ཨ་རིག་འགྱུར་མེད།
ཁ་སང་དེ་རིང་བདག་བློ་ཡེ་མ་བདེ། །
སོང་ན་མ་ཡིན་བསྡད་ན་དེ་བས་མིན། །
ངུས་ན་མ་ཡིན་བགད་ན་དེ་བས་མིན། །
རྡོ་ལེབ་སྟེང་གི་གྲོག་མའི་དཔེ་དང་མཚུངས། །
ཁོག་གི་སྙིང་འདི་ཅིག་གིས་སྒུལ་སྒུལ་འདྲ། །
གློ་བུར་གློ་བུར་ན་ཟུག་སློང་གིན་འདུག །
ཡ་ཆུང་ཁོག་ཀྱང་འཁྱགས་པས་བསྡམས་པ་འདྲ། །
ཆུང་མའི་དྲོད་ཀྱང་ཚོར་རྒྱུ་དཀའ་ཙམ་གདའ། །
གངས་སེང་དཀར་མོ་རི་ནས་འགྱིང་བའི་ཚུལ། །
དམར་ཡག་སྟག་མོ་ནགས་ནས་མཆོང་བའི་ཉམས། །
འབྲོང་རྒོད་དར་མ་རྫ་ནས་གཤར་ལུགས་དེ། །
གངས་ཅན་བོད་ཀྱི་དཔའ་བོ་རྣམ་པ་བཅུ། །
གཅེས་པའི་སྲོག་ལ་མི་ཕངས་ཅི་ལ་ཕངས། །
དམར་བོ་མེ་ལ་མི་འཇིགས་གང་ལ་འཇིགས། །
འཆི་བའི་འཇིགས་པར་མི་སྐྲག་གང་དེར་སྐྲག །
དེ་ཚོ་དྲན་ན་ང་ནི་སྐྲག་གིན་འདུག །
དེ་ལྟ་མོད་ཀྱང་གཞོན་སྐྱེས་དཔའ་བོ་བཅུས། །
རིན་ཆེན་སྐུ་ལུས་དམར་བོ་མེ་ལ་བསྒྲོན། །
གཅེས་པའི་སྲོག་ཀྱང་ཕངས་མེད་སྦྱིན་སྲེག་བྱས། །
དཔའ་གདེང་དེ་ཚོ་དྲན་ན་སྐྲག་གིན་འདུག
ཁ་བའི་ལས་དབང་སེམས་ཀྱིས་མ་བཟོད་ཅིང་། །
སངས་རྒྱས་བསྟན་པ་ཉམས་པར་མ་ནུས་པར། །
རང་སྲོག་ཕངས་མེད་དོར་བའི་དཔའ་རྒོད་བཅུ། །
གངས་ཅན་མགོན་པོས་རྗེས་སུ་བཟུང་དུ་གསོལ། །
དལ་འབྱོར་མི་ལུས་ཤིན་ཏུ་རྙེད་དཀའ་ཞིང་། །
ཐེངས་ཤིག་རྙེད་པར་སྙིང་བོ་ལེན་དགོས་པ། །
ང་ཚོ་ཁྱིམ་པས་རྟོགས་པར་དཀའ་མོད་ཀྱང་། །
རབ་བྱུང་གྲྭ་པས་མི་རྟོགས་སུ་ཡིས་རྟོགས། །
རྒྱབ་ན་མིག་གིས་འཚོ་བའི་ཕ་མ་ཡོད། །
མདུན་ན་འོད་སྟོང་ལྡན་པའི་མདུན་ལམ་ཡོད། །
རྒྱུད་ན་སངས་རྒྱས་བསྟན་པའི་སྡོམ་ཁྲིམས་ཡོད། །
སྤྱིར་ན་ཁྱེད་ཚོ་ད་དུང་གཞོན་ནུ་རེད། །
གཞོན་ནུའི་དུས་ནི་ལང་ཚོ་རྒྱས་དུས་ཡིན། །
བྱ་བ་གང་བྱས་རེ་བས་ཁེངས་དུས་ཡིན། །
འཇིག་རྟེན་བྱ་བ་ཀུན་གྱི་མགོ་མ་ཡིན། །
བསམ་ཞིང་བསམ་ན་ཁྱེད་ཚོ་དྲན་གིན་འདུག །
ལུས་ན་མེ་ལྕེ་དམར་བོ་དམར་ལྷམ་ལྷམ། །
ངག་ན་གསོལ་འདེབས་དྲག་པོ་ཤུ་རུ་རུ། །
“༸རྒྱལ་དབང་བསྟན་འཛིན་རྒྱ་མཚོར་”སྙིང་ནས་འབོད། །
དེ་ཚོ་དྲན་ན་ང་ནི་སྐྲག་གིན་འདུག །
ན་ནིང་དོ་ཚིགས་བོད་ཡུལ་དམྱལ་བའི་ཁམས། །
འཇིགས་རུང་གཤིན་རྗེའི་ཁྲིམས་ཆད་མངོན་སུམ་མྱོང་། །
སྤུན་ཟླ་ཁྱེད་ཚོ་དམྱལ་བའི་འབངས་མི་སྟེ། །
དེ་ཚོ་དྲན་ན་ང་ནི་སྐྲག་གིན་འདུག །
ཁྱེད་ཚོའི་མེ་ལྕེས་ས་གསུམ་མ་བསྲེགས་ཀྱང་། །
ཁ་བ་ཅན་གྱི་ལས་དབང་དགུང་ལ་སྦར། །
ཁྱེད་ཚོའི་མེ་ལྕེས་རྒྱ་ནག་མ་བསྲེགས་ཀྱང་། །
མིག་ལྡན་སྐྱེ་བོ་དུ་མའི་སེམས་པ་བསྲེགས། །
གདོང་དམར་བོད་ཀྱི་རྒྱུད་འཛིན་ཁྱོད་ཚོ་ཡིན། །
རང་གི་རྒྱལ་ཁབ་སྲུང་བའི་དཔའ་རྒོད་ཡིན། །
ཁ་བའི་ལ་རྒྱ་སྲུང་བའི་གཞོན་ནུ་ཚོ། །
ང་ཚོ་གངས་ཅན་པ་ཡིས་བརྗེད་མེད་ཡིན། །
མགོ་ནག་བོད་ལ་སྐྱེས་པར་འདྲ་ན་ཡང་། །
སྙིང་སྟོབས་ཁྱད་དུ་འཕགས་པས་གཅེས་པའི་སྲོག །
འཇིགས་རུང་མེ་རུ་བསྒྲོན་པའི་དཔའ་རྒོད་དག །
ནམ་ཡང་སེམས་ཀྱི་དཀྱིལ་ནས་དྲན་བཞིན་ཡོད། །
ང་ནི་མེ་རྩག་ཙམ་ལ་བཟོད་ཐུབ་མིན།།
ཁྱེད་ཅག་མེ་རླབས་མངོན་སུམ་འཛེམས་མེད་མྱོང༌།།
རྒྱལ་ཞེན་སྙིང་སྟོབས་བར་ཁྱད་འདི་ཀོ་རྣམས།།
ཡང་ཡང་བསམ་དུས་ང་ཡང་སྐྲག་གི་འདུག།
སྐུ་ལུས་མེ་ལྕེ་ཚར་ཚར་འབར་ན་ཡང༌།།
ངག་ནས་ན་ཚའི་ངུ་སྒྲ་མི་འབྱིན་པར།།
རང་དབང་དགོས་པའི་འབོད་ཚིག་བསྒྲགས་པ་རྣམས།།
ཡང་ཡང་མཐོང་དུས་ང་ཡང་སྐྲག་གི་འདུག།
ཁྱེད་ཅག་ྋརྒྱལ་ཞལ་མཇལ་སྐལ་མ་ཐོབ་ཀྱང༌།།
ཁྱེད་ཅག་ྋརྒྱལ་གསུང་བདུད་རྩི་མ་མྱོང་ཡང༌།།
རང་མེ་མཉམ་བསྲེགས་བྱེད་པའི་སྙིང་སྟོབས་དག།
འདི་ཀོ་བསམ་ན་ང་ཡང་སྐྲག་གི་འདུག།
དམར་བའི་མེ་ལྕེ་ཁྲོད་ནས་གཅེས་པའི་སྲོག །
དུ་བའི་ལྕགས་ཀྱི་ཨ་ལོང་རྒྱུས་པ་ཡི།།
འཇིགས་མེད་དར་ཆ་འཛིན་དཔའ་རྒོད་དག །
སེམས་སུ་དྲན་པ་ཙམ་གྱིས་ང་ཡང་སྐྲག །
སྟག་གི་མཆེ་བ་གཙིགས་ལ་སྐྲག་མྱོང་མེད།།
སེང་གེ་སྡེར་མོ་བགྲད་ལ་འཇིགས་མྱོང་མེད།།
རབ་འབར་མེ་དཔུང་དཀྱིལ་ནས་རང་གི་སྲོག །
མེ་རུ་བསྒྲོན་པ་མཐོང་ཚེ་ད་བཟོད་སྐྲག །
གླང་ཆེན་སྨྱོན་པ་ཐུག་དུས་སྐྲག་མྱོང་མེད།།
གདོན་འདྲེའི་གླིང་ཕྲེང་འགྲིམས་ལ་འཇིགས་མྱོང་མེད།།
རང་ལུས་མཆོད་མེར་བསྒྲོན་པའི་མདུན་མཆོང་དེ།།
བསམ་བཞིན་བསམ་བཞིན་ད་གཟོད་སྙིང་ནས་སྐྲག།
འཇིགས་རུང་ཨ་ཁུས་བརྡུང་དུས་ངུ་མྱོང་མེད།།
ཡབ་ཆེན་འཆི་ལམ་འགྲིམས་ལ་སྡུག་མྱོང་མེད།།
རང་ལུས་མེ་འབར་དཀྱིལ་ནས་འགྱིང་བའི་ཚུལ།།
མཐོང་ཙམ་ཉིད་ཀྱིས་མིག་ཆུ་ཡང་ཡང་ཤོར།།
ང་ཡང་སྐྲག་བགྱིད་འདུག
དབུས་པའི་ཕྱི་ཚུལ་ཡག་མོར་ང་མི་འཇིགས། །
ཁམས་པའི་གྲི་ལ་དེ་བས་སྐྲག་མྱོང་མེད། །
ཨ་མདོའི་ཁ་ཁོག་བར་ལ་སྐྲག་མིན་ཡང་། །
དཔའ་རྒོད་ཁྱེད་ཚོར་མཐོང་དུས་སྐྲག་གི་འདུག །
འདོད་གཏམ་དམར་རྗེན་སྤེལ་དུས་འཁྲེལ་མྱོང་མེད།།
བསླབ་པ་ཁྱད་དུ་གསོད་དུས་སྐྲག་མྱོང་མེད།།
རང་སྡེ་འཇོམས་ལ་བརྩོན་དུས་ཟོན་མྱོང་མེད།།
རྒྱ་མིའི་མཚོན་གྱིས་བསྣུན་དུས་བྲོས་མྱོང་མེད།
བོད་ཀྱི་བདག་དབང་རྩོད་དུས་ཞུམས་མྱོང་མེད།།
ལྷ་སར་འོས་ལང་བྱེད་དུས་ཐོམས་མྱོང་མེད།།
རྡ་སར་ལས་འགུལ་སྤེལ་དུས་བྱོལ་མྱོང་མེད།།
དཔའ་བོ་དཔའ་མོ་བསྲེགས་དུས་སྨོད་མྱོང་མེད།།
གཞན་གྱིས་ལུས་སྲོག་འདོར་དུས་ལྷོད་མྱོང་མེད།།
དམ་ཚིག་འོ་ཆུ་འདྲེས་དུས་འབྱེད་མྱོང་མེད།།
བདག་དབང་འབོད་སྒྲ་སྒྲོག་དུས་བཅོས་མྱོང་མེད།།
འགག་རྩའི་དུས་ལ་སླེབ་དུས་སྤྲུག་མྱོང་མེད།།
ྷྷཧམ་པ་དཔའ་ཐལ་རྒྱ་ལ་སྒུར་མྱོང་མེད།།
རང་བཙན་བདག་དབང་བློ་ཡིས་གཏོང་མྱོང་མེད།།
དབུ་མའི་ཆེད་དུ་ལོ་རྒྱུས་བཅོས་མྱོང་མེད།།
ཁེ་གྲགས་ཆེད་དུ་འཕྲལ་ཕུགས་བརྗེ་མྱོང་མེད།།
སྲོག་ལ་བབ་ཀྱང་༸སྐྱབས་མགོན་དགོངས་འགལ་མེད།།
ཕྱི་མར་འགྲོ་ཡང་ངོ་གནོང་དགོས་དོན་མེད།།
གསོན་པོར་གནས་ཀྱང་གཟི་བརྗིད་ཁོག་སྟོང་མིན།།
གང་དུ་གནས་ཀྱང་གདུང་སེམས་མཉམ་བསྐྱེད་ཡོད།།
མེ་ལྕེ་འདབ་མའི་གསེང་གི་འབོད་སྒྲ་ལྕི་མོ།།
བདག་ལ་མཚོན་ན་སྙིང་ལ་རྡོར་བརྐོས་རི་མོ།།
མེ་དུ་ལང་ལོང་གསེང་གི་རྣམ་ཤེས་ཁེར་རྐྱང་།།
བདག་ལ་མཚོན་ན་མཚམས་མེད་མིག་ཆུའི་ཕོ་ཉ།།