ཀླུ་སྨྱོན་གྱི་ལྷུག་རྩོམ་གཡོས་བླུགས་མ་མུ་འགོད།
ཝེ། ཆུ་ཚོད་དགུ་བ་ཟིན་འདུག ད་དུང་ལང་རྒྱུ་མིན་ནམ། ང་རང་གཉིད་སྟུག་པོ་ཞིག་གི་ཀློང་དུ་ཤི་མ་གསོན་དུ་ཡོད་སྐབས། གློ་བུར་བའི་འབོད་སྐད་དེས་རྨི་ལམ་གྱི་ཞིང་ཁམས་ནས་སྐྱི་གཡའ་བའི་འཇིག་རྟེན་མི་ཡི་གསེབ་ཏུ་བསྐྱལ་བྱུང་། མིག་གཉིས་ཉོབ་སྣང་ཆེན་པོས་གཅིག་ཕྱེ་དུས། ཨ་ཙི། གསེར་མདོག་གི་ཉི་འོད་ཅིག་སྒེའུ་ཁུང་ལས་ཐད་ཀར་ངའི་རུས་མགོ་སྐྱི་བཏུམས་ཀྱི་རྐུབ་ལ་འཕྲོས་འདུག་ཅིང་། ཉི་འོད་བན་བུན་དེའི་ཀློང་དུ་མདང་དགོང་གི་ང་དང་ངའི་ཤག་རོགས་ཚོའི་རྟུག་དྲི་ཡིས་མགོ་ཡོམ་འཁོར་ནས་ད་དུང་ཤེས་པ་རབ་རིབ་ཏུ་གྱུར་པའི་དུག་སྦྲང་འགའ་འཁྱར་འཁྱོར་ངང་འཕུར་ལྡིང་བྱེད་བཞིན་ཡོད་པ་མཐོང་གི་འདུག ང་སྒྱིད་ལུག་དང་བཅས་ཡར་ལ་ལངས་དུས། གཅིན་སྐྱག་གིས་ལུས་སྨད་སྦོས་ནས་སྐར་ཆ་རེར་ཡང་བཟོད་ཐབས་མི་འདུག་པས། གཟན་ཤམ་འགྲིག་པོ་ཞིག་ཀྱང་གྱོན་ལོང་མ་བྱུང་བར་གསང་སྤྱོད་བསྙེགས་ནས་བརྒྱུགས་པས། ཁམས་ཚན་ཞིག་གི་གྲུ་ཟུར་ནས་ཅུང་མིན་ན་དགེ་བསྐོས་བཙན་པོ་སྐད་གྲགས་ཡོད་པ་ཞིག་དང་གདོང་ཐུག་བརྒྱབ་བྱུང་། ནམ་རྒྱུན་དང་འདྲ་བར་ཞོགས་ཇ་བཏུངས་རྗེས་ཀླུ་འབུམ་ཁང་ཚན་གྱི་ཉིས་ཐོག་གི་ཡང་སྟེང་དུ་བསྐྱོད་པ་ན། ཡ། དེ་རང་གཟའ་ཟླ་བ་ཡིན་པ་འདྲ་སྟེ། ཆོས་གྲོགས་འགས་དེ་གར་ངའི་ཕ་ཡུལ་དུ་དར་ཁྱབ་ཆེ་བའི་དགུ་འཇིག་འདེད་བཞིན་འདུག
ངས་འཇིག་ཅུང་ཟད་འདེད་ཤེས་ཀྱང་ཆོས་གྲོགས་བཞི་ལྔ་ཞིག་བང་བསྒྲིགས་ནས་འདིར་གོ་སྐབས་མི་འདུག་པས། ཕྱིར་ནང་ལ་ལོག་ནས་མདང་དགོང་ལག་ཏུ་སོན་པའི་སྙན་ངག་དེབ་ཆུང་ཁྲི་ཤོར་རྒྱལ་མོའི་གཡུ་རླབས་ཞེས་པ་དེའི་བལྟ་འཕྲོ་བཀླགས། དེབ་འདིེའི་ནང་གི་སྙན་ངག་འགའ་ཤས་སྒྱུ་རྩལ་དང་བསམ་བློ་སོགས་གང་གི་ཐད་ནས་ཀྱང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་བརྩམས་ཆོས་སུ་བགྲང་འོས་པར་འདུག རྩོམ་པ་པོས་བཙན་བྱོལ་ལ་བསྐྱོད་ལམ་གྱི་རྫ་བྲག་གཡང་གསུམ་གྱི་འཇིགས་པ་དུ་མ་ཉམས་སུ་མྱོང་སྐབས་སུ་རྩོམ་ཡིག་འདི་དག་བྲིས་པ་དེ་གཅིག་པུ་ལ་ཡང་རྗེས་སུ་ཡི་རང་ག་ལ་མི་བྱེད།
ཨ། དེ་རིང་གཟའ་ཟླ་བ་ཡིན་པས་ཕྱི་དྲོར་ཚོམས་ཇ་ཡོད་ངེས། ནམ་རྒྱུན་གྱི་འབྲས་སྐྱ་དེ་ལས་ཀླུ་འབུམ་ཁམས་ཚན་གྱི་ཚོམས་ཇའི་ཐུག་པ་དེ་ཞེ་དྲགས་ཞིམ་པོ་ཡོད་ལ་སྒོ་མང་གྲྭ་ཚང་དུ་ཀླུ་འབུམ་ཐུག་པ་ཞེས་སྐད་གྲགས་ཀྱང་གང་འཚམ་ཡོད་པ་འདྲ། ངའི་ལྕགས་ཕོར་ཆེན་པོ་དེ་འདྲ་ཁྱེར་ཡོང་མཁན་སུ་ཡང་མི་འདུག་ལ། གལ་སྲིད་ཕ་ཡུལ་དུ་ཁྱེར་བ་ཡིན་ན་ས་མང་གཞུང་ཧྲིལ་བོ་སྐད་གྲགས་ཀྱིས་ཁེངས་ས་རེད། ཚོམས་ཐུག་འཐུངས་ཚར་རྗེས་ཁམས་ཚན་གཉེར་བས་གྲྭ་པ་རེ་རེར་ཧིན་སྒོར་གསུམ་རེ་བྱིན་སོང་། ཧིན། ཡང་ཟུར་མིག་ཟ་ཁང་ནང་ནས་འཐེན་ཐུག་དཀར་ཡོལ་གང་འཐུང་ཐུབ་སོང་བ་མ་རེད་དམ། ཅུང་མ་འགོར་བར་མུན་རུབ་སོང་བས། ང་ཡང་གྲྭ་ཚོགས་ཀྱི་ཁྲོད་དུ་བཙངས་ནས་ཕྱི་ལོགས་སུ་འཆམ་འཆམ་དུ་བསྐྱོད། མུན་ནག་གི་ཁྲོད་ཁོ་ན་ནས་དལ་བུར་ལྡང་བའི་བསིལ་རླུང་ཞིག་གིས་ཉིན་གང་གི་ཚ་གདུང་དེ་དགའ་རབ་སེལ་བར་བྱས། ཞིང་ཁ་ཞིག་ཏུ་སོང་ནས་ནམ་རྒྱུན་དང་འདྲ་བར་ཕ་ཡུལ་གྱི་ཕྱོགས་སུ་མིག་ཆུ་འགའ་གཏོར་རྗེས་ཕྱིར་ལོག་སྐབས། ལམ་འགྲམ་གྱི་ལྗོན་ཤིང་ཞིག་གི་རྩེ་རུ་གྲྭ་པ་ཞིག་གིས་ཁམས་བྲག་གཡབ་ཀྱི་ཕྱོགས་སུ་ལེན་པའི་གདངས་རིང་བོ་ཅན་གྱི་དམངས་གླུ་ཞིག་ལེན་བཞིན་འདུག་པས། དགེ་འདུན་ཆོས་འཕེལ་གྱིས་མུ་ན་ལའི་ས་ཕྱོགས་ཤིག་ཏུ་བྱིས་པ་ཞིག་གི་ངག་ལས་ཐོས་པའི་གཞས་གདངས་དེ་ཡང་འདི་འདྲ་ཞིག་ལོས་ཡིན་བསམས། ཕར་ཙམ་སོང་བ་ན་མུན་ཁྲོད་ནས་མིག་ཤེལ་ནག་པོ་གྱོན་པའི་གྲྭ་པ་ཞིག་གིས་ཅི་ཞིག་ལ་ལག་སྙོབ་བྱེད་བཞིན་འདུག་པས། ངའི་སེམས་ལ་རྒྱ་ནག་གི་རྩོམ་པ་པོ་ཀུའུ་ཁྲིན་གྱི་སྙན་ངག་གྲགས་ཅན་དུས་རབས་གཅིག་ཅེས་པ་དེ་ལྷང་ངེར་དྲན་སོང་།
སྐབས་དེར་གློ་བུར་དུ་ཤར་ཕྱོགས་ཀྱི་གནམ་སའི་འདྲེས་མཚམས་ནས་འོད་དཀར་གྱི་གཟེགས་མ་འབར་བའི་ཉ་གང་ཟླ་བ་དེ་ག་ལེར་མཐིང་སྔོན་གྱི་མཁའ་དབྱིངས་སུ་འཕགས་བྱུང་། ཟླ་བ། རྟོགས་དཀའ་བའི་གབ་ཚིག་ཟླུམ་པོ་ཞིག ཟླ་བ། འབྲོང་རྒོད་ཀྱི་ཀླད་རུས་གོར་གོར་ཞིག བསིལ་ཟེར་གྱི་ཕྲེང་བ་རེ་རེས། སྤྲིན་དཀར་གྱི་བང་རིམ་བརྟོལ་ནས། རྟོག་གེ་བའི་སྨྱུག་རྩེ་བརླན་པས། ཚེས་བཅོ་ལྔའི་དུང་ཟླ་དྲན་བྱུང་། དོ་དགུང་དང་འདྲ་བར་བརྒྱད་པའི་བཅོ་ལྔའི་དུང་ཟླ་མཁའ་དབྱིངས་སུ་འཕགས་པའི་དུས་བཟང་ཞིག་ལ། ང་རང་ཕ་ཡུལ་གྱི་དགོན་ཆུང་དེའི་རྒྱབ་རིའི་རྩེ་རུ་འཛེགས་ཏེ་མི་ལོ་ཉི་ཤུའི་འཚོ་བར་ཕྱིར་དྲན་བྱེད་མྱོང་ལ། ཁུ་སིམ་མེར་འཇིག་རྟེན་གཞན་ཞིག་ལ་རེ་སྨོན་ཡང་བྱེད་མྱོང་།
རྒྱང་རིང་གི་གནའ་མཁར་པོ་ཏ་ལའི་རྩེ་རུ་འཕྲོས་པའི་ཟླ་འོད་འདི་ནས་མཐོང་མི་ཐུབ་ལ། ཡུལ་གྱིས་བསྐལ་བའི་ཕ་མ་དང་ཕུ་ནུ་ཡང་བརྗེད་ག་ལ་ཐུབ། ཕ་ཡུལ་གྱི་སྟོན་ཟླ་དཀར་པོའི་ལྷིང་འཇགས་ཁྲོད། ན་ཆུང་གི་དུང་སེམས་ཚིགས་དྲུག་གི་གླིང་བུས་གྱེར། མི་ཡུལ་གྱི་དུང་ཟླ་སྒོར་མོའི་འོད་སྣང་ཁྲོད། བདག་ཡིད་ཀྱི་མཆི་མ་སྙིང་ཆུང་གི་རྩེ་ནས་འཛུམ། འདི་གའི་སྨུག་སྤྲིན་གྱི་རྒྱུ་བ་དྲག་ཅིང་མྱུར་ན་ཡང་། ཟླ་བ་དང་སྐར་ཚོམ་ཁུ་སིམ་པའི་མཁའ་དབྱིངས་སུ་འདུས་ནས་གླང་རྫི་དང་འཐག་སོའི་གཉེན་ཆང་འཐུང་རྒྱུ་མང་དྲགས་ཏེ་རྒྱུ་སྐར་གྱི་གོམ་ཁ་འཁྱོར་ཞིང་བརྟན་སྐར་གྱི་ལུས་པོ་འདར། སྨིན་དྲུག་ཁྲ་མོས་སྨེ་བདུན་གྱི་སྐྱོག་ཆེན་བཟུང་ནས་དགུ་ཚིགས་ཀྱི་གཙང་བོ་བཅུ་ཞོར་དུང་ཟླ་མེ་ལོང་ལས་གནག་སྣུམ་གྱི་སྐྲ་ལོ་ཤད།
ལས་སྐལ་དམན་པའི་ཟླ་བ་སྤྲིན་ནག་གི་བཙོན་དུ་ལྷུང་། ཕྱོགས་བཞིའི་རྒྱུ་སྐར་མང་པོ་སྐྱོ་གདུང་དྲག་པོའི་ངང་མུན་ནག་ཀློང་དུ་ཐིམ། ཟླ་བ་བཙོན་ལས་ཐར་དུས་ཟླ་བར་ཕ་མ་དང་གཅེན་གཅུང་མེད། ཟླ་བའི་མིག་ཆུ་ཟླ་བའི་དཔྲལ་བར་ལྷུང་། ཟླ་བ་སྤྱང་ལྟོགས་ཀྱི་ཁ་རུ་ཚུད། འབྲོག་པས་མ་ཎི་འདོན་བཞིན་མེ་མདའ་བརྒྱབ། འབྲོག་ཁྱིས་ངུ་ཟུག་བྱེད་བཞིན་རྔ་མ་གཡུགས། ཟླ་བའི་ལུས་མཐའ་རིམ་བཞིན་དམར་པོར་གྱུར། ཟླ་བ་འཇིག་རྟེན་འདི་ལ་ཞེན་ཆགས་ཆེ། ངོ་གདོང་དྲེགས་པས་འཚོས་པའི་འབྲོག་ཕྲུག་ཚོས་དྭངས་གཙང་གི་མིག་ཆུ་འབྱིེད་བཞིན་ཟླ་བའི་རྣམ་ཤེས་ལ་སྐྱེལ་མ་བྱས། ཟླ་བའི་བེམ་པོ་ཁ་བས་བཏུམས་ནས་རྒྱང་རིང་གི་གངས་ཁྲོད་ཅིག་ཏུ་བསྐྱལ། ཟླ་བའི་ཤ་ཁྲག་གི་སྟེང་དུ་བྱ་རྒོད་ཚོ་ཁ་བ་བཞིན་བབས། ཟླ་བའི་རྩམ་གསུར་གྱི་དུ་ཞགས་ཁྲོད་ཟླ་བའི་སྙིང་ཁྲག་ཕ་ཡུལ་ལ་ཐིམ། ཟླ་བས་ལུག་ཁྱུ་འཚོས་ཏེ་ཟླ་བའི་རྩྭ་ཐང་བསྲུངས། ཟླ་བས་སྟོང་མཆོད་ཕུལ་ནས་ཟླ་བར་གཤིན་ཆོས་བསྒྲུབས། ཟླ་བས་སྨྱུ་གུ་བཟུང་སྟེ་ཟླ་བའི་རྟོགས་བརྗོད་བྲིས། ཟླ་བའི་གནས་ཡུལ་འགྲིམས་ནས་ཟླ་བའི་མི་རབས་སྤེལ། ཟླ་བས་འབྲི་མོ་བཞོས་ནས་ཟླ་བར་འོ་ཇ་དྲངས། ཟླ་བའི་ལང་ཚོ་རྒྱས་ཏེ་ཟླ་བར་ཟུར་མིག་བལྟས། ཟླ་བས་ལ་གཞས་བླངས་ནས་ཟླ་བར་དུང་སེམས་བསྟན། ཟླ་བས་རྟ་མཆོག་ཞོན་ནས་ཟླ་བའི་བརྩེ་དུང་བསྙེགས། ཟླ་བས་འོད་དཀར་བཀྱེས་ཏེ་ཟླ་བར་འགྲོ་ལམ་བསྟན། ཟླ་བའི་སྦྲ་ནག་འགྲམ་ནས་ཟླ་བ་རྟ་ལས་བབས། ཟླ་བའི་དཔུང་ཤ་རྩུབ་པོས་ཟླ་བའི་ལུས་དྲོད་བཙལ། ཟླ་བས་ལག་པ་བརྐྱངས་ཏེ་ཟླ་བའི་མགུལ་བར་འཁྱིལ། ཟླ་བའི་མ་མཆུའི་སྦྲང་རྩིས་ཟླ་བའི་མིག་ཀྱང་བཟི། ཟླ་བ་དགུ་ཡི་རྗེས་ནས་ཟླ་བས་ཟླ་བ་པང་། ཟླ་བས་ཟླ་བར་བལྟས་ཏེ་ཟླ་བས་ཟླ་བ་དྲན། ཨོ། ཟླ་བ་ཏག་ཏག་ནམ་མཁའི་དཀྱིལ་དུ་བསླེབས་འདུག སང་ཞོགས་ཀྱི་ཟླ་བ་ལྟ་བུའི་བག་ལེབ་དེ་རག་ཕྱིར། ངའི་གཟའ་ཟླ་བར་མཐུད་པའི་ཚེས་བཅོ་ལྔའི་ཟླ་བ་སྒོར་སྒོར་འདི་ད་ནི་ནུབ་ཕྱོགས་ཀྱི་མཁའ་མཐར་ཕེབ་སྐྱེལ་ཞུ་དགོས་བྱུང་སོང་།
གསལ་བཤད།
གོང་གི་ལྷུག་རྩོམ་འདི་ནི་ཁོ་བོས་འཕགས་ཡུལ་གྱི་སྙན་ངག་མཁན་ཡོངས་སུ་གྲགས་པ་དུ་མའི་འབྱུང་ཁུངས་རྒྱ་གར་ལྷོ་ཕྱོགས་སུ་སྤྱི་ལོ་༡༩༩༤ལོའི་སྟོན་ཁར་བྲིས་པ་ཡིན་ཞིང་། དོ་དགོང་ཡང་སྤྱི་ཟླ་བརྒྱད་པའི་ཚེས་བཅོ་ལྔར་ཁེལ་འདུག་པ་མ་ཟད། སྨུག་སྤྲིན་རབ་རིབ་ཅིག་གི་ཀློང་ན་དུང་མདོག་གི་ཟླ་བ་སྒོར་མོ་ཞིག་རང་དབང་གིས་མཐིང་མདོག་གི་མཁའ་དབྱིངས་སུ་རྩེན་བཞིན་འདུག་པས། རང་མཉམ་གྱི་གྲོགས་པོ་སྙན་ངག་ལ་མི་ཚེ་བཅོལ་བ་དག་ལ་སྙན་ངག་གི་སྐྱེས་ཆུང་ཞིག་གི་ཚབ་ཏུ་འདིར་བཀོད་པ་ལགས།
ང་རྒྱལ་ཕྲག་དོག་རང་ངོམ་བསམ་པ་དང་།།
བརྙས་འདོད་གྲགས་འདོད་ཁྲེལ་མེད་ངོ་ཚ་མེད།།
ཤེས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ།།
ཡེ་ཤེས་རྒྱ་མཚོའི་རྒྱུད་རབ་ཞུགས་ཏེ།།
དུས་དེབ་དྲ་དེབ་སྐྱ་སེར་སྤྱི་ཚོགས་ཀུན།།
དོན་མེད་རྫོགས་མེད་རྩོམ་གྱིས་རྙོག་པར་བྱས།།
སྐུ་ཞོག་ཁྱེད་རང་གི་བསམ་བློ་གཏོང་སྟངས་ནོར་འདུག དེང་སྐབས་མི་ཕལ་ཆེ་བའི་ཤེས་ཡོན་གྱི་གནས་ཚད་ཡག་པོ་རྐྱང་རེད། ཁྱེད་རང་གི་འབྲི་བཞིན་པ་དེ་འདྲ་ཚང་མས་འབྲི་ཐུབ་ཀྱང་ཆོ་ཡོད་པ་མ་རེད། མི་ཚོས་ཧ་ཅང་ཡ་མཚན་ཞིག་འབྲི་ཨེ་ཐུབ་ལྟ་གི་ཡོད་པ་ལས། རྦད་དེ་འབྲི་མི་ཤེས་པ་མ་མེད། ཆོ་མེད་ཅིག་ཡོད་པ་ལས་སྟོང་པ་རྦད་དེ་གཙང་གི་རེད།
ཁྱེད་རང་གིས་དེང་སང་གི་མིའི་སེམས་ཁམས་ཀྱི་འགྱུར་ཕྱོགས་གསར་བ་དང་དགའ་མོ་གསར་བ་ལ་རྒྱུས་ལོན་བྱེད་ཐུབ་ན་ཡག་པོ་རེད། མི་བཙུམ་ནས་རང་གི་ལྟ་བ་མཁྲེགས་འཛིན་བྱེད་མི་འོས། ཆོ་མེད་མང་པོ་བྲིས་ནས་མི་ཚོར་བོད་ཡིག་གི་དྲ་དེབ་ཀློག་རྒྱུར་ཡི་ག་འགག་ཏུ་མ་འཇུག
ཚིག་ཉོག་འདྲ་བྲིས་འདི་འདྲ་ག་རེ་རེད?
ཝེ། ཆུ་ཚོད་དགུ་བ་ཟིན་འདུག ད་དུང་ལང་རྒྱུ་མིན་ནམ། ང་རང་གཉིད་སྟུག་པོ་ཞིག་གི་ཀློང་དུ་ཤི་མ་གསོན་དུ་ཡོད་སྐབས། གློ་བུར་བའི་འབོད་སྐད་དེས་རྨི་ལམ་གྱི་ཞིང་ཁམས་ནས་སྐྱི་གཡའ་བའི་འཇིག་རྟེན་མི་ཡི་གསེབ་ཏུ་བསྐྱལ་བྱུང་། མིག་གཉིས་ཉོབ་སྣང་ཆེན་པོས་གཅིག་ཕྱེ་དུས། ཨ་ཙི། གསེར་མདོག་གི་ཉི་འོད་ཅིག་སྒེའུ་ཁུང་ལས་ཐད་ཀར་ངའི་རུས་མགོ་སྐྱི་བཏུམས་ཀྱི་རྐུབ་ལ་འཕྲོས་འདུག་ཅིང་། ཉི་འོད་བན་བུན་དེའི་ཀློང་དུ་མདང་དགོང་གི་ང་དང་ངའི་ཤག་རོགས་ཚོའི་རྟུག་དྲི་ཡིས་མགོ་ཡོམ་འཁོར་ནས་ད་དུང་ཤེས་པ་རབ་རིབ་ཏུ་གྱུར་པའི་དུག་སྦྲང་འགའ་འཁྱར་འཁྱོར་ངང་འཕུར་ལྡིང་བྱེད་བཞིན་ཡོད་པ་མཐོང་གི་འདུག ང་སྒྱིད་ལུག་དང་བཅས་ཡར་ལ་ལངས་དུས། གཅིན་སྐྱག་གིས་ལུས་སྨད་སྦོས་ནས་སྐར་ཆ་རེར་ཡང་བཟོད་ཐབས་མི་འདུག་པས། གཟན་ཤམ་འགྲིག་པོ་ཞིག་ཀྱང་གྱོན་ལོང་མ་བྱུང་བར་གསང་སྤྱོད་བསྙེགས་ནས་བརྒྱུགས་པས། ཁམས་ཚན་ཞིག་གི་གྲུ་ཟུར་ནས་ཅུང་མིན་ན་དགེ་བསྐོས་བཙན་པོ་སྐད་གྲགས་ཡོད་པ་ཞིག་དང་གདོང་ཐུག་བརྒྱབ་བྱུང
སྙིང་ཉེ་བའི་དྲ་གྲོགས་སྟག་སྨྱོན་གྱིས། དེང་སྐབས་མི་ཕལ་ཆེ་བའི་ཤེས་ཡོན་གྱི་གནས་ཚད་ཡག་པོ་རྐྱང་རེད། གསུངས། ངོ་མ་དེ་འདྲ་ཡིན་ན་དགའ་བ་ལ། མི་དེ་དག་ད་ལྟ་གང་དུ་ཡོད་དམ། དབུས་གཙང་དུ་ཡོད་དམ། ཁམས་ན་ཡོད་དམ། ཡང་ན་ཨ་མདོ་རུ་ཡོད།། དང་པོ་ལྟར་ན་དབུས་ཀྱི་ལྷ་ས་ན་ཡོད་དམ། གཙང་གི་བཀྲ་ཤིས་ལྷུན་པོ་ན་ཡོད་དམ། ཁམས་ན་ཡོད་ཚེ་སྐྱེ་རྒུ་ན་ཡོད་དམ་ཆབ་མདོ་ན་ཡོད། ཨ་མདོ་ན་ཡོད་ཚེ་བླ་བྲང་ན་ཡོད་དམ་རྔ་བ་ན་ཡོད། ཆབ་ཆ་ན་ཡོད་དམ་རེ་སྐོང་ན་ཡོད། ངའི་སེམས་ནང་ང་ཚོའི་མི་རིགས་འདིའི་མི་མང་ཤོས་ལ་མེད་པ་དེ་རྩོམ་ཡིག་འབྲི་རྒྱུ་སྐུར་ཡིག་ཡིག་ནོར་མེད་པ་ཞིག་ཀྱང་འབྲི་མི་ཐུབ་པ་དེ་རེད་བསམ་བཞིན་ཡོད། བོད་མི་ཕལ་ཆེ་བའི་ཤེས་ཡོན་གྱི་གནས་ཚད་ཡག་པོ་རྐྱང་ཡིན་ན་ཁ་སང་མེད་པའི་བོད་མི་ཤེས་ཡོན་ཅན་དེ་དག་གནམ་ནས་བབས་པ་ཡིན་ནམ་ས་ནས་སྐྱེས་པ་རེད། ཤེས་ཡོན་ཡག་པོ་ཞིག་ཡོད་པ་ལ་ལོ་མང་གི་སློབ་སྦྱོང་གི་བརྒྱུད་རིམ་འདི་ངེས་པར་བརྒྱུད་དགོས་པ་ལོས་ཡིན། ཕྱི་རྒྱལ་གྱི་མི་ལ་བཤད་ཀྱིན་ཡོད་ན་དེ་ཡང་ག་ལ་ངེས།
གཞན་ངས་གཞན་ལ་བརྙས་འདོད་བྱེད་ཀྱིན་ཡོད་དང་ཉིད་ཀྱིས་དེ་ལྟར་གནང་གི་ཡོད་འདིར་བཞུགས་དྲ་གྲོགས་ཚང་མས་མི་མཁྱེན་རྒྱུ་ཅི་ཡོད། ཕྲག་དོག་སོགས་ཀྱང་དེ་བཞིན་ལོས་ཡིན། སྤྱིར་ཡིན་ན་རྩ་བའི་ཉོན་མོངས་འདི་དག་སོ་སྐྱེ་སྤྱི་ལ་ཡོད་པའི་འཚོ་བའི་སྤྱི་འགྲོས་ཤིག་ཡིན་པས་ང་གཅིག་པོ་ལ་ཡོད་པའི་སྐྱོན་ཆ་ཞིག་ག་ལ་ཡིན། གང་ལྟར་དཔྱད་བརྗོད་རེ་སྤེལ་བ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ། མེད་པ་ལས་ཡོད་པ་དྲག་ཅེས་པ་ལྟར་རོ།།
གོང་དུ། “རྩོམ་ཡིག་འབྲི་རྒྱུ་ཕར་ཟད་་་་་”
ཨོ། སྨྱོན་པས་སྨྱོན་པའི་ཁ་གཙེས་རེས་བྱས་ན་ན་གན་དཔྱོད་ལྡན་ཚོ་གད་མོ་ཤོར་གྱིན་ལོས་ཡོད། དེ་རིང་ནས་བཟུང་སྟེ་སྐུ་ཞབས་སྟག་སྨྱོན་ལ་ཉན་ཤེས་མེད་པའི་ལན་འདེབ་བྱེད་མཚམས་བཞག་པ་ཡིན། འདི་ལ་རྒྱུ་མཚན་ཅི་ཡང་མི་འདུག ཡ་ད་བདེ་མོ་བྱོས། རབ་བྱུང་ན་གངས་རིའི་འདབས་ནས་མཇལ། དེ་མ་བྱུང་ས་མཐའ་ཞིག་ནས་ཐུག
སྐུ་ཞོག་ཐུགས་རྒྱལ་མ་བཞེངས་རོགས། ཞུ་འདོད་པ་ཞིག་ལ་རྩོམ་པ་པོ་ཞིག་ཡིན་ཚེ་དེང་སང་གི་མིའི་བསམ་བློའི་འགྱུར་ཕྱོགས་གསར་བ་དང་། དགའ་མོས་གསར་བ་ག་རེ་ཡིན་མིན་རྒྱུས་ལོན་བྱེད་ཐུབ་རྒྱུ་དེ་ཨང་དང་པོ་རེད། རྩོམ་ཡིག་ཡག་པོ་ཞིག་ཡོད་ཚེ་ཀློག་མཁན་ལ་ཁེ་བཟང་ཡིན་པས་རྩོམ་པ་པོར་ཁ་བརྡུང་གཏོང་མི་སྲིད།
དེང་གི་མི་ཚོ་སྤྱི་བཏང་གི་སྙན་རྩོམ་དང་སྒྲུང་རྩོམ་སླད་མ་སོགས་ཀློག་འདོད་མེད་པ་མ་ཟད། ཐ་ན་ཆབ་སྲིད་ལའང་དོ་སྣང་བྱེད་འདོད་མེད་པ་ཆགས་ཡོད། རྒྱུ་མཚན་དེའི་ཕྱིར་བོད་ནང་དུའང་ཀླད་གསར་ཚོས་སྙན་ངག་ལ་ཨ་གསར་བྱེད་པ་ལས། གཞན་སྙན་དང་སྙན་ངག་པ་ཁུ་སུམ་སུམ་དུ་སྡོད་དགོས་བྱུང་མ་རེད་དམ། སོ་སོའི་ཆེད་ལས་ལ་འབྲེལ་བའམ་ཡང་ན་ངོ་མ་དམིགས་བསལ་འདྲ་ཡོད་ན་ཀློག་གི་རེད། སྤྱི་ཚོགས་ཀྱི་དགའ་མོས་ལ་བསྟུན་མཁས་དང་གུས་ཞབས་བྱེད་ཤེས་རྒྱུ་དེ་གལ་ཆུང་དུ་བརྩི་མི་རུང་།
དུས་རབས་འདིའི་མི་ཚོས་གསར་འགྱུར་གལ་ཆེ། ལྐོག་གྱུར་གྱི་གསང་བ་ཡ་མཚན་རྟོགས་པ། དངོས་བྱུང་བརྩེ་དུང་གི་ལོ་རྒྱུའི་དམིགས་བསལ་བ། གཟུགས་པོའི་འཕྲོད་བསྟེན་སྐོར། གྲགས་ཅན་མི་སྣ་ཁག་གི་བསམ་བློ་གཏོང་སྟངས་དང་ཁོང་ཚོའི་ཉམས་མྱོང་། ཁོང་ཚོའི་མི་ཚེའི་ལོ་རྒྱུས། དངོས་བྱུང་དཀའ་སྡུག་གི་ལོ་རྒྱུས་དཀོན་པོའི་རིགས། ཡ་མཚན་གསར་གཏོད་ཀྱི་བྱས་རྗེས་སོགས་ལ་དགའ་བསུ་དང་ཀློག་འདོད་ཡོད་པ་རེད།
རྩོམ་པ་པོ་ནི་སྦྱིན་བདག་ཆེན་མོ་ཞིག་འདྲ་བས་གང་ལ་གང་འདོད་པ་དེ་སྦྱིན་དགོས་པ་ལས། ཁྱེད་རང་གིས་གང་འདོད་པ་དེ་བཙན་ཚུགས་ཀྱིས་ཁྱེར་དགོས་ཟེར་མི་འོས་པ་འདྲ་བོ་རེད། གུས་པ་ནི་གཏམ་འདོད་ཆེ་བའི་ཀློག་མཁན་ཞིག་ཡིན་པ་ལས་རྩོམ་པ་མིན།
སྟག་སྨྱོན། ངོ་མ་སྨྱོན་པ་ཞིག་ཡིན་ནམ། འདི་བྲིས་བ་མི་འགྲིག་གི འདི་འདྲ་བྲིས་དགོས། ཁྱོས་འདི་ནས་སྤྱི་ཚོགས་སློབ་གསོ་སྤེལ་རྒྱུ་ཡིན་ནམ། འདི་རྒྱ་ནག་གི་འོག་མ་རེད། ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་དུག་དག་མེད་པ་འདྲ།
གནས་སྐབས་རིང་བོད་རྒྱའི་ཞི་མོལ་དེ་ཕར་བཞག་ནས་ཀླུ་སྟག་སྨྱོན་པ་གཉིས་ཀྱི་བར་ལ་ཞི་མོལ་ཞིག་མགོ་འཛུགས་དགོས་པར་འདུག
ཀླུ་སྨྱོན་ངེད་གཉིས་ལ་དེང་སང་ཁ་བསྲེས་མེད། ཧཧཧཧཧཧཧ།