ཡར་འབྲོག་སྨྱོན་པ།
ཕྱི་ལོ་དང་དུས་རབས་མེད་པའི་སྐབས་སུ་དཔལ་འབྱོར་རིག་པ་དང་། ཚན་རྩལ་རིག་པ་ནང་དོན་རིག་པ་སོགས་ཀྱི་ཁྱད་ཆོས་དེ་ཙམ་དར་ཁྱབ་མེད་ན་ཡང་ས་ཡི་གོ་ལ་ནི་ཆེས་མཛེས་སྡུག་ལྡན་ལ་རྒྱ་ཆེ་ཞིང་། ཆུ་བོ་ཡན་ལག་བརྒྱད་ལྡན་གྱི་མཐའ་སྐོར། འབྲས་ལྡན་ལྗོན་ཤིང་སྣ་ཚོགས་ཀྱི་བསིལ་གྲིབ་སྙོམས། དེར་གནས་སྡོད་བྱེད་མཁན་གྱི་འགྲོ་བ་ཡང་རང་བཞིན་བཟང་ལ་བྱམས་སྙིང་རྗེ་ཅན་ཤ་སྟག་རེད། ང་ཚོའི་ཁྱིམ་གཞི་དེ་ནི་ཅི་འདྲའི་དྭངས་ཞིང་གཙང་བ་དང་འགྲོ་བ་དེ་དག་ཡང་གཅིག་ཕན་གཅིག་གྲོགས་ཀྱི་ཡ་རབས་ཚུལ་ལྡན་ཞིག་ཡིན་པ་སྨོས་མེད་རེད། ཚང་མས་གོ་ལ་འདི་ནི་རང་ཉིད་ཀྱི་ཁྱིམ་གཞི་ཡིན་པ་ངོས་འཛིན་དང་སྦྲགས་གཅེས་སྤྲས་དང་གཅེས་སྐྱོང་ཁོ་ནར་འབད་པའི་འབྲས་རྟགས་ཡིན།
ཕྱི་ལོ་དང་དུས་རབས་ཡོད་པའི་དུས་འདིར་དཔལ་འབྱོར་རིག་པ་དང་། ཚན་རྩལ་རིག་པ། ནང་དོན་རིག་པ་སོགས་ཀྱི་དར་ཁྱབ་ཆེ་ལ་ས་ཡི་གོ་ལ་འདིའི་ས་བཅུད་ཐམས་ཅད་ཉམས་ཤིང་། མཛེས་སྡུག་ཡིད་དབང་འཕྲོག་པའི་ཡུལ་ལྗོངས་དག་ནག་ནོག་ཏུ་གྱུར། དྭངས་གཙང་ཆུ་བོ་བརྒྱད་ལྡན་ཡང་འདབ་རྫོག་གི་ངོ་བོར་གྱུར། བསིལ་གྲིབ་སྙོམས་པའི་འབྲས་ལྡན་གྱི་ལྗོན་ཤིང་ཐམས་ཅད་བྱང་ཐང་གི་ཐལ་བར་གྱུར། དེར་གནས་པའི་འགྲོ་བ་ཀུན་འདོད་ཆགས་དང་འགྲན་སེམས་འཐབ་རྩོད་ཁོ་ནས་བྱམས་སྙིང་རྗེ་དང་ཞི་བདེ་བྲལ་ལ། ང་ཚོའི་ཁྱིམ་གཞི་འདི་ཡང་གྱེས་ཐོར་དུ་འགྲོ་བའི་མཚམས་ལ་སླེབས་འདུག
རེད་ཡ། ང་ཚོར་ཇི་ཙམ་འཇོན་ཐང་ཡོད་མེད་ལ་ལྟོས་དང་། རང་ཉིད་ཀྱི་ཁྱིམ་གཞི་ངོ་ཤེས་ཀྱི་འདུག་གམ། མཐུན་སྒྲིལ་དང་ལྷིང་འཇགས་འདུག་གམ། ཡ་རབས་དང་དྲང་བདེན་གྱི་ལམ་ལུགས་འདུག་གམ། རང་ཉིད་ཀྱི་སྡོད་གནས་ལ་སྲུང་སྐྱོབ་དང་གཅེས་འཛིན་གནང་གི་འདུག་གམ། རང་ཉིད་ཀྱི་ཁྱིམ་གཞི་འདི་ད་ལྟ་ཡ་ངའི་དབང་དུ་སོང་ནས་གྱེས་ཐོར་འགྲོ་ངེས་ཀྱང་། ད་དུང་ང་ཚོས་ཕ་སྤུན་འཐབ་རྩོད་དང་། འགྲན་སེམས་མ་རབས་སྤྱོད་ངན་གྱི་ལམ་ལ་འཇུག ད་དུང་དེས་ག་ལ་ཚད།
ཁྱིམ་གཞིའི་ནོར་བུ་བརྐུ་མཁན་གྱི་ཇག་པ། ཞི་བདེ་དང་ལྷིང་འཇགས་དཀྲུག་མཁན་གྱི་གཏེ་པོ། འཛམ་གླིང་ཁྱིམ་གཞི་གཏོར་བཤིག་གཏོང་མཁན་གྱི་ལག་དམར། ངེས་མེད་རི་དྭགས་མེད་པར་བཟོ་མཁན་གྱི་གཤེད་མ། སྤང་ལྗོངས་དང་ནགས་ཚལ་ཐམས་ཅད་གཏོར་བཤིག་གཏོང་མཁན་གྱི་ནག་ཅན། ཆུ་གཏེར་དང་ས་གཏེར་སྔོག་འདོན་བྱེད་མཁན་གྱི་གཤེད་མ། ཉེས་མེད་སེམས་ཅན་གྱི་སྲོག་འཕྲོག་མཁན། ལས་འབྲས་དང་བྱམས་སྙིང་མེད་པར་སྨྲ་མཁན་ལྟ་ལོག་ཅན་སོགས་ཀྱི་ལམ་ལུགས་ངན་པ་དེ་དག་བསྒྱུར་བཅོས་བྱེད་ཐུབ་ན་ང་ཚོའི་ཁྱིམ་གཞི་འདི་སྔར་བཞིན་ཡོང་ངེས་ལ། ཞི་བདེ་དང་ལྷིང་འཇགས་དེ་བས་ཡོང་ངེས། འཚོ་སྡོད་བྱེད་མཁན་གྱི་འགྲོ་བ་ཡང་ཚད་མེད་ཞི་བའི་ལམ་ལུགས་ལ་འཇུག་པ་མ་ཟད་ཆིག་སྒྲིལ་དང་བདེ་སྐྱིད་ཡང་འཐོབ་ངེས། ཚང་མས་འགན་འཁུར། ཚང་མས་གཅེས་སྤྲས་བྱེད།
ང་ཡི་གོ་ལ་བོད་ཡུལ་རེད། །
ང་ཡི་མ་ཁྱིམ་ཕ་ཡུལ་རེད། །
ང་ཡི་འགན་འཁྲི་དབུས་ལམ་རེད། །
ང་ཡི་ཁ་གཏད་རྒྱ་གཞུང་རེད། །
གོ་ལ་བསྲུང་འདོད་ཡོད་དང་གཅིག །
ཕ་ཡུལ་འགྲོ་འདོད་ཡོད་དང་གཉིས། །
དབུས་ལམ་གཉིས་འདོད་ཡོད་དང་གསུམ། །
བོད་མི་ཀུན་གྱི་འགན་འཁྲི་རེད། །