གྲིབ་གཟུགས།
ཀ༽
དེ་རིང་ཡང་ཁོས་མི་ཚོགས་འདུས་ས་ནས་འུད་ཤོབ་རྒྱག་བཞིན་འདུག དེ་ནི་ནམ་རྒྱུན་ཁོ་རང་མཐོང་ས་སྟེ་གླིང་ཀའི་དཀྱིལ་གྱི་ཤིང་སྡོང་ཆེན་པོ་དེའི་འོག་རེད། ཐབ་ཚང་མདུན་དུ་བང་རིམ་བསྒྲིགས་ནས་ཁ་ལག་བླངས་པ་དང་གྲྭ་པ་མང་ཆེ་བ་ཤིང་སྡོང་ཆེན་པོ་དེའི་བསིལ་གྲིབ་འོག་ཏུ་རང་གི་གྲོགས་པོ་དག་ཡོད་སར་ཚོ་ཚོ་བྱས་ནས་ཟ་མ་ཟ་བཞིན་ཡོད། ཧ་ཧ་ཧ་ཧ་་་་་་་་་་་ མི་དེ་ཟེར་རམ། ཁོའི་ཞབས་འདྲེན་འདི་ཙམ་གྱིས་ག་ལ་ཚད། ད་དུང་་་་་ ཧ་ཧ་ཧ་་་་་་ ཁོ་གཙོ་བྱས་པའི་ཁོ་ཚོ་ཁྱུ་ཞིག་གིས་དེ་རིང་ཡང་མི་སུ་ཞིག་གི་མགོ་མཇུག་བར་གསུམ་གྱི་སྐྱོན་ཆ་གླེངས་ནས་ཧབ་དགོད་རྒྱག་པར་བྱེད། ཤིང་སྡོང་གི་རྩེ་ནས་འདབ་ལོ་སེར་པོས་གར་སྟབས་ལང་ལིང་བསྒྱུར་ནས་ས་གཞིའི་ཕང་བར་ལྷུང་བཞིན་པ་དང༌། བསིལ་རླུང་འཇམ་པོས་ཚ་གདུག་གི་རྔུལ་ཆུས་བརླན་པའི་མི་ཚོའི་ངོ་གདོང་ལ་བྱིལ་བྱིལ་བགྱི་བཞིན་ཡོད་ནའང༌། ཁོ་གཙོ་བྱས་པའི་ཁོ་ཚོས་དེ་འདྲ་ཅང་ཚོར་གྱིན་མེད་དེ་སེམས་ཀྱི་འཆར་སྒོ་ཡོད་ཚད་འུར་གཏམ་ནང་ལ་ཐིམ་ཟིན་པས་རེད། ཐ་ན་ཉེ་འཁོར་གྱི་མི་ཚོས་ཁོ་ཚོ་ལ་རྣམ་འགྱུར་ཅི་འདྲ་ཞིག་བཟུང་ཡོད་མེད་ལའང་དོ་སྣང་རྩ་བ་ནས་མེད། ད་ལོའི་ལོ་རྒྱུགས་གྲུབ་འབྲས་ལེན་སྐབས་ཁོ་གཙོ་བྱས་པའི་ཁོ་ཚོས་སྐྱབས་ཨང་བཞི་བཞི་ལྔ་ལྔ་བླངས་ཡོད་ལ་ཁོ་ཚོའི་ནང་ནས་རེ་གཉིས་ཤིག་ཨང་ཚད་མ་ལོན་པའི་གྲལ་དུ་ཚུད་ཡོད་ཀྱང༌། ཁོ་ཚོའི་གདོང་གི་རྣམ་འགྱུར་ནི་དགའ་འོས་པའི་དོན་དག་ཅིག་ལ་ཕྲད་པ་བཞིན་འཛུམ་གྱིས་ཁེངས་འདུག མ་གཞི་ནས་ལོ་རྒྱུགས་ཇི་ལྟར་བཏང་ཡོད་མེད་ནི་སོ་སོའི་སེམས་ནང་ཁྲིག་ཁྲིག་ཡིན་པས་རྒྱུགས་འབྲས་ལ་མ་མོས་པའི་བསམ་བློ་ནི་ཅུང་ཟད་ཙམ་ཡང་འཁོར་མ་མྱོང༌། དེ་ནི་ཁོ་ཚོ་རྒྱུགས་སྤྲོད་ལ་རྒྱུས་ལོན་ཆེ་དྲགས་པའི་རྐྱེན་གྱིས་ཀྱང་རེད། མི་གཞན་གྱིས་བཤད་པའི་སྐད་ཆ་ལ་བྱུས་གཏོགས་བྱས་ནས་སྣོན་མ་སྣ་ཚོགས་བརྒྱབས་ཏེ་ཁ་མཚར་སློང་རྒྱུ་ནི་མ་གཞི་ནས་ཁོ་ཚོའི་ནང་གི་ཁོའི་མ་བསྐུལ་དང་བླངས་ཀྱི་ལས་འགན་རེད། འོན་ཏེ་ཁོ་རང་ཉིད་ལའང་འདི་ཡིན་ཟེར་བའི་བསམ་བློ་ནན་པོ་ཞིག་དང་ཁ་ཕྱོགས་གསལ་པོ་ཞིག་ནི་དེ་བས་མེད། ཁོས་བཤད་རྒྱུ་མང་དྲགས་པ་ཡིན་ནམ། མི་ཚོས་ཉན་རྒྱུ་མང་བའི་སྐྱོན་ཡིན་ད་དུང་དབྱེ་ཞིབ་བྱེད་དཀའ་ཡང་ཡིན་མདོག་ཁ་པོས་བཤད་པའི་སྐད་ཆ་མང་ཆེ་བ་ནི་མི་ཚོར་སུན་པོ་བཟོ་བའི་རྐྱེན་ཙམ་དུ་ཟད། ཡིན་ནའང་ཁོ་ད་དུང་མི་ཚོགས་ཀྱི་དབུས་སུ་འཚང་ག་རྒྱག་རྒྱུ་དང་མི་ཚོགས་ཀྱི་དཀྱིལ་ནས་སྐད་ཆ་ཅི་ཞིག་བཤད་རྒྱུར་དེ་བས་དགའ་མཁན་ཞིག་ཡིན་པས། མི་ཚོས་གང་སར་ཅི་ཞིག་ལ་འུར་རྒྱག་གིན་ཡོད་ན་དེར་ཁོ་ཡོད་པ་ནི་བཤད་མི་དགོས། ཁོ་ནི་སུ་ཞིག་ཡིན་ནམ།་་་་་་་
ཁ༽
་་་་་་ང་སུ་རེད་དམ། ཁྱོད་ཁྱོད་རང་རེད། ང་སུ་རེད་དམ། ་་་་་འོ་རེད་ང་ང་རང་རེད། ་་་་་་་ དྲི་ལན་འདི་དག་ནི་ཁོས་གཞུང་བཀའ་པོད་ནང་ནས་རྩེད་མཚར་གྱི་ཚུལ་དུ་བདག་གམ་ང་བཙལ་བའི་གོ་རིམ་ཁྲོད་ཀྱི་སྐད་ཆ་རེད། འོ་་་་་ཁོ་ནི་འབྱོར་ལྡན་རེད། ང་སུ་རེད་དམ་ཞེས་པའི་དྲི་བ་འདི་ནི་ཁོས་དབུ་མའི་གཞུང་སྦྱོང་བའི་སྐབས་སུ་འཛིན་གྲྭའི་དགེ་རྒན་ལ་དྲིས་པ་ཞིག་ཡིན། དབེན་འཇགས་མིན་པའི་འཛིན་ཁང་དེ་ནས་ཁོས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བསྐོར་ཏེ་ང་རྩད་གཅོད་ཀྱིན་ཡོད།
་་་་་་་ ཆོས་ཐམས་ཅད་སྐྱེ་མེད་ཡིན་ན་ང་ཡང་སྐྱེ་མེད་ཡིན་རྒྱུ་རེད། དེས་ན་ང་ནི་མ་སྐྱེས་པ་ཡིན་ནམ། འོ་ན་སྐྱེས་ཟིན་པའི་ང་འདི་ཅི་ཞིག་ཡིན་ནམ། ཇི་སྐད་དུ། ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ། ཞེས་གསུངས་ན་ང་ནི་ཡི་གེ་ཨ་ཞིག་ཡིན་ནམ།
་་་་་་་་་ང་སུ་ཡིན་ནམ། ་་་་་་་ང་ཅི་ཞིག་ཡིན་ནམ། ཁོས་དབུ་མའི་གཏན་ཚིགས་དག་ལ་སྦྱངས་གོམས་ཆེ་ཁུལ་གྱིས་ང་བཙལ་བཙལ་ཀྱང་འཚོལ་བཞིན་པའི་ང་དེ་སྐད་ཅིག་ཉིད་ལ་བོར་སོང་བའི་སྣང་བ་སྐྱེས།
་་་་་་་་་་རྒན་ལགས། ང་སུ་རེད་དམ། ཁོས་འཚབ་འཚུབ་ངང་ནས་འཛིན་གྲྭའི་དགེ་རྒན་ལ་དྲིས། ཧ་ཧ་ཧ་ཧོ་ཧོ་་་་་་འཛིན་ཁང་དེ་རེ་ཞིག་ལ་གད་མོ་འུར་དིར་རེར་གྱུར། ཧབ་ཆས་གང་བའི་འཛིན་གྲྭ་དེའི་ནང་ནས་མཐའ་མར་ཁོ་ལ་ལན་ཞིག་རྙེད་པ་ནི། གད་མོས་གྲོད་ཁོག་ན་བཞིན་པའི་རྒན་ལགས་དེས་དལ་ལྷོད་ལྷོད་ངང་ནས། ཁྱོད་ཁྱོད་རང་མིན་ནམ།
་་་་་ཡ་་་་འོ་ན་ཁྱོད་སྟོང་ཉིད་ཡིན་པར་ཐལ། ཞེས་ཐལ་ངག་འཕེན་བཞིན་རྩེད་མཚར་བྱས། འོ་རེད་ཡིན་དགོས་བྱུང༌། ང་ང་རང་རེད། སྟོང་ཉིད་ག་ལ་ཡིན། གལ་ཏེ་སྟོང་ཉིད་ཡིན་ན་ས་སྟོང་པ་གནམ་སྟོང་པ། བྱང་ཐང་སྟོང་པ། ད་དུང་འབའ་ཁུག་སྟོང་པ། ཨ་ཧོ། སྟོང་ཉིད་ལས་ལྷག་པའི་སྡུག་བསྔལ་ཆེ་བ་གྲྭ་རྐྱང་ལ་ཅི་ཞིག་ཡོད། ་་་་་་་་་་་་ སྐད་ཆ་འདི་དག་ཁོའི་ཀླད་པའི་ནང་འཁོར་མ་ཐག་ཁོའི་ཁ་ནས། ང་ང་རང་ལོས་ཡིན། ཞེས་ཤོར་བས་སླར་ཡང་འཛིན་ཁང་དེ་རེ་ཞིག་ལ་ཧབ་དགོད་ཀྱིས་གང་སོང༌། འབྱོར་ལྡན་འཛིན་གྲྭ་གྲོལ་ནས་ཐད་ཀར་ཤག་ལ་བསླེབས། སྒེའུ་ཁུང་ཕྱེས་ནས་སློབ་ཚན་དེབ་དེ་རྒྱ་ཅོག་སྒང་ལ་གཡུགས། ཁོས་ཉལ་ཁྲིའི་སྟེང་འཕྲེད་མ་འགྱེལ་གྱིས་བྱུང་མ་ཐག་པའི་འཛིན་ཁང་ནང་གི་དོན་དག་ལ་བསམ་བློ་གཏོང་གིན་གཏོང་གིན་འཛིན་གྲོགས་ཚོའི་ཧབ་ཆ་དེ་རང་གི་རྣ་བ་དང་ཉེ་རུ་ཉེ་རུ་འོང་བའི་ཚོར་སྣང་བྱུང༌། ཅང་མ་འགོར་བར་འབྱོར་ལྡན་གྱི་བསམ་བློ་ཉོག་གཏམ་དག་གི་ནང་ཚུད་སོང༌།
་་་་་་ཧེ། ངས་རང་ཉིད་སུ་རེད་ཅེས་དྲིས་པར་ཁོ་ཚོས་དེ་འདྲ་ཧབ་ཆ་རྒྱག་དོན་ཡོད་དམ། མ་གཞི་ནས་ཁོ་སུ་རེད་དམ། མི་དེ་སུ་རེད་དམ། ཁོང་ཚོ་སུ་རེད་དམ། ཁྱོད་སུ་རེད་དམ། ཁོ་མོ་སུ་ཡིན་ནམ་་་་་་་་་
དྲི་བ་འདི་འདྲ་འདྲི་མཁན་ནི་མི་ཆེས་མོད་པོ་ཡིན་ཡང་ང་སུ་རེད་དམ་ཞེས་འདྲི་མཁན་ནི་ཆེས་ཉུང་ཉུང་ཡིན་ཚོད་རེད། ང་སུ་རེད་དམ་ཞེས་འདྲི་བ་ནི་ངས་རང་ཉིད་ལ་ཐེ་གཏོགས་བྱས་པ་ཙམ་ཡིན། རང་ཉིད་ལ་ཐེ་གཏོགས་བྱས་པ་དེར་སྐྱོན་ཅི་ཞིག་ཡོད་དེ། མི་ཚོས་ཀྱང་མིག་ཟུང་ཆེན་པོར་བགྲད་ནས་མིང་ཐོའི་གསེང་ནས་རང་ཉིད་ཀྱི་མིང་ཡོད་མེད་ལྟ་བ་དང༌། འཛིན་གྲྭ་མཉམ་འཛོམས་འདྲ་པར་དབུས་ནས་རང་ཉིད་ཀྱི་ངོ་གདོང་འཚོལ་བ་དང༌། མཐོ་རྒྱུགས་གྲུབ་འབྲས་རེ་རེའི་མིང་ཐོ་ཀློག་དུས་སྙིང་ཆུང་དྲག་ཏུ་འཕར་བ་དག་ཀྱང་མདོ་དོན་མི་ཚོས་རང་ཉིད་ལ་ཐེ་ཇུས་བྱས་པའི་རྣམ་འགྱུར་སྙིང་རྗེ་བོ་རེ་རེ་ཅི་ལ་མིན། ་་་་་་་་ཧ་ཧ་ ཁོ་ཚོས་ང་ལ་ཀུ་རེ་བརྩེས་འདུག
ཁོས་ཆིག་ལབ་རྒྱག་བཞིན་པའི་སྒང་དེར་ཁ་པར་སྐད་བརྒྱབས། ་་་་་་་་ངའི་སེམས་པ་ཁྱེར་སོང་ཁྱེར་སོང༌། །ངའི་སེམས་པ་བརླགས་སོང་བརླགས་སོང༌། །ག་བ་བལྟས་ནའང་་་་་་་་་་་་་་་་་་་་་་་་་་་་་་་་་ ཝའེ་་་་་་་་་ ཁ་པར་ལ་ཨ་ལན་རྒྱག་བཞིན་ཁོ་ཡར་ལངས་ཏེ་ཤག་ཕྱི་ལ་ཐོན། འབྱོར་ལྡན་ལ་རང་ཚུགས་མེད། འབྱོར་ལྡན་ལ་ཡོན་ཏན་མེད། འབྱོར་ལྡན་ལབ་སྟོང་རྒྱག་པར་དགའ། འབྱོར་ལྡན་སྐབས་རེ་གཅིག་པུར་བསམ་བློ་གཏོང་རྒྱུར་ཡང་དགའ། འབྱོར་ལྡན་ཁ་པར་ལ་ཤིན་ཏུ་དགའ། འབྱོར་ལྡན་མི་ཚོའི་མདུན་ནས་རྫིག་རྫིག་བྱེད་རྒྱུ་དེ་བས་དགའ། འདི་ཚོ་ནི་འབྱོར་ལྡན་གྱི་དགའ་ཕྱོགས་དང་རང་བཞིན་རེད། དེས་ན་ཁ་པར་ནི་ཁོའི་རྫིག་ཉམས་སྟོན་བྱེད་ཀྱི་ལག་ཆ་རྩ་ཆེན་ཞིག་ཡིན། ཡིན་ནའང་ཁོས་བསམ་པ་ནང་བཞིན་གྱི་ཁ་པར་དེ་ད་དུང་ལག་ལ་འབྱོར་མེད། འབྱོར་ལྡན་གྱི་ཁ་པར་ནི་ཐོན་ནས་ལོ་བཞི་ལྔ་ཙམ་སོང་ཟིན་པའི་ནོ་ཀི་ཡ་ (NOKIA) རྟགས་ཅན་རྙིང་གོག་ཅིག་རེད། ཁ་པར་གསར་པ་ལག་ལ་འཐོབ་འདོད་ཀྱི་བསམ་བློ་ཤུགས་དྲག་པོ་དེས་ཁོ་རང་གར་སྡོད་དུ་ག་ལ་འཇུག་སྟེ། དུས་ཚོད་ཁོམ་མིན་ལ་མ་ལྟོས་པར་ཁ་པར་བརྒྱུད་ནས་རང་གི་ཨ་ཕ་ལ་དངུལ་བསྐུར་དགོས་ལུགས་ཀྱི་དཀའ་ངལ་མང་པོ་ཞིག་ཡིན་ཡིན་འགྲིག་འགྲིག་ལྟར་བྱས་ནས་བཤད། ཁོས་ཛ་དྲག་གི་གནས་ཚུལ་གཞན་ཞིག་ལ་ཁ་གཡར་ནས་སྒོར་མོ་བསྐུར་དགོས་ཚུལ་གྱི་གནས་ལུགས་གང་མང་བཤད་པ་ན། ཁོའི་ཨ་ཕས་ཀྱང་ལག་ནང་སྒོར་མོ་གང་ཡོད་དངུལ་ཁང་བརྒྱུད་ནས་ཁོ་ལ་བསྐུར་ཟིན་ནའང་ཁོ་ད་དུང་འདོད་པ་ཚིམས་མེད་པ་འདྲ་སྟེ། ཁོས་ཁ་པར་ནང་ནས་ཨ་ཕ་ལ་བཀའ་དྲིན་མཚོན་པའི་ཚིག་སྐམ་ཙམ་ཞིག་ཀྱང་བཤད་མེད། འབྱོར་ལྡན་ལའང་ཁག་མེད་པ་འདྲ་སྟེ། ཁོའི་ཉེ་འཁོར་གྱི་གྲོགས་པོ་ཁ་ཤས་ལ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དང༌། ཡང་ཁ་ཤས་ལ་ཀུ་ཤུ་རྟགས་ཅན་གྱི་རྩིས་འཕྲུལ་འཆང་རྒྱུ་ཡོད་པ་མིན་ནམ། ཁ་པར་དཀྱུས་མ་ཞིག་ཀྱང་བེད་སྤྱོད་ཡག་པོ་གཏོང་མི་ཤེས་པའི་ཁོའི་གྲོགས་པོ་ཚོས་རྩིས་འཕྲུལ་རྫིག་པོ་དེ་འདྲ་འཆང་གི་ཡོད་ཟེར་ན། རྣ་བར་མི་འགྲོ་བའི་སྐད་ཆ་ཡིན་པ་ཁོས་ཤེས་ཀྱིན་ཡོད་ན་ཡང་གང་ལྟར་རང་ལ་ཡོད་མེད་གཉིས་ནི་རྩ་བ་ནས་འདྲ་ཐབས་མེད་པས། ཁོ་ཡང་གྲོགས་པོ་ཚོར་བལྟས་ནས་འགྲམ་ཆུ་ལྡང་བ་ནི་ཐེངས་མ་གཅིག་ག་ལ་ཡིན། ཁོས་དེ་འདྲ་བསམ་ཐེངས་རེ་རེར་རང་ཉིད་ནི་མི་ཚོའི་ཆེས་དམའ་ས་དམའ་ས་ཞིག་ན་ཡོད་པར་ཚོར་གྱིན་ཡོད་ལ་དེ་དང་མཉམ་དུ་རང་ཉིད་ཀྱི་ཕ་མ་ནི་འཇོན་ཐང་མེད་མཁན་ནང་ནས་ཀྱང་མཐའ་མ་ཞིག་རེད་ཅེས་སེམས་ནང་དྲན་བཞིན་མཆིས། ཁ་པར་ནང་ནས་ཁོའི་ཨ་ཕས། ་་་་་ཁྱོད་རང་སེམས་ལྷོད་ལ་ཕབ་ནས་སློབ་སྦྱོང་གྱིས་དང༌། དོན་དག་དེ་ཨ་ཕས་འཆུག་མི་ཡོང༌། ཞེས་བརྗོད་ཡོད།
་་་་་སྒོར་མོ་ཡོད་དུས་གྲོགས་པོ་ཡོད།་་་་་་་་་ སྐད་ཆ་འདི་ནི་ཁོའི་གྲོགས་པོ་ཞིག་གིས་སྔར་ཁོ་ལ་བཤད་མྱོང༌། ད་ལྟ་འབྱོར་ལྡན་གྱི་མཐའ་འཁོར་ན་ནམ་ཡང་གྲོགས་པོ་གཉིས་གསུམ་རེས་བསྐོར་ཡོད། ཁོའི་ཨ་ཕས་བསྐུར་བའི་ཁྲི་ཁ་ལོངས་མ་ལོངས་ཙམ་གྱི་སྒོར་མོ་ནི་ཁ་པར་ཉོ་རྒྱུ་ཕར་བཞག་ནས་ཉིན་རེ་ནས་ཉིན་རེར་མར་ངོའི་ཟླ་བའི་བྱད་གཟུགས་ལ་འགྲན་བཞིན་འདུག དེང་སང་ཞོགས་དགོང་ཡོད་ཚད་ལ་འབྱོར་ལྡན་ནམ་ཡང་གྲོགས་པོ་གཉིས་གསུམ་གྱི་དབུས་ནས་ཟ་ཁང་ནང་མཐོང་ཐུབ། མཚམས་རེ་ཁོ་ཚོས་གླང་དམར་རྟགས་ཅན་གྱི་ཆུ་མངར་རེ་བཟུང་སྟེ་མཆོད་རྟེན་སྐོར་ལམ་གྱི་སྟེགས་བུའི་སྒང་བསྡད་ནས་མི་ཚོགས་ལ་ལྟ་བཞིན་ཧབ་དགོད་རྒྱག་པར་བྱེད། དེ་དུས་ཁོ་ཚོའི་ནང་ནས་སྐད་འགོ་མཐོ་ཤོས་ནི་འབྱོར་ལྡན་ཡིན་པ་སྨོས་མ་དགོས།
་་་་་་སྒོར་མོ་མེད་དུས་གྲོགས་པོ་མེད། ་་་་་་་་་་ བསམ་ཚུལ་འདི་ནི་འབྱོར་ལྡན་ཁོ་རང་གི་ཉམས་མྱོང་གིས་བྱིན་པའི་སྡོམ་ཚིག་ཅིག་རེད། ཁོའི་དངུལ་རྫོགས་གྲབས་བྱེད་དུས་མཐའ་འཁོར་གྱི་གྲོགས་པོ་ཚོ་རེ་རེ་བྱས་ནས་ཁོ་དང་རྒྱང་ཐག་བཀྱེད་ཅི་ཐུབ་བྱས། དེང་སང་འབྱོར་ལྡན་ཡོད་ས་ན་ཁོའི་ལུས་དང་གྲིབ་མ་གཉིས་མ་གཏོགས་གཞན་སུ་ཡང་མཐོང་རྒྱུ་མི་འདུག ཁ་པར་གསར་པ་ཉོ་འདོད་ཀྱི་བསམ་བློའི་ཟ་ཕྲུག་དེས་ཁོ་སྡོད་མ་ཚུགས་པར་གྲོགས་པོ་ཚོའི་རྩར་རེ་འདོད་ཆེན་པོས་སྒོར་མོ་སྐྱི་བར་སོང་ནའང་འདོད་ཐོག་ལ་རྟ་མ་རྒྱུག གྲོགས་པོ་ཚོས་ཁོ་ལ་གཅིག་མཚུངས་ཀྱི་ལན་ཞིག་སྤྲད་པ་ནི། ་་་་ཁྱོད་ལ་མེད་ན་ང་ཚོར་ག་ནས་ཡོད། ཅེས་པ་དེ་རེད། ངོ་སོ་བསྟོད་མཁས་པའི་འབྱོར་ལྡན་གྱི་གྲོགས་པོ་ཚོས་ཁོ་དང་བར་ཐག་ངེས་ཅན་ཞིག་བཞག་ཟིན་དུས་ཁོ་རང་རྦད་དེ་ཆིག་རྐྱང་དུ་ལུས། འོན་ཏེ་སྐབས་རེ་འབྱོར་ལྡན་གྱི་བསམ་པར་སྒོར་མོ་མེད་པའི་དུས་སྐབས་ནི་ཆེས་སྐྱིད་པོ་ཡིན་པ་ཚོར་གྱིན་ཡོད་དེ། སྒོར་མོ་མེད་དུས་ལབ་སྟོང་རྒྱག་གྲོགས་དེ་ཚོ་མེད་ལ། དེས་ན་དོན་མེད་གཞན་ལ་ཁ་རྡུང་གཏོང་མཁན་ཡང་མེད་སོང་བ་མ་རེད་དམ། མ་གཞི་སྒོར་མོའི་མཁོ་གལ་དེ་ཙམ་མེད་ན་ཕ་མ་ལའང་རྫུན་བཤད་མ་དགོས་པ་རེད་ལ། ཕ་མའི་རེ་བ་བཞིན་ཉིན་རྒྱུན་སློབ་སྦྱོང་ཅུང་ཟད་རེའང་བྱེད་མི་ཐུབ་པའི་ངེས་པ་ག་ལ་ཡོད། ཡིན་ན་ཡང་འབྱོར་ལྡན་གྱི་མིག་ལམ་དུ་ད་དུང་ཡང་སེམ་སུང་(SAMSUNG) རྟགས་ཅན་གྱི་ཁ་པར་ཆེ་ཆུང་དེབ་ཆུང་ཞིག་གི་ཚད་དང་མཉམ་པ་དེ་འགོག་ཐབས་མེད་པར་ཁྲ་ལམ་ལམ་ངང་ཤར་འོང༌། སྨག་འཐིབས་ལ་ཉེ་བའི་དགོང་དྲོ་དེར་འབྱོར་ལྡན་ཁ་པར་རྙིང་གོག་དེ་ལག་པས་འཕུར་བཞིན་ཤག་ནང་གི་ཉལ་ཁྲིའི་སྟེང་ནས་ཙོག་མ་སྙེས་ལ་བསྡད་འདུག ད་ལྟ་ཁོའི་ལག་ན་སྒོར་རྡོག་བརྒྱ་ལོར་གཅིག་ཀྱང་ཕལ་ཆེར་ལྷག་མེད་ཚོད་རེད། ཁ་པར་གསར་པ་ཞིག་ཉོ་མ་ཐུབ་པ་དེས་ཁོའི་སེམས་ལྷོད་ལ་འབབ་ཐབས་ཁྱོན་ནས་མེད་པ་འདྲ་སྟེ། ཁོའི་ངོ་གདོང་ལ་སུན་སྣང་གི་ཤ་གཅུས་བརྒྱབས་ནས་ཅི་ཞིག་ལ་བསམ་བློ་གཏོང་གིན་འདུག འབྱོར་ལྡན་ནི་མ་གཞི་ནས་མེད་པ་དགུ་འཛོམས་གྱི་མི་ཞིག་ཡིན་ཡང་སྐབས་དེ་དུས་མེད་པ་སུམ་འཛོམས་ཤིག་ཡིན་པ་ནི་རང་ཉིད་ཀྱིས་ཀྱང་ངོས་ལེན་བྱེད་ཀྱིན་འདུག་སྟེ།
་་་་་་་་ སྒོར་མོ་མེད། གྲོགས་པོ་མེད། ཁ་པར་གསར་པའང་མེད། ་་་་་ག་བ་བལྟས་ནའང་་་་་་་་་་་་ ངའི་སེམས་པ་ཁྱེར་སོང་ཁྱེར་སོང༌།། ངའི་སེམས་པ་བརླགས་སོང་བརླགས་སོང༌།། ཁ་པར་གྱི་སྒྲ་དེས་ཁོ་དེ་བས་ཀྱང་སེམས་མ་སྐྱིད་པར་བཏང༌། ཁོས་ཡིན་ལ་མིན་པའི་ངང་ནས་ཁ་པར་རྣ་རྩར་སྦྱར་དུས་དེ་ནི་ཉེ་འཁོར་གྱི་མི་སུ་ཡང་མིན་པར་གཞུང་བཏང་ཁ་པར་(company call) ཞིག་འབྱོར་བ་རེད་འདུག མི་འུ་ཐུག་དུས་རོ་རྙིང་འདིས་ཀྱང་་་་་་་་ཞེས་ལབ་ཞོར་ཆོབ་སྒྲ་དང་ལྷན་ས་ལ་བརྡབས། ཁ་པར་དུམ་བུ་གསུམ་དུ་ཏག་ཏག་གས་ཡོད་པ་མཐོང་དུས་ཁོའི་སྙིང་རླུང་ཡང་ཅུང་ཟད་ཞི་བའི་ཚོར་སྣང་བྱུང༌།
ག༽
ཕྱི་རོལ་ནས་ཆར་པ་སིབ་སིབ་འབབ་པའི་ཉིན་ཞིག་ལ་འབྱོར་ལྡན་ཤག་ནང་གི་མེ་ལོང་ཆེན་པོ་དེའི་མདུན་དུ་ལངས་ནས་འདི་ཡིན་ཟེར་ཆོག་པའི་ཡོན་ཏན་སྣ་ཁ་གཅིག་ཀྱང་འཆང་རྒྱུ་མེད་པའི་རང་ཉིད་ལ་ལྟ་དུས་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་སོང༌། ཁོས་རང་ཉིད་ནི་རང་གི་ཕ་མ་ལའང་མགོ་སྐོར་གཏོང་ཕོད་མཁན་ཅི་འདྲའི་མི་ཁྲེལ་མེད་ཞེ་མེར་རྒྱུ་ཞིག་རེད་ཨང་སྙམ། གོ་མེད་ཚོར་མེད་དུ་བསྐྱལ་བའི་འདས་པའི་མི་ཚེ་ལ་ཕྱིར་འདང་རྒྱག་གིན་རྒྱག་གིན་རང་གི་མིག་མདུན་དུ་ལྷག་པའི་མི་ཚེའི་གནས་བབས་ནི་ཤིན་ཏུ་ཡ་ང་བར་མཐོང༌། མི་ཡུལ་ནས་ལོ་ངོ་བཅུ་ཕྲག་འདས་ཟིན་པའི་དེ་རིང་གཞི་ནས་ཁོས་རང་ཉིད་དང་ཐག་ཉེ་ས་ན་ཡོད་ཡོད་འདྲ་བའི་ཕ་ཡུལ། རྒྱང་རིང་རྒྱང་རིང་གི་ཕ་མ་སྤུན་ཟླ། ད་དུང་ཕ་ཡུལ་གྱི་རི་ཆུ་ཐང་གསུམ་དང་ཆུང་དུས་ཀྱི་རྩེད་གྲོགས་རྣམས་དྲན་སོང༌། དྲན་དྲན་ནས་མཐར་ཁོ་ངུས་སོང༌། ངུས་དྲགས་པའི་མིག་ཆུའི་རྡོག་པོ་རེ་རེ་ཁོའི་འགྲམ་ངོས་ནས་ཐུར་ལ་འགྲིལ་འོང་སྟངས་ནི་སྒེའུ་ཁུང་གི་ཤེལ་ངོས་ན་བཞུར་གྱིན་པའི་ཆར་ཆུ་ལ་འགྲན་སྡུར་བྱེད་པ་ལྟར་སྣང༌། ནམ་རྒྱུན་འབྱོར་ལྡན་ལ་མིག་ཆུ་མེད་ཟེར་ནའང་ཁོའི་མིག་ཆུ་ནི་གཞོན་དུས་ནས་སྐམ་ཟིན་པར་བཤད་ན་འོས་འཚམས་ཡིན་ཏེ། གྲྭ་རྐྱང་ཞིག་ལ་མཚོན་ན་མིག་ཆུ་ཤོར་སོང་ཟེར་བ་ནི་གད་མོ་འཆོར་སའི་སྐད་ཆ་ཞིག་ལ་རྩི་བ་ཡིན། ཁེར་རྐྱང་གི་ལྷགས་རླུང་འགམས་རྒྱུ་མང་དྲགས་པའམ། མི་ཡུལ་གྱི་ས་མཐའ་ནས་སེམས་པ་རྒོད་ལ་ཤོར་ཟིན་པས་ཡིན། གང་ལྟར་ངུ་མི་ཤེས་ལ་དགོད་ཀྱང་དེ་ཙམ་མི་ཤེས་པ་ནི་འབྱོར་ལྡན་གཙོ་བྱས་པའི་གྲྭ་རྐྱང་ཚོའི་ལས་དབང་རེད། འོན་ཏེ་དེ་རིང་ལོ་མང་པོའི་རྗེས་ནས་ཁོས་མིག་ཆུ་བཏང་སོང༌། ཁོས་ད་ལྟ་མིག་ཆུ་ཤོར་བ་ནི་འདས་དོན་དག་གིས་བྱིན་པའི་དྲན་གདུང་གི་ན་ཟུག་གཅིག་པུས་མིན་ཏེ། ཕ་ཡུལ་གྱི་ས་རྐོ་རྡོ་སློག་ཁྲོད་ཀྱི་འཚོ་བ་ཉམ་ཆུང་དེ་དང་ཕ་མའི་ཡ་ཐོད་ཀྱི་གཉེར་རིས། སྤུན་ཟླ་ན་མཉམ་ཚོའི་རྐང་ལག་གི་སེར་ཁ་དག་ལ་བསམ་ན་སྐམ་གྱོང་དུ་སོང་ཟིན་པའི་ཁོའི་ངོ་གདོང་དེ་མིག་ཆུས་ལན་གཅིག་མ་སྦངས་རང་སྦངས་ལ་ཐུག་སོང༌། འཚོ་ཚིས་ཉམ་ཆུང་དེའི་ཆེད་དུ་འདུར་མ་རྒྱུག་གིས་བྲེལ་བའི་ཕ་མ་དང་ཉེ་འབྲེལ་དག་དྲན་ན། ཡུན་རིང་པོར་ཚོར་བ་མེད་པའི་སེམས་པ་འདིས་ཀྱང་དབུགས་རིང་མི་ཤོར་ཀ་མེད་རེད་ལ། ཁྱོག་པར་དཀའ་བའི་ན་ཟུག་མང་པོ་ཞིག་ཁེར་རྐྱང་གིས་མྱོང་བཞིན་ཞེ་གཏིང་ནས་བརྡོལ་འོང་བའི་མིག་ཆུ་འདི་ཡང་ཁུ་སིམ་སིམ་གྱིས་མི་བཞུར་ཀ་མེད་ལ་ཐུག ས་དང་གནམ་སྐྱ་བོ་ཡིན་པའི་ཡུལ་ལུང་དེ་ནས་ཁོ་ཚོས་དུས་བཞིའི་རྩུབ་རྡར་ལ་མ་འཛེམས་པར་འབད་འབད་དུང་དུང་གིས་བསགས་པའི་སྒོར་རྡོག་རེ་གཉིས་དེ་ཡང་ང་ལ་སྐུར་གྱིན་ཡོད་པ་མིན་ནམ། སེམས་པ་སྐྱོ་རྒྱུ་ལ་ཁོ་ཚོའི་རེ་བའི་མིག་ཟུང་ནམ་ཡང་ཐག་རིང་འདིར་ཡོད་པའི་ང་ལ་ཅེར་ཡོད་ལ་ཕ་ཡུལ་དང་ཡུལ་མིའི་ཆེད་དུ་ངས་ཅི་ཞིག་བགྱི་བར་སྒུག་ཡོད།
ཨེ་་་་་་་་་་་་ད་ལྟ་བསམས་ན་ང་ནི་ཁོ་ཚོའི་ཡོད་ཚད་མིན་ནམ། འབྱོར་ལྡན་ལ་ཁྱིམ་མིས་རེ་ལྟོས་ཆེན་པོ་འདི་འདྲ་བྱེད་པ་ནི་ཁོའི་ན་མཉམ་ཚོས་ལན་པ་ཡིན་ཏེ། ཁོ་དང་ན་མཉམ་ཡིན་མཁན་ཆུང་གྲོགས་དག་ནི་གཅིག་ལས་གཅིག་འཇོན་པོ་རྐྱང་རྐྱང་ཡིན། ད་ལྟ་ཕ་ཡུལ་གྲོང་ཚོ་ཆུང་ཆུང་དེའི་གླེང་ཕྱོགས་གཙོ་བོ་ཡང་ཁོང་ཚོའི་སྐོར་རེད། ཁོང་ཚོ་ལས་ལྷག་པའི་འཇོན་རྒྱུ་ཞིག་འབྱོར་ལྡན་གྱི་ཡ་ཐོད་ངོས་སུ་བྲིས་ཡོད་དམ། ཁོ་ཚོ་ནི་འབྱོར་ལྡན་གྱི་ཆུང་གྲོགས་གསུམ་པོ་རེད། བྱིས་བློ་དྭངས་མ་དང་འགྲོགས་ཏེ་ཕ་ཡུལ་གྱི་སྲང་ལམ་དག་ནས་ས་རྩེད་རྡོ་རྩེད་བྱེད་པའི་དུས་སྐབས་སུ་ཁོང་ཚོའི་གནས་བབས་ལ་འདི་ཡིན་ཟེར་ཆོག་པའི་དབྱེ་བ་ཞིག་འབྱེད་རྒྱུ་མེད་ཀྱང་ད་ལྟ་ནི་ནང་ཕན་ཚུན་རྦད་དེ་ཁྱད་པར་ཆེན་པོ་འདུག ཆུང་གྲོགས་གསུམ་པོས་ཀྱང་འཁོར་ཡུག་མི་འདྲ་ས་རེ་ནས་རང་རྐང་ཚུགས་པའི་འཚོ་བ་དཀྱུས་མ་རེ་རེར་འཐམས་འགོ་བཙུགས་ཟིན། དབང་ལྡན་ད་ལྟ་ཨ་རི་ལ་ཡོད། ཁོའི་ནང་མིས་ཕ་ཡུལ་ནས་ཞིང་ལས་བགྱི་མི་དགོས་པར་ད་ལྟ་རྒྱལ་ས་ནས་འཚོ་བ་རོལ་གྱིན་ཡོད། ན་ནིང་གུང་སེང་ལ་དབང་ལྡན་གྱི་ཨ་མ་དང་ཕྲད་དུས་ཁོ་མོས་ཡང་ནས་བསྐྱར་དུ་བཟླས་པའི་སྐད་ཆ་དུམ་བུ་ཞིག་ད་ལྟའང་འབྱོར་ལྡན་གྱིས་དྲན་གྱིན་ཡོད་དེ། བུ་དྲིན་ཅན་དེའི་བཀའ་དྲིན་ལས་ད་ལྟ་འདི་འདྲ་སྡོད་རྒྱུ་འདུག ཁོས་མི་ཡུལ་ནས་སྡུག་པོ་མྱངས་སོང༌། སྙིང་རྗེ་རྒྱུ་ཁོ། ས་ཨ་རིའི་ལུང་པ་ནས་དབང་ལྡན་གྱི་ལས་ཀ་ནི་ཉིན་རྒྱུན་འགྱིག་ཞྭ་སེར་པོ་གྱོན་པའི་ལས་བཟོ་པ་དག་དང་ལྷན་ཁང་པ་བཟོ་སྐྲུན་གྱི་བྱ་བར་ཞུགས་ཡོད་ལ་ལས་ཀ་དེ་ནི་སྡུག་ལས་མཐར་ཐུག་ཅིག་ཡིན་ཟེར། དེ་ནི་ཕ་ཡུལ་གྱི་ས་རྐོ་རྡོ་སློག་གི་ལས་ཀ་དང་ཁྱད་ཅི་ཡོད་ཨང༌།
བསོད་ནམས་ཝཱ་རཱ་ཎ་སཱི་ནས་འཛིན་གྲྭ་ཐོན་ཏེ་ཕ་ཡུལ་དུ་སྨན་ཁང་བཙུགས་ཡོད། ཁོ་ནི་ཕ་ཡུལ་མི་དམངས་ཉམ་ཆུང་ཚོསབསྟོད་པའི་མཐེ་བོང་བསྒྲེང་ས་དང་ཡིད་ཀྱི་སྨོན་པ་འཆོར་ས་རུ་གྱུར་འདུག ད་དུང་བསྟན་འཛིན་གྱིས་ཐལ་སྐྱ་འཚུབ་པའི་ཡུལ་གྲོང་ནང་ནས་སྡུག་དཀའ་བ་མང་པོ་མྱོང་སའི་ཕ་གཞིས་ལ་རྒྱང་བཀྱེད་མ་བྱས་པར་ཁྱིམ་ཚང་དེའི་ཀ་བ་ལྟ་བུར་འགྲེངས་བསྡད་ཡོད། དཀའ་ངལ་མང་པོ་ཞིག་དང་ལེན་བྱས་ནས་རང་ཁྱིམ་དང་ལུང་པའི་ལས་དོན་ལ་ཧུར་བརྩོན་ལྷོད་མེད་བྱེད་བཞིན་པ་མིན་ནམ། ཆུང་བྱིས་པའི་དུས་ཀྱི་རྩེད་གྲོགས་ཚོས་མི་ཚེའི་ལམ་ཁ་མི་འདྲ་ས་རེ་ནས་ངལ་རྩོལ་དང་དཀའ་ལས་ལ་ངོ་གདོང་གཏད་དེ་འཚོ་བའི་གནས་མལ་དྲོན་མོ་རེ་རྙེད་ཐུབ་པ་ནི་ཁོ་ཚོའི་ཧུར་བརྩོན་གྱི་འབྲས་བུ་ཅི་ལ་མིན་ཨང༌། ………………..
ཆར་པ་ཟིམ་ཟིམ་འབབ་པའི་ཉིན་དེར་འབྱོར་ལྡན་གྱིས་ཕྱིར་དྲན་དང་དྲན་གདུང་ཁྲོད་ནས་བསམ་བློ་འདི་ཚོ་བཏང་བ་རེད། བསམ་བློ་འདི་ཚོ་ནི། ང་སུ་རེད་དམ། ཞེས་པའི་དྲི་བར་འཛིན་གྲྭའི་དགེ་རྒན་དེས་བྱིན་པའི་ལན་ལས་རིན་ཐང་ལྡབ་འགྱུར་གྱིས་ཆེ་བ་མ་ཟད། བསམ་བློ་འདི་ཚོས་རང་ཉིད་ངོ་སྤྲོད་ཀྱིན་ཡོད་པ་མིན་ནམ། གང་ལྟར་ཁོས་བསམ་བློ་འདི་དག་བཏང་བའི་བརྒྱུད་རིམ་ཁྲོད་ནས་རང་ཉིད་ངོ་ཤེས་འདོད་དང་རང་ཉིད་མཐོང་འདོད་ཀྱི་འདྲི་ཚིག་སྟེ།
་་་་་་ ང་སུ་རེད་དམ། ་་་་་་་་་ དྲི་བ་འདི་འདྲི་ས་མཐར་ཐུག་ནི་ཁོས་རང་ཉིད་ཁོ་ན་ཡིན་པ་ཤེས། གླིང་གའི་དཀྱིལ་གྱི་ཤིང་སྡོང་ཆེན་པོ་དེ་སྔར་བཞིན་འགུལ་མེད་དུ་འགྱིང་ངེར་གནས་འདུག་ལ། ཤིང་སྡོང་དེའི་འོག་ནས་གྲྭ་པ་རྣམས་ཚོ་དང་ཚོ་བྱས་ཏེ་སོས་དལ་བག་ཕེབས་ངང་ལབ་ལ་གཡེངས་འདུག སྡོང་པོའི་རྩེ་ནས་འདབ་ལོ་སེར་པོས་གར་སྟབས་ལང་ལིང་བསྒྱུར་ནས་ས་གཞིའི་ཕང་བར་ལྷུང་བཞིན་པ་དང༌། བསིལ་རླུང་འཇམ་པོས་ཚ་གདུག་གི་རྔུལ་ཆུས་བརླན་པའི་མི་ཚོའི་ངོ་གདོང་ལ་བྱིལ་བྱིལ་བགྱི་བཞིན་ཡོད་ནའང༌། ཁོ་གཙོ་བྱས་པའི་ཁོ་ཚོས་དེ་འདྲ་ཅང་ཚོར་གྱིན་མེད་དེ། སེམས་ཀྱི་འཆར་སྒོ་ཡོད་ཚད་འུར་གཏམ་ནང་ལ་ཐིམ་ཟིན་པས་རེད། ཐ་ན་ཉེ་འཁོར་གྱི་མི་ཚོས་ཁོ་ཚོ་ལ་རྣམ་འགྱུར་ཅི་འདྲ་ཞིག་བཟུང་ཡོད་མེད་ལའང་དོ་སྣང་རྩ་བ་ནས་མེད། ཧ་ཧ་ཧ་ཧ་་་་་་་་་་་ མི་དེ་ཟེར་རམ། ཁོའི་ཞབས་འདྲེན་དེ་ཙམ་གྱིས་ག་ལ་ཚད། ད་དུང་་་་་་་་་་་་་་ ཧ་ཧ་ཧ་་་་་་་་་་་ ཁོ་གཙོ་བྱས་པའི་ཁོ་ཚོ་ཁྱུ་ཞིག་གིས་དེ་རིང་ཡང་ཆེ་གེ་མོ་ཞིག་གི་ཐོག་མཐའ་བར་གསུམ་གྱི་སྐྱོན་ཆ་གླེང་ནས་ཧབ་དགོད་རྒྱག་གིན་འདུག
དེ་ན་འབྱོར་ལྡན་ཡོད་དམ།
འབྱོར་ལྡན་གྱིས་རང་ཉིད་རྙེད་ཡོད་དམ།…….?
དེ་རིང་ཆ་ཚང་ཞིག་ཀློག་མ་ཐུབ། དལ་གྱིས་ཀློག་འཆར་ཡོད།
འབྱོར་ལྡན་ནི་ང་དང་འདྲ་བར་རྟག་ཏུ་སྟོང་བསམ་ཅན་ནས་འདུག་མཁན་ཞིག་རེད་འདུག སྐྱིད་པོ་ཁོ་ན་ལས་སྡུག་པོ་མི་བྱེད་ཟེར་མཁན་ཞིག་རེད་འདུག དེ་འདྲའི་ང་དང་འདྲ་ལགས།
སྒྲུང་འདི་ནི་ངས་རང་ཉིད་ལ་ཆེད་དུ་བསམས་ནས་བྲིས་པ་ཞིག་ཡིན། ངོ་མ་ང་ལྟ་བུ་ཞིག་ལ་མཚོན་ན་གྲྭ་སའི་འཚོ་བ་ནི་འདི་འདྲ་ཞིག་རེད། སྟོང་གཏམ་སྒྲོག་པ་དང་གཞན་ལ་ཇུས་གཏོགས་བྱེད་པ་ད་དུང་སྡོམ་ཚིག་འདྲ་བརྒྱབས་ནས་སྡོད་པ་རེད། གང་ལྟར་ངས་རང་ཉིད་བཙལ་བའི་རྒྱུད་རིམ་ཞིག་རེད་ཟེར་ན་མི་ཆོག་པ་མེད།