འཁྱམས་པོ།
སུ་ཞིག་ཞེད་སྣང་སྐྱེ་ས་དེར།
ང་སྐྲག་དགོས་དོན་ཅི།
གདོན་འདྲེ་ལ་ང་མི་ཞེད།
ང་འཇིགས་སྣང་སྐྱེ་ས་དེ་རྐང་གཉིས་པ་རེད།
ནམ་རྒྱུན་ཁོ་བོ་གཉོམ་ཆུང་ཞིང་ཁུ་སིམ་པོ་ཡོད།
ཁོའི་བྲང་ཁོག་ནས་སྙིང་དམར་པོ་གཉིས་པ་ཞིག་ཕྱིར་མངོན་ཡོང་དུས།
ཁོའི་སྐེ་ཚིགས་ནས་མི་མགོ་སྲིན་པོའི་མཆེ་བ་ཅན་ཞིག་ལོགས་སུ་སྐྱེས་ཡོང་དུས།
དེ་ནི་མི་སྲོག་གཅོད་པའི་ལྟས་ངན་རེད་ལ་རང་ཤ་ཟ་པའི་ཆུ་ཚོད་ཡང་ཤར།
ང་སུ་ལ་འཇིགས།
ང་ཁོ་ལ་འཇིགས་་་་
ད་དུང་ངའི་སྤུན་ཟླ་དག་ཕུ་ནུ་ཚོའང་ཁོ་ལ་སྐྲག
ཁོ་ནི་རྐང་གཉིས་པ་རེད་ ཁོ་ད་དུང་འུ་ཅག་གི་གྲལ་དུ་ཡོད།
ཁོའི་མཆེ་སྡེར་ནང་ལ་རྣོ་བ་ལས་
ཕྱི་དགྲ་ལ་འཕྲད་ན་ཁོའི་མཆེ་སྡེར་རྣམས་མར་དུ་འགྱུར་འགྲོ།
ང་ཚོ་ལས་ཁོ་དགྲ་ལ་སྐྲག་ཅིང་གདོན་འདྲེ་ལ་ཞེད་ཐག་ཆོད།
༢༠༡༤/༦/༤ སྤུན་ཟླ་ནང་དམེ་ལ་བྲིས།