འབའ་སྲས།
ཡ་ཁ་སྤུ་ཡི་སྐྱེས་རྒྱ་སྟུག་པོའི་ཁ།།
མ་ཁ་འཇིབ་ན་ཞིམ་ཞིང་མངར་བའི་ཁ།།
ཆང་དྲི་དུ་དྲི་གཏན་ནས་མི་བྲོ་ཁ།།
ང་ཡི་ཁ་འདི་གཞན་དང་མི་མཚུངས་ཁ།།
ཡི་གེ་བཀླག་ན་མེ་ལྕེ་འབར་བའི་ཁ།།
སྙན་ངག་འཆད་ན་གློག་དམར་འཁྱུག་པའི་ཁ།།
ལ་གཞས་བླང་ན་པི་ཝང་འཁྲོལ་བའི་ཁ།།
ང་ཡི་ཁ་འདི་དབྱངས་ཅན་ཞུགས་པའི་ཁ།།
དོན་བདེན་སྨྲ་ལ་བཙུམ་ནས་མི་སྡོད་ཁ།།
ཉོག་བཤད་གླེང་ན་ཆེ་ཆེར་མི་གདངས་ཁ།།
ཉ་དང་ཉུང་མ་བསྲེས་ནས་མི་བཤད་ཁ།།
ང་ཡི་ཁ་འདི་མི་ལ་དགོས་པའི་ཁ།།
ན་ཆུང་མཛེས་མར་སྙིང་གཏམ་བརྗོད་པའི་ཁ།།
སྟག་ཤར་དར་མར་ཁོང་ཁྲོ་མི་སློང་ཁ།།
གལ་ལ་ཐུག་ན་རང་ཚུགས་མི་འདོར་ཁ།།
ང་ཡི་ཁ་འདི་བུ་ལ་དགོས་པའི་ཁ།།
ཆུང་མར་ནམ་ཡང་གཤེ་གཤེ་མི་གཏོང་ཁ།།
བུ་ལ་རྒྱུན་དུ་སྐད་ལོག་མི་བརྒྱག་ཁ།།
ཁྱིམ་ཚང་འཛུམ་དང་དགོད་པས་སྐྱོང་བའི་ཁ།།
ང་ཡི་ཁ་འདི་བཟའ་དཔོན་དགོས་པའི་ཁ།།
གཞན་སྐད་ཤེས་ཀྱང་རང་སྐད་མི་འདོར་ཁ།།
སྐད་མང་བསྲེས་ནས་སྦྲགས་སྐད་མི་བཤད་ཁ།།
བོད་སྐད་རང་གི་སྲོག་དང་བསྡོས་པའི་ཁ།།
ང་ཡི་ཁ་འདི་བོད་ལ་དགོས་པའི་ཁ།།
ལ་རྒྱ་གླེང་ན་ཁྲིམས་གཅོད་མི་འཁུར་ཁ།།
ལྟ་བ་བཤད་ན་ཉེས་ཆད་མི་འཇལ་ཁ།།
རང་གི་ཁ་ལ་རང་དབང་ཡོད་པའི་ཁ།།
ང་ཡི་ཁ་འདི་འཛམ་གླིང་དགོས་པའི་ཁ།།
དབྱིབས་ལ་བལྟས་ན་ཅུང་ཟད་འབུར་བའི་ཁ།།
སྐད་ཆར་ཉན་ན་སློབ་གསོ་མང་བའི་ཁ།།
ཁ་ཡི་ཁྱད་ཆོས་བཤད་ན་མང་བའི་ཁ།།
ད་ནི་འདི་ནས་བཙུམ་ཆོག་ང་ཡི་ཁ།།
༢༠/༡༡/༡༤ ལམ་བར་དུ།
ཁ་ཡིས་ཁ་བཤད་ཁ་མང་འདི། །
ཁ་མཆུ་ཁག་གཡོག་ཁ་ཉེས་མེད། །
ཁ་སྙན་ཁ་གཙང་ཁ་ཡོད་འདི། །
ཁ་རྩོམ་ཁ་བརྡའི་ཁ་རུ་འདུག །