང་བཞིན་ཁ་ཡར་གྲག་མར་གྲག་ཚང་མར་མགྲོན་པོ་ཆ་མེད་དེ་ལ་ཨ་ཕ་ཞེས་འབོད་བཞིན་འདུག མགྲོན་པོ་ཆ་མེད་དེས་ང་ལ་ཀ་ར་མང་བོ་་བྱིན་ཏེ་སློབ་གྲྭར་བསྐྱལ་ཅིང་། སློབ་གྲོགས་ཚོའི་སྔུན་ནས་ང་ནི་ས་འོག་ནས་སྐྱེས་པ་མིན་པར་ཨ་མའི་མངལ་ལས་སྐྱེས་པ་གསལ་བཤད་བྱེད་བཞིན་འདུག
ད་ནངས་ཞོགས་པར། ཨ་མས་སྔ་མོ་ནས་ང་གཉིད་ལས་བསླངས་ལ། མོས་ནངས་ཇ་སྐོལ་ཞོར་ལ་མྱུར་དུ་ལས་བྱ་ཕྲིས་ཞེས་དཔེ་ཁུག་ངའི་སྔས་འགྲམ་ལ་བཞག ངས་མགྲོན་པོ་ཆ་མེད་དེར་ནུ་བོ་ནང་བཞིན་ཨ་ཕ་ཞེས་འབོད་པར་སེམས་ཐག་བཅད་ནས་མྱུར་མོར་ལངས་ནས་ཁྱིམ་དུ་ཡོང་མོད། ཁྱིམ་ན་མགྲོན་པོ་ཆ་མེད་དེའི་གྲིབ་མ་ཙམ་ཡང་མི་འདུག ངས་ཨ་མར་ཨ་ཕ་གང་དུ་སོང་བའི་སྐོར་དྲིས་མོད། ཨ་མས་མྱུར་དུ་ལས་བྱ་ཕྲིས་ཟེར་བ་ལས་ངའི་དྲི་བར་ལན་མ་བཏབ། ངའི་སེམས་སུ་རང་གི་ཨ་ཕ་ཡང་བྱིས་པ་གཞན་གྱི་ཨ་ཕ་ལྟར་ལས་ཀར་སོང་བ་ཡིན་ངེས་སྙམ། ངས་མུ་མཐུད་དུ་ཨ་ཕ་གང་ལ་སོང་བའི་སྐོར་ལ་གཏིང་འདྲི་མ་བྱས་པར་ལས་བྱ་བྲིས། ད་ནངས་ངས་ཨ་ཕ་ཞེས་པའི་རྩོམ་ཡིག་དེ་འབྲི་རྒྱུར་དཀའ་ཁག་ཅི་ཡང་མ་བྱུང་།
ང་སློབ་གྲྭར་འགྲོ་བའི་ལམ་བར་དུ་ཨ་ཁུ་རྒྱ་རྒྱ་དང་འཕྲད། ཁོའི་ནག་རོག་རོག་གི་གདོང་བར་མི་མཛའ་བའི་འཛུམ་ཆུང་ཞིག་མངོན་བཞིན་ང་ལ་ཁ་སང་ཕྱི་དྲོའི་དྲི་བ་དེ་དྲིས་བྱུང་།
“ཁྱོད་ཚང་གི་མགྲོན་པོ་དེ་སུ་རེད།”
ཨ་ཁུ་རྒྱ་རྒྱས་དེ་ལྟར་འདྲི་སྐབས་ཨམ་ཕྲག་ཏུ་ལག་སྙོབ་བྱེད་ཀྱིན་འདུག ངས་ཁོས་ཨམ་ཕྲག་ལས་ལག་སྙོབ་བྱེད་ས་ནི་ཀ་ར་རྡོག་པོ་འགའ་ཡིན་སྲིད་སྙམ། འོན་ཀྱང་། ངས་ཁོ་ལ་ཁ་སང་ཕྱི་དྲོ་ལྟར་སུ་ཡིན་མི་ཤེས་ཞེས་ལན་བཏབ། དེ་ནི་ངས་སུ་ཡིན་མི་ཤེས་པ་མིན་པར་ཨ་ཁུ་རྒྱ་རྒྱར་བསམ་གཟས་ནས་སྐད་ཆ་དྲང་མོ་བཤད་མ་འདོད་པ་ཡིན། ད་ནི་ངའི་ཨམ་ཕྲག་ཀྱང་ཨ་ཁུ་རྒྱ་རྒྱའི་ཨམ་ཕྲག་ནང་བཞིན་ཀ་ར་རྡོག་པོ་མང་བོས་ལྗིད་ཏིག་གེར་བྱས་ཡོད། ངས་ཁོའི་ཨམ་ཕྲག་ལས་ཀ་ར་རྡོག་པོ་ཞིག་ཐོབ་པར་རེ་བ་གང་ཡང་འཆང་གིན་མེད། དེ་བས། ཨ་ཁུ་རྒྱ་རྒྱས་ཇི་ལྟར་གཏིང་འདྲི་བྱས་ནའང་། ངས་ཁོ་ལ་སྐད་ཆ་དྲང་མོ་གཅིག་ཀྱང་མ་བཤད། ཐ་ན་ཨ་ལན་ཡང་ཡག་པོ་ཞིག་མ་བྱིན། དེ་ནི་ང་ལ་མཚོན་ན་ཨ་ཁུ་རྒྱ་རྒྱར་ངོ་གནག་བྱེད་སྟངས་ཡག་ཤོས་ཡིན། ཁོས་ངའི་ཁ་ནང་ནས་སྐད་ཆ་ཚིག་གཅིག་ཀྱང་མ་ལོན་པས་མ་ཎི་ཁང་གི་ཕྱོགས་སུ་བུད་སོང་། ཨ་ཁུ་རྒྱ་རྒྱའི་རྗེས་སུ་ཁྲིད་པའི་ཁྱི་མོ་དང་དཀར་མ་མ་བུ་གསུམ་གྱིས་ང་མཐོང་མ་ཐག་ངའི་རྗེས་དེད་ནས་ཡོང་། ངས་ཁྱི་ཕྲུག་རྒྱ་དམར་མཐོང་མ་ཐག་སེམས་གཏིང་ནས་སྙིང་རྗེ་ཞིག་སྐྱེས་ཡོང་། ནམ་རྒྱུན་ངས་ཁྱི་ཕྲུག་རྒྱ་དམར་ལ་སྙིང་རྗེ་སྐྱེས་ཐེངས་རེར་རང་གི་ལས་དབང་ལ་ཡང་འཁང་ར་བྱས་པ་ཡིན་མོད། ད་ནངས་ཞོགས་པར། ངའི་སྣང་བ་ཞིག་ལ་ང་དང་ཁྱི་ཕྲུག་རྒྱ་དམར་གཉིས་ཀྱི་ལས་དབང་ནི་ཁ་ཁ་སོ་སོ་ཡིན་པའི་ངེས་ཤེས་ཐོག་མ་རྙེད།
སློབ་གྲྭའི་ནང་དུ་ཐོན་མ་ཐག ངས་འཛིན་གྲྭའི་གྱང་ལྡེབས་སུ་སྦྱར་བའི་སློབ་ཐུན་རེའུ་མིག་ལ་བལྟས་པ་ན། ངའི་འདོད་ཐོག་ལ་རྟ་རྒྱུགས་པ་ལྟར་སློབ་ཐུན་དང་བོ་ནི་སྐད་ཡིག་སློབ་ཐུན་རེད། ངས་སྐད་ཡིག་དགེ་རྒན་གྱིས་རང་གིས་བྲིས་པའི་རྩོམ་ཡིག་ལ་བསྟོད་བསྔགས་བྱེད་པ་དང་། སློབ་གྲོགས་དག་གིས་དགའ་བསུ་བྱེད་པའི་ཡུལ་དངོས་ཉམས་དགའ་བ་ཞིག་ལ་སྟོང་བསམ་བཅངས་ནས་བསྡད། དེ་རིང་ཞོགས་པར། ནམ་རྒྱུན་སུན་སྣང་དང་བཅས་གྲག་ཡོང་བའི་སློབ་ཐུན་འཚོག་པའི་ཅོང་བརྡ་ནི་རྐང་མགོར་རྡོ་བཏགས་པ་ལྟར་ཡུན་རིང་ལ་གྲག་རྒྱུ་མ་བྱུང་། ངས་ཨ་ཕ་ཞེས་པའི་རྩོམ་ཡིག་མདུན་ཅོག་སྟེང་དུ་བཞག་ནས་སློབ་ཐུན་འཚོག་པའི་ཅོང་བརྡ་ལ་བསྒུགས་ནས་སྡོད་དུས། སྣང་བ་ཞིག་ལ་ཞག་གཅིག་གི་ཡུན་ལ་རང་ཉིད་མི་གཞན་ཞིག་ཏུ་གྱུར་སོང་བའི་སྣང་བ་སྐྱེས། ཡིན་ནའང་། དེ་རིང་ཞོགས་པར་ང་ཚོའི་འཛིན་གྲྭའི་ནང་དུ་སློབ་གྲོགས་གསར་པ་ཞིག་ཐོན་ཡོད་པས། སློབ་གྲོགས་ཀུན་གྱིས་གསར་དུ་ཡོང་བའི་སློབ་གྲོགས་བུ་མོ་དེ་རུབ་ནས་ཨ་གསར་བྱེད་པ་ལས་ང་ལ་དོ་སྣང་ཆེར་བྱེད་ཀྱིན་མེད་པ་འདྲ། ཡང་སློབ་གྲོགས་ལ་ལས་ངའི་ཕྱོགས་སུ་མཆུ་སྟོན་བྱེད་བཞིན་མོ་ལ་སྐད་ཆ་ཅི་ཞིག་བཤད་ཀྱིན་འདུག ཁོ་ཚོས་ང་ས་འོག་ནས་སྐྱེས་པ་རེད་ཅེས་མོ་ལ་བཤད་ཀྱིན་ཡོད་དམ།
ངས་ཡུན་རིང་བོར་བསྒུགས་མཐར། ནམ་རྒྱུན་རྣ་བར་འཛེར་འཛེར་དུ་གྲག་པའི་ཅོང་བརྡ་དེ་སྙན་ལྷང་ལྷང་གིས་གྲག་ལ། སྐད་ཡིག་དགེ་རྒན་ཡང་དུས་ཐོག་ཏུ་སློབ་ཐུན་འཚོག་པར་སླེབས། ཁོང་གིས་ཁྲིད་དེབ་ཁྲིད་སྟེགས་ཀྱི་ཟུར་ཞིག་ཏུ་བཞག་ནས་སློབ་གྲོགས་ཚོའི་ཁྲོད་དུ་མིག་ཉུལ་ཞིག་བྱས་ཤིང་། སྟོང་བར་ལུས་པའི་འདུག་སྟེགས་གཅིག་ཀྱང་མ་མཐོང་བས་ང་ལ་ཕྱོགས་ནས་ལས་བྱ་བྲིས་ཚར་རམ་ཟེར། ངས་སྐད་ཆ་དེར་བསྒུགས་ཡོད་པས་མྱུར་དུ་བྲིས་ཡོད་ཅེས་བཤད་ཞོར་མདུན་ཅོག་སྟེང་གི་འབྲི་དེབ་དགེ་རྒན་ལ་བསྲིངས། ཁོང་གིས་ངས་བྲིས་པའི་རྩོམ་ཡིག་ལ་ལྟ་བཞིན་མགོ་བོ་ལྡེམ་ཙམ་ལྡེམ་ཙམ་བྱེད། ངས་ཧ་ཅང་ཡིད་ཚིམ་པའི་ཉམས་ཀྱིས་སློབ་གྲོགས་ཚོའི་ཁྲོད་དུ་མིག་ཉུལ་ཞིག་བྱས་མོད། སློབ་གྲོགས་ཚོས་གསར་དུ་ཡོང་བའི་སློབ་གྲོགས་བུ་མོ་དེ་ལ་ཨ་གསར་གྱི་མིག་མདའ་འཕེན་པ་ལས་ང་ལ་ལྟ་མཁན་མ་བྱུང་། བར་དེར་སྐད་ཡིག་དགེ་རྒན་གྱིས་བསམ་དབང་དྲན་དབང་མེད་པར་ང་ལ་ཁ་སང་སྔ་དྲོ་ལྟར་འགྲམ་ལྕག་ཅལ་སྒྲ་གྲག་པ་ཞིག་གཞུས་སོང་། ཅལ་སྒྲ་གྲག་པའི་འགྲམ་ལྕག་དེས་སྐད་ཅིག་ཉིད་ལ་ཚ་ཚ་འུར་འུར་གྱི་སློབ་ཁང་འཇམ་ཅག་གེར་བྱས་ལ། སློབ་གྲོགས་ཚང་མའི་མིག་མདངས་རང་བཞིན་གྱིས་ངའི་སྟེང་དུ་འཁོར། ངས་འགྲམ་པ་ལག་པས་སྐྱོར་ཞོར་གཉོམ་དུང་དུང་གི་མིག་མདངས་ཀྱིས་དགེ་རྒན་གྱི་གདོང་ལ་བལྟས་ནས་བསྡད།
“རྟ་གཡུང་བའི་རྩེད་མོ། ཉོག་གཏམ། ཁྱེད་ཚང་གི་ཕ་མ་གཉིས་བྱིས་པ་ཡིན་ནམ། འདི་འདྲའི་རྩོམ་ཡིག་འབྲི་ཚུལ་ཞིག་གང་ན་ཡོད།”
ངས་རྩོམ་ཡིག་ཏུ་མདང་ནུབ་ཨ་མ་དང་མགྲོན་པོ་ཆ་མེད་དེ་གཉིས་ཀྱིས་རྟ་གཡུང་བའི་རྩེད་མོ་བརྩེས་པའི་སྐོར་བྲིས་པ་ལན་ནམ། ངས་རང་གིས་བྱས་ཉེས་ཅི་ཞིག་བཟོས་པ་མི་ཤེས། འོན་ཀྱང་། སྐད་ཡིག་དགེ་རྒན་གྱི་སྐད་གདངས་ལ་ཁ་སང་ལྟར་ངར་ཤུགས་ཀྱིས་ཁེངས་འདུག སྐབས་དེར་ཁུ་སིམ་མེར་ལུས་པའི་སློབ་ཁང་ལས་སློབ་གྲོགས་ཚོའི་ཧབ་ཆ་ནི་རགས་ལས་ཤོར་བའི་ཆུ་བོ་ལྟར་འུར་ཆི་ལེར་སོང་། འུར་ཆི་ལེར་སོང་བའི་ཧབ་ཆའི་གསེང་ནས་ངས་གསར་དུ་ཡོང་བའི་སློབ་གྲོགས་བུ་མོ་དེ་མཐོང་། ངས་ད་དུང་མོའི་མིང་མི་ཤེས། མོའི་འདྲིས་ཆ་མེད་པའི་མིག་མདངས་ཀྱིས་ང་ལ་བལྟས་འདུག་པ་ནི་ཁྱོད་དངོས་གནས་ས་འོག་ནས་སྐྱེས་པ་ཡིན་ནམ་ཞེས་འདྲི་བ་དང་མཚུངས། །