ངའི་ཁྱིམ་ཚང༌།
(ན་མཉམ་གྲོགས་པོ་ཚོར་ཕུལ་བ།)
སྐར་ཆེན།
ངའི་ཁྱིམ་ཚང་གི་མིང་ལ་བོད་ཁྱིམ་ཟེར། ངའི་ལོ་ངོ་བདུན་ལྷག་གི་ལྟོ་གོས་གཏམས་གསུམ་ཁྱིམ་ཚང་འདི་ལ་བརྟེན་པ་ཡིན། ངའི་ཕུགས་བསམ་དང་བསམ་བློ། མི་ཚེའི་རིན་ཐང་བཅས་རྙེད་ས་ཡང་ཁྱིམ་ཚང་འདི་ཡིན། ང་བརྩིས་བའི་ཁྱིམ་ཚང་འདིའི་ནང་གི་བུ་ཕྲུག་ཕལ་ཆེ་བ་ནི་ཉམ་ཐག་དང་དྭ་ཕྲུག ཕྱེད་དྭ་ཕྲུག་བཅས་ཡིན་ལ་ཁྱིམ་ཚང་འདི་ཐོག་མར་འཛུགས་སྐབས་བུ་ཕྲུག་ཁ་ཤས་ལས་མེད་མོད། ད་ལྟ་བུ་ཕྲུག་ཚོའི་གྲངས་འབོར་སྔོན་ལས་ལྡབ་འཕར་བྱུང་ཡོད་པ་མ་ཟད་བུ་ཕྲུག་མང་པོ་ཞིག་འཛམ་གླིང་ཤར་ནུབ་སར་འཐོར་ནས་ཡོད། ཁྱིམ་ཚང་འདི་ལ་གྲ་སྒྲིག་འཛིན་གྲྭ་བརྩིས་བའི་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་དུ་ཡོད་པ་མ་ཟད་མི་རིང་བར་མཐོ་སློབ་ཞིག་ཀྱང་ཚགས་གྲབས་ཡོད།
ཁྱིམ་ཚང་འདི་བཙུགས་ནས་ད་ལྟ་བར་དུ་ལོ་ངོ་བཞི་བཅུ་ལྷག་འགྲོ་གི་ཡོད་ལ་ཐོག་མར་ཁྱིམ་ཚང་འདིའི་འགན་་ཆ་ཚང་ཁུར་དུ་ལེན་མཁན་སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་ཡིན། ཁྱིམ་ཚང་འདིའི་ལས་དབང་ཡིན་ནམ་གོད་ཆག་ཡིན། གང་ལྟར་སྐུའི་གཅེན་མོ་དམ་པ་དེ་ཉིད་སྐུ་ཚེ་མ་ཟིན་པ་རེད། དེའི་྄རྗེས་སུ་ཁྱིམ་ཚང་འདིའི་འགན་ཁུར་ཆ་ཚང་རྗེ་བཙུན་པད་མ་མཆོག་གིས་བཞེས་བ་རེད། སྔོན་ཆད་བུ་ཕྲུག་ཁ་ཤས་ལས་མེད་པའི་ཁྱིམ་ཚང་འདི་རྒྱ་བསྐྱེད་ཀྱིས་ད་ལྟ་ཁྱིམ་ཚང་འདི་ལ་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གཅིག་ ཁྱིམ་སྡེ་ཁག་ལྔ༌། བོད་ཁྱིམ་སློབ་གྲྭ་ཁག་བདུན། ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གཅིག ཉིནསློབ་ཁག་ལྔ༌། ཉིན་སློབ་གཅེས་སྐྱོང་སློབ་གྲྭ་ཁག་དགུ ལག་ཤེས་བཟོ་གྲྭ་ཁག་བཞི། རྒན་གསོ་ཁང་བདུན། དམའ་རིམ་དགེ་འོས་སྦྱོང་བརྡར་ཁང་གཅིག ཁྱིམ་ཚང་ཨ་མའི་སྦྱོང་བ྄རྡར་ཁང་གཅིག མཐོ་སླཽབ་སྡོད་ཁང་གཉིས། མཐོ་སློབ་གསར་རྒྱག་བྱེད་བཞིན་པ་གཅིག་བཅས་ཡོད་པ་མ་ཟད་ད་དུང་བོད་མིའི་གཞིས་སྒར་སོགས་ཀྱི་ནང་འཁོས་ཞན་ཉམ་ཐག་ཁག་ལ་འཚོ་སྣོན་གྱི་ལས་གཞི་སྤེལ་གྱི་ཡོད།
ད་ལྟ་བར་དུ་ཁྱིམ་ཚང་འདི་ནས་འཚོ་སྣོན་ལེན་མཁན་ནང་མི་ཉམ་ཐག་བཞི་སྟོང་ལྷག་བྱུང་ཡོད་ལ་ད་ལྟ་ལེན་བཞིན་པའང་ཉིས་སྟོང་ཙམ་ཡོད།
ལོ་རེའི་འཚོ་སྣོན་གྱི་འགྲོ་གྲོན་ཧིན་སྒོར་འབུམ་ཉིས་བརྒྱ་ཙམ་རེད། ཁྱིམ་ཚང་འདི་ནས་ཁྱོན་སློབ་ཕྲུག་༡༦༧༠༠ལྷག་ཙམ་འཚར་ལོངས་བྱུང་ཞིང་ད་ལྟ་ཁྱིམ་ཚང་ནང་དུ་ཁྱོན་སློབ་ཕྲུག་༡༡༧༩༥ཙམ་དང་འཛིན་རིམ་བཅུ་གཉིས་སློབ་མཐར་ཕྱིན་པའི་྄སློབ་ཕྲུག་གྲངས་ཁྱོན་༥༠༠༠ལྷག་བྱུང་ཡོད། འདི་དག་གི་ཁོངས་ནས་སློབ་གྲངས་༢༧༠༠ལྷག་མཐོ་སློབ་ཐོན་ཚར་བ་དང་སློབ་གྲངས་༡༧༠༠ཙམ་གྱིས་མཐོ་སློབ་མཇུག་སྐྱོང་གིན་ཡོད། མཇུག་སྐྱོང་མཁན་ཚོའི་ཆེད་དུ་འགྲོ་གྲོན་ལོ་རེར་ཧིན་སྒོར་འབུམ་སུམ་བརྒྱ་ཙམ་གཏོང་གི་ཡོད།
ཁྱིམ་ཚང་འདིའི་དགེ་རྒན་དང་མ་ཚབ་ཚོའི་རེ་བ་ནི་བུ་ཕྲུག་འདི་ཚོ་ཆུང་ས་ནས་བོད་སྤྱི་བ་ལ་ཞབས་འདེགས་ཞུ་ཐུབ་མཁན་དང་ཆེ་ས་ནས་འགྲོ་བ་མིའི་རིགས་ཡོངས་ལ་ཕན་ཐོགས་མཁན་གྱི་མི་ཞིག་ཆགས་ན་བསམ་པ་དེ་ཡིན། འོན་ཀྱང༌། ཁྱིམ་ཚང་འདིའི་བུ་་ཕྲུག་ཚང་མ་ཡ་རབས་ཚིག་བརྩི་བྱེད་མཁན་རྐྱང་རྐྱང་མིན། ད་ལྟ་འང་ཁྱིམ་ཚང་འདི་གཞན་བརྟེན་ཡིན་པ་མ་ཟད་ཁྱིམ་ཚང་འདི་ལ་ཁྱོན་སྦྱིན་བདག་དང་རོགས་ཚོགས་ཁག་༡༥༠༠༠ཙམ་ཡོད་ལ་ཁོང་ཚོ་མང་ཆེ་ཕྱི་རྒྱལ་བ་ཤ་སྟག་ཡིན། ཁོང་ཚོས་ལོ་རེར་ཁྱིམ་ཚང་འདིའི་འཚོ་རྟེན་ཆེད་དུ་ཧིན་སྒོར་༣༥༧༣༦༢༢༣༦ལྷག་ཙམ་བསྐུར་གྱི་ཡོད། ད་དུང་དེ་རིང་སང་ཉིད་ཁྱིམ་ཚང་འདི་ལ་སྦྱིན་བདག་གཏོང་མཁན་བོད་པ་བརྒྱ་གྲངས་ཞིག་ཀྱང་ཡོད། ཁོང་ཚོ་མང་ཆེ་བ་སིད་སི་དང་ཨོ་སི་ཀྲིལི་ཡར་གཞིས་སྡོད་བྱེད་མཁན་ཡིན། ཁྱིམ་ཚང་འདིའི་རེ་བ་ནི་མ་འོངས་པར་ཁྱིམ་ཚང་འདི་གཞན་ལ་བ྄རྟེན་མ་དགོས་པར་སོ་སོའི་རྐང་བའི་སྒང་ལ་ལངས་ཐུབ་ན་བསམ་གྱི་ཡོད། འོན་ཀྱང༌། ལོ་ངོ་གང་འཚམ་ཞིག་ལ་ཁྱིམ་ཚང་འདི་གཞན་ལ་མ་བརྟེན་རང་བརྟེན་་ཡིན། ངའི་རེ་བར་གཞན་ལ་བརྟེན་ས་དེ་ཚོ་ཡང་བོད་པ་རྐྱང་ཡིན་ན་ཇི་འདྲའི་དགའ་བ་ལ་བསམ་གྱི་ཡོད། འདི་ནི་ངའི་སེམས་ཀྱི་རྨི་ལམ་ཙམ་ཡིན། ཁྱིམ་ཚང་འདི་ལ་འགྲོ་སོང་ཆེན་པོ་ཡོད། ཁྱིམ་ཚང་འདིའི་ལོ་གཅིག་གི་བུ་ཕྲུག་ཚོའི་ཤེས་ཡོན་སློབ་སྦྱོང་གཙོ་བྱས་བའི་འཛུགས་བསྐྲུན་དང་བསྐྱར་བསྐྲུན༌། ཆུ་གློག་གི་རིན། ཟ་འཐུང་གི་རྟེན། གྱོན་གོས་ཀྱི་རྒྱུ་ཆ། ནང་ཆས་ཀྱི་རིགས། ལས་བྱེད་ཀྱི་ཕོགས་བཅས་བསྡོམས་ནཁྱོན་ཧིན་སྒོར་༣༦༢༣༠༣༧༨༥ལྷག་ཙམ་འགྲོ་གི་ཡོད། འགྲོ་སོང་འདི་དག་བུ་ཕྲུག་གཅིག་གི་སྒང་ལ་བཏང་བར་ཆ་བཞག་ན་མི་རབས་ནས་མི་རབས་དུ་སྤྱད་རྒྱུ་ཡོད། གང་ལྟར། འགྲོ་སོང་འདི་དག་ཆ་ཚང་གཞན་ལ་སློང་མོ་རྒྱབ་ནས་ཡོང་བ་རེད། སློང་མོ་བརྒྱབ་ནས་རེག་པའི་དངུལ་འདིས་མ་འོངས་པར་྄སློང་མོ་རྒྱག་མི་དགོས་བའི་ལམ་ཁ་ཞིག་འདིང་གི་ཡོད།
ངའི་ཁྱིམ་ཚང་འདི་ད་ལྟ་བར་དུ་གཅེས་སྐྱོང་གནང་མཁན་ཨ་མ་རྗེ་བཙུན་པད་མ་མཆོག་གཙོ་བྱས་བའི་དགེ་ལས་རྒན་པ་དག་ཡིན། ངས་རྒྱུན་དུ་ཡིད་སྨོན་བྱེད་ས་ནི་རང་ཉིད་རྒལ་ཡོལ་མ་ཕྱིན་བར་དུ་ཁྱིམ་ཚང་འདིར་ཞབས་འདེགས་ཞུ་མཁན་གྱི་དགེ་རྒན་ལས་བྱེད་དེ་ཚོ་ཡིན། ཁོང་ཚོ་ཁ་མ་འཐོར་བར་བསྡད་པ་འདིས་ངའི་ཁྱིམ་ཚང་འདི་ཚགས་ཚུད་བྱུང་བ་རེད། ཁོང་ཚོ་ལོ་རེ་གཉིས་ལས་ཁྱིམ་ཚང་འདིར་བསྡད་མེད་པའི་དབང་དུ་བྱས་ན༌། ད་ལྟ་ཁྱིམ་ཚང་འདི་ཡོད་མེད་ཡང་བཤད་དཀའ། ཡོད་པའི་དབང་དུ་བྱས་རུང་ད་ལྟ་ནང་བཞིན་ཞིག་མེད། ངའི་བལྟ་སྟངས་ནོར་མེད་ནདེ་རིང་སང་ཉིན་གྱི་སྤྱི་ཚོགས་ཁྲོད་དུ་ཚོགས་པ་གཅིག་ལ་མི་ཚེ་ཧྲིལ་བོར་ཞབས་འདེགས་ཞུ་མཁན་ཧ་ཅང་ཉུང་ཉུང་ཡིན༌། རྒས་ཡོལ་དུ་ཕྱིན་པའི་དགེ་རྒན་དང་ལས་བྱེད་དེ་ཚོ་ཁྱིམ་ཚང་འདིའི་རྨང་གཞི་འདིངས་མཁན་རེད་ལ་ད་ལྟ་བར་དུ་ཁྱིམ་ཚང་འདི་གཡས་སྐྱོར་གཡོན་འདེགས་ཞུ་མཁན་ཡང་ཡིན།
ཁྱིམ་ཚང་འདིའི་མ་ཡུམ་རྗེ་བཙུན་པད་མ་ཆོག་ལ་མཚོན་ན་ཡང༌། ཁོང་མོས་ཐོག་མར་ཁྱིམ་ཚང་འདིའི་འགན་ཁུར་དུས་དགུང་ལོ་ཉེར་བཞི་ཡིན་ལ་ཁོ་མོ་ནི་ཁྱིམ་ཚང་འདིའི་གདུང་འདེགས་ཀ་བ་ལྟ་བུའང་ཡིན། དེ་རིང་སང་ཉིན་གྱི་བུད་མེད་ལ་ཞིག་ལ་མཚོན་ན་དགུང་ལོ་ཉེར་བཞི་ནི་རང་གི་ཁྱིམ་ཚང་གཉོར་སྐྱོང་ལེགས་པོ་ཞིག་བྱེད་ཐུབ་མིན་གྱི་ཚད་རེད། འོན་ཀྱང༌། རྗེ་བཙུན་པད་མ་མཆོག་གིས་དགུང་ལོ་ཉེར་བཞིའི་ཐོག་ཏུ་ཁྱིམ་ཚང་འདིའི་འགན་འཁྲི་ཐ་དག་འཁུར་བ་རེད། འདི་ནི་ཨ་མ་ལགས་ཀྱིས་ང་ཚོའི་མིག་ཟུང་ལ་བཞག་པའི་རྐང་རྗེས་རེད་ལ་ང་ཚོའི་འཁྱག་ཤུར་ཤུར་གྱི་སེམས་ལ་སྦར་བའི་སྒྲོན་མེད་ཡང་ཡིན། ངས་འདི་ཁྱིམ་ཚང་འདིའི་ལོ་རྒྱུས་དང་གནས་སྟངས་ལ་བསམ་བློབཏང༌། ངས་སེམས་ལ་རེ་བ་ཞིག་འོང༌། ང་ཚོའི་ངོས་ནས་ཅི་ཞིག་བྱེད་ཐུབ་བམ། ང་ཚོས་ད་ལ྄ྟ་ནས་བསམ་བློ་གཏོང་དགོས། ང་ཚོས་ད་ལྟ་ནས་འཆར་གཞི་བསྒྲིགས་དགོས། ང་ཚོར་རེ་བ་མེད་པ་ཅི་ལ་ཡིན། ང་ཚོས་རྗེས་རབས་པའི་མིག་ཟུང་ལ་རྐང་རྗེས་ཤིག་ཅིས་ཀྱང་འཇོག་འོས་ལ་འཇོག་ཀྱང་ཐུབ་དགོས། ང་ཚོས་རྐང་རྗེས་འཇོག་མ་ཐུབ་ན་ང་ཚོ་ཁྱིམ་ཚང་འདིའི་བུ་ཕྲུག་ཆགས་པའི་དོན་གོ་མ་ཆོད་པ་ཡིན། ང་ཚོས་ཁྱིམ་ཚང་འདིའི་ཡོད་ཚད་སྤྱད་པའི་དགོས་དོན་མ་འགྲུབ་པ་ཡིན། ང་ཚོས་ཅིས་ཀྱང༌། ང་ཚོས་ངེས་པར་དུ། ང་ཚོ་མཉམ་དུ་ལག་གདེང་སྤྲེལ་ནས། ང་ཚོས་གཅིག་སེམས་གཅིག་ལ་སྤྲེལ་ནས། ང་ཚོ་དཔུང་བ་མཉམ་གཤིབ་བྱས་ནས། ང་ཚོ་ཕ་ཡུལ་དུ་མ་ལོག་བར་དུ༌། བོད་ལ་རང་དབང་མ་ཐོབ་བར་དུ། མི་རིགས་འདི་རྨོངས་གཉིད་ལས་མ་སད་བར་དུ། ང་ཚོས་ཁྱིམ་ཚང་འདི་ལ་གཅེས་སྐྱོང་བྱེད་དགོས།
རྩོམ་དེ་ལྟས་ཚར་རྗེས་མིག་ལ་ཆུ་ཞག་འཁོར་བྱུང་།
ཕྱི་བསྡོད་ཀྱི་སྤུན་ཟླ་རྣམས་མུ་འཐུད་འབད་པ་གནང་རོགས།
ང་ཚོ་བོད་ནང་དུ་ཡོད་པའི་ན་གཞོན་ཚོ་ཡང་རང་མི་རིགས་ཀྱི་ཆེད་དུ་འབད་འབུངས་བྱེད་བཞིན་ཡོད།