ཧོར་གཙང་འཇིགས་མེད།
ང་སྐུ་ཞབས་བཛྲ་ཚུལ་ཁྲིམས་དང་ཐོག་མར་ཐུག་དུས་ནི། ང་རང་བླ་བྲང་དགོན་པར་ཆོས་ཞུགས་བྱས་ནས་ཅང་མ་འགོར་བའི་སྐབས་ཏེ་སྤྱི་ལོ་༡༩༨༠ ལོའི་ལོ་མཇུག་རེད། ངས་ཁོང་མཐོང་མ་མྱོང་བའི་ཡར་སྔོན་ནས་ཨ་ཁུ་བཟང་བོ་བརྒྱུད་དེ་ཁོང་གི་སྐོར་ཤེས་རྟོགས་གང་འཚམ་ཡོད། ཨ་ཁུ་བཟང་བོ་ནི་ཕ་ཡུལ་མཛོད་དགེ་ནས་ཡིན་ལ། ཨ་ཁུ་བཛྲ་ཚང་དང་། ཚུལ་ཁྲིམས་བཅས་ཁོང་རྣམ་པ་གསུམ་ལྷན་ཅིག་ཏུ་བཞུགས་ཀྱིན་ཡོད་ཅིང་། སྐབས་དེར་ད་དུང་ཆོས་སྒོ་ཕྱེ་མེད་སྟབས་ཁོང་རྣམས་བཞུགས་ས་བླ་བྲང་ས་དཀར་སྡེ་བ་ཡིན་ཚོད་ཀྱང་ཞིབ་ཆ་མ་ཤེས། ཨ་ཁུ་བཟང་བོ་རྒྱུན་དུ་ངའི་ཨ་ཁུ་བཀའ་དྲིན་ཅན་གྱི་ཤག་ཏུ་ཡོང་གིན་ཡོད་ཅིང་། ཁོང་གིས་བཛྲ་ཚུལ་ཁྲིམས་ཀྱི་རྣམ་དཔྱོད་དང་རིགས་སྟོབས་ལ་བསྔགས་བརྗོད་ཡང་ཡང་བྱེད་ཀྱིན་ཡོད་སྟབས་ང་རང་ཡང་བཛྲ་ཚུལ་ཁྲིམས་ལ་སྨོན་པ་སྐྱེས་པ་མ་ཟད་ཁོང་ལ་ཐུག་འདོད་ཆེན་པོ་སྐྱེ་བཞིན་ཡོད།
ཁོང་གི་སྐྱེས་ཡུལ་ནི་མཛོད་དགེ་རུ་སྟོད་མ་རེད། ཁོང་གི་མིང་དངོས་ལ་ཚུལ་ཁྲིམས་རྒྱ་མཚོ་ཟེར། སྤྱི་ལོ་༡༩༦༥ ལོ་སྟེ་རིག་གནས་གསར་བརྗེ་ཆེན་པོའི་རླུང་འཚུབ་ལངས་ཁ་མའི་ལོ་དེར་སྐྱེས། སྐྱེས་ཁྱིམ་གྱི་མིང་ལ་ཨ་མཆོག་ཚང་དུ་འབོད། ཁྱིམ་ཚང་ཆེ་ཞིང་མི་འཛོམས་རྒྱུ་འཛོམས་ཤིག་ཡིན། ཁོང་ཆུང་དུས་མཛོད་དགེའི་སློབ་ཆུང་དང་གཙོས་ཀྱི་སློབ་འབྲིང་དུ་བསྐྱོད། སྤྱི་ལོ་༡༩༨༠ ལོར་སློབ་འབྲིང་ཆ་ཚང་མ་གྲུབ་སྔོན་རབ་ཏུ་བྱུང་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། ཁོང་གི་མཚན་ཉིད་ཀྱི་དགེ་རྒན་གཙོ་བོ་ཨ་ཁུ་དགེ་འདུན་རྒྱ་མཚོ་ཞིང་གཤེགས་དམ་པ་ཁོང་རེད། ཨ་ཁུ་བཛྲ་ཚང་གི་དགེ་ཕྲུག་ཏུ་ཉར་བས་བཛྲ་ཚུལ་ཁྲིམས་དུ་འབོད་པ་བྱུང་། དེ་ལ་བརྟེན་ནས་ཁོང་གི་སྐུ་སྤུན་ཆུང་བ་འཕྲིན་ལས་ལའང་བཛྲ་འཕྲིན་ལས་སུ་འབོད། ཁོང་གིས་སྔ་ཕྱིར་རྗེ་མི་དམུ་དགེ་བསམ་གཏན་ཚང་ལས་བཀའ་ཁྲིད་ཁག་ཅིག་ཞུས་ཡོད་ལ། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་ཆེན་མོར་བསྐྱོད་པའི་སྐབས་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་དང་། དགེ་བའི་བཤེས་གཉེན་དམ་པ་ཨ་ཁུ་དཔལ་ལྡན་ཚང་། དགེ་བཤེས་ཆེན་པོ་ཨ་ཁུ་རྔ་བ་གྲགས་པ་ཞིང་གཤེགས་དམ་པ་ཁོང་སོགས་ཀྱི་མདུན་དུ་གཞུང་ཆེན་ཁག་ལ་ཐོས་བསམ་བྱས་ཡོད།
རྒྱུད་སྡེ་སྤྱི་དང་ལྷག་པར་དུས་འཁོར་གྱི་གར་ཐིག་དབྱངས་གསུམ་དང་། བློས་བསླངས་དཀྱིལ་འཁོར། རབ་གནས་དང་རྡུལ་ཚོན། གཏོར་མ་འཁོར་ལོ་སོགས་ལ་ནང་བྱན་ཆུད་ཅིང་། སྒྲ་དང་ས་རིས། སྙན་ངག་དང་སུམ་རྟགས་སོགས་ཐ་སྙད་རིག་གནས་ལའང་ཤིན་ཏུ་མཁས་པའི་ཁོང་གི་རྒན་ཨ་ཁུ་བཛྲ་ཚང་གི་མདུན་ནས་རིག་གནས་དེ་དག་ལ་སྦྱངས་པ་གནང་བའི་ལག་རྗེས་སུ་སྒྲའི་ཟིན་བྲིས་སོགས་བརྩམས་ཆོས་ཁག་ཅིག་ཀྱང་ཡོད་པ་ཡིན།
ངས་ཐོག་མར་ཚུལ་ཁྲིམས་མཐོང་བའི་བག་ཆགས་ནི་རྣམ་རིག་བཀྲ་ཞིང་གཟུགས་བྱད་ལེགས་པ། ལུས་ཀྱི་མདངས་བཟང་བ། སྤྱོད་ལམ་ལེགས་ཤིང་སྐད་ཆ་བཤད་སྐབས་རྒྱུ་མཚན་ཡོད་པ་རྣན་པའི་སྒོ་ནས་བཤད་མཁན་ཞིག་ལས། ང་རང་ནང་བཞིན་ཁ་ནས་གང་བྱུང་བཤད་མཁན་ཞིག་མིན་ལ། བསོད་ནམས་ཀྱི་དབང་གིས་ཕ་མ་བཟང་བོ་དང་འཕྲད་པའི་བཀའ་དྲིན་ལས་ཁོང་ཆུང་དུས་སློབ་གྲྭ་འགྲིམས་མྱོང་བས་རྒྱ་ཡིག་དང་བོད་ཡིག་གཉིས་ཆ་འབྲི་ཀློག་ལ་བྱང་བ་ཙམ་མ་ཡིན་པར། རྩོམ་ཡིག་ཀྱང་འབྲི་ཐུབ་ཀྱིན་ཡོད་སྟབས། ཁོང་གི་ཤེས་ཚད་དང་རྣམ་དཔྱོད་ཀྱིས་ཡིད་དབང་འཕྲོགས་པ་ཉུང་ཉུང་མིན།
སྤྱི་ལོ་༡༩༨༠ ལོའི་ཧོར་ཟླ་༡༠ ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་རིང་མིན་དགོན་པ་ཆེ་ཁག་ལ་ཆོས་སྒོ་བསྐྱར་འབྱེད་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་མཛད་ཅིང་། སྤྱི་ལོ་༡༩༨༡ ལོའི་དཔྱིད་ཀར་སྔར་གྱི་དགོན་པའི་གྲྭ་ཤག་ཡོངས་རྫོགས་དང་ནང་ཆེན་ཁག་ཕལ་ཆེར། ཐུགས་རྗེ་ཆེན་པོ་རྟ་མགྲིན་ལྷ་ཁང་སོགས་ལྷ་ཁང་ཕལ་མོ་ཆེ་བཤིག་ནས་ཞིང་ཁ་བཟོས་ཡོད་པའི་ཐོག་ཏུ། གྲྭ་བ་རྣམས་ལ་ཁང་ས་བགོ་འགྲེམས་བྱེད་མགོ་ཚུགས། སྐབས་དེར་ད་དུང་གྲྭ་བ་རྣམས་ཀྱིས་ཁང་ས་དེ་རྒྱུན་རིང་བོར་རང་རང་ལ་དབང་མིན་ཐེ་ཚོམ་སྐྱེ་བཞིན་ཡོད་ནའང་། ཁང་ས་བགོས་མ་ཐག་ནས་ཁང་བ་གསར་རྒྱག་གི་བྲེལ་འཚུབ་ཤིན་ཏུ་ཆེ། སྒོར་མོ་ཡོད་མཁན་དང་། སྦྱིན་བདག་ཡོད་མཁན། ཡང་ན་རང་གི་སྐྱེས་ཁྱིམ་ལ་རྒྱུ་འབྱོར་གང་འཚམ་ཡོད་མཁན་གྱི་གྲྭ་བ་ཚོས་གྲྭ་ཤག་རྒྱག་རྒྱུ་དེ་བྱིས་པའི་རྩེད་ཁང་ཕུབ་པ་དང་འདྲ་བར་དུས་ཡུན་ཐུང་ངུའི་ནང་འགྲུབ་ཀྱིན་འདུགཅིང་། ཨ་ཁུ་བཛྲ་དང་ཚུལ་ཁྲིམས། ཨ་ཁུ་བཟང་བོ་གསུམ་གྱིས་ཀྱང་འཕྲལ་སེལ་གྱི་ས་ཁང་སྟབས་བདེ་ཞིག་ཕུབ་སྟེ་བཞུགས་ཤག་གསར་བའི་ནང་སྤོ་ཐབས་བྱས་འདུག
ཉིན་ཞིག་གི་ཞོགས་པར་ང་ཁོང་རྣམ་པ་ཚོའི་ཤག་ལ་འགྲོ་དགོས་བྱུང་། ཚུལ་ཁྲིམས་མཆོད་ཁང་ནང་གི་ཉལ་ཁྲིའི་ཐོག་ལ་བསྡད་དེ་ཡི་གེ་ཞིག་འབྲི་བཞིན་འདུག དྲན་ཚོད་ལ་སྐབས་དེར་མཆོད་ཁང་གི་སྒེའུ་ཁུང་དེ་ད་དུང་འགྲུབ་མེད་པ་འདྲ། ང་སྒེའུ་ཁུང་ཕྱི་ལོགས་སུ་ལངས་ནས་ཁོང་དང་མཉམ་དུ་སྐད་ཆ་གང་འཚམ་ཞིག་བཤད་པ་ཡིན། ཁོང་གི་འབྲི་དེབ་དེ་གྲུ་བཞི་ནར་མོ་འགྱིག་གི་རྒྱབ་ཤ་ཡོད་པ་ཞིག་གི་སྟེང་དུ་ཚིགས་བཅད་ཅིག་འབྲི་བཞིན་འདུག་ཅིང་། སྔར་བྲིས་པའི་ཚིགས་བཅད་མང་བོའང་འདུག་པ་བཅས་ང་ལ་བསྟན་སོང་། ངས་ག་རེ་འབྲི་བཞིན་ཡོད་དྲིས་སྐབས། ཁོང་གིས་སྙན་ངག་འབྲི་བཞིན་ཡོད་ཟེར། འོན་ཀྱང་སྐབས་དེར་ང་རང་གྲྭ་བ་བྱས་ནས་ཟླ་བ་ཁ་ཤས་ལས་སོང་མེད་སྟབས་ངས་སྙན་ངག་ཅེས་པ་ཅི་ཡིན་མ་ཤེས། ཡིན་ནའང་ཁོང་ལ་སྨོན་པ་ཤོར།
ད་དུང་དཔྱིད་ཀ་དེར་རྒྱལ་ཁབ་ཀྱིས་གྲྭ་བ་ཉུང་འཕྲི་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ནས། ཁ་དོག་དཀར་དམར་འཛིན་གྲྭ་ལ་གྲྭ་གྲངས་ཉིས་བརྒྱ་ལྷག་ཡོད་པ་ལས་རྒྱན་ཤོག་འཐེན་བཅུག་སྟེ། གྲྭ་གཞོན་༢༥ ཚོགས་ལ་འགྲོ་ཆོག་པ་གཏན་འབེབས་བྱས། ཚུལ་ཁྲིམས་ཀྱང་ང་དང་འདྲ་བར་སྐབས་དེར་རྒྱན་ཤག་མ་ཐོབ་ནས་ཚོགས་ལ་མ་ཚུད་པའི་ནང་གི་གཅིག་ཡིན། དེ་ནས་ལོ་ངོ་གཉིས་གསུམ་གྱི་རིང་ལ་ང་ཚོས་རང་རང་གི་ས་ནས་དགེ་རྒན་བཙལ་ཏེ་དཔེ་ཁྲིད་ཞུ་རྒྱུ་ཙམ་ལས། ཆོས་གྲྭར་སོང་ནས་མཚན་ཉིད་ཀྱི་བགྲོ་གླེང་སྦྱོང་བརྡར་བྱེད་ས་མེད་ལ། ཚོགས་སུ་དགེ་འདུན་པ་སྤྱི་བྱིངས་ལ་ཐོབ་པའི་མང་འགྱེད་ཀྱི་ཐོབ་སྐལ་ཀྱང་མེད་པར་སྡོད་དགོས་བྱུང་། དེ་དུས་དཔེ་ཁྲིད་དུ་འགྲོ་སྐབས་ཀྱི་ལམ་བར་དུ་མཚམས་རེར་ཁོང་ལ་ཐུག་གིན་འདུག་ལ། ཁོང་གི་བཞུགས་ཤག་གི་མདུན་ཐང་སྟེ་ཨ་ལགས་རབ་བརྟན་རྒྱ་མཚོ་ཚང་གི་ནང་ཆེན་གྱི་སྒོ་མདུན་གཡས་གཡོན་དུ་ཡར་འགྲོ་མར་འགྲོ་བྱེད་པ་རྒྱུན་དུ་མཐོང་གིན་འདུག་ཀྱང་། ཁོང་དང་ང་ཚོའི་དགེ་རྒན་མི་གཅིག་པ་དང་། སྐབས་དེར་མི་ཁ་ཤས་ཀྱིས་དགེ་རྒན་ཕན་ཚུན་བར་དང་། དགེ་རྒན་དེ་དག་གི་དགེ་ཕྲུག་ཕན་ཚུན་བར་དབྱེན་དཀྲུག་སྣ་ཚོགས་བྱས་པའི་དབང་གིས་འདྲིས་གཤིབ་བྱེད་པའི་གོ་སྐབས་མ་བྱུང་།
ཡིན་ནའང་ང་ཚོའི་དགེ་རྒན་གཅིག་པ་ཚོའི་ནང་དུ་བཛྲ་ཚུལ་ཁྲིམས་དང་ལྷན་དུ་ཚད་མའི་གཞུང་ལུགས་ལ་བགྲོ་གླེང་བྱེད་འདོད་ཡོད་མཁན་དང་། བཛྲ་ཚུལ་ཁྲིམས་ལ་འཇིགས་སྣང་བྱེད་མཁན་ཡང་མང་བོ་ཡོད། རྒྱུ་མཚན་ནི་གཅིག་ནས་ཁོང་ལ་སྙན་གྲགས་ཆེ་བ་དང་། གཉིས་ནས་ཆོས་གྲྭར་འགྲོ་ས་མེད་པས་ཕན་ཚུན་ལ་ཆ་རྒྱུས་ཞན་པའི་དབང་གིས་གཞན་པ་ཚོས་ཁོང་གི་ཤེས་ཚད་ལ་ཚོད་དཔག་བྱེད་ཐུབ་ཀྱིན་མེད་པའི་སྟབས་ཀྱིས་ཡིན་པ་འདྲ།
གྲྭ་རྒྱུན་གསར་སྣོན་བྱས་མི་ཆོག་པས་འཛིན་གྲྭ་འཕར་མ་ཐུབ་ནས། སྔར་རྒྱན་ཤོག་ཐོབ་པའི་གྲྭ་གྲངས་༢༥ བོ་ཁ་དོག་དཀར་དམར་འཛིན་གྲྭ་རུ་ལོ་གཉིས་ལ་སྡོད་དགོས་བྱུང་བའི་དཀའ་ངལ་ལ་བརྟེན། སྤྱི་ལོ་༡༩༨༣ ལོའི་དགུན་ཁར་ཚོགས་ལ་ཚུད་མེད་པའི་གྲྭ་མང་ལ་རྒྱུགས་ཚད་བླངས། ཐོས་བསམ་གླིང་ལ་ཡིག་རྒྱུགས་གཏོང་མཁན་ཧ་ཅང་མང་བོ་རེད། དེའི་ནང་གི་བློ་འཛིན་དང་རྩོད་རྒྱུགས་ལེགས་ཤོས་བཅུ་གསུམ་རྩེ་བཏོག་གིས་ཆོས་གྲྭར་འགྲོ་ཆོག་པ་གཏན་འབེབས་བྱས། ཚུལ་ཁྲིམས་དང་ངེད་གཉིས་ཆ་དེའི་ནང་དུ་ཚུད། ང་ཚོ་ནི་བླ་བྲང་དགོན་པའི་ལོ་རྒྱུས་ཐོག་ཡིག་རྒྱུགས་སྤྲད་དེ་ཆོས་གྲྭར་ཞུགས་མཁན་ཐེངས་དང་བོ་དེ་ཡིན། ང་ཚོ་མི་གྲངས་བཅུ་གསུམ་པོ་འཛིན་གྲྭ་གཅིག་ཏུ་གྱུར། ཆོས་ཐོག་རེ་རེ་བཞིན་འདྲིས་གཤིབ་བྱས་པ་བརྒྱུད་ནས་ཚུལ་ཁྲིམས་དང་ངེད་གཉིས་གྲོགས་པོར་གྱུར། ཁོང་གི་རིག་གནས་སྤྱིའི་ཐོས་རྒྱ་དང་གོ་སྟོབས་བཅས་ཀྱིས་ནམ་རྒྱུན་ཡིད་དབང་འཕྲོག་གིན་ཡོད།
འོན་ཀྱང་ཁོང་དཔེ་ཆ་བ་གཞན་འགའ་ཞིག་ཇི་བཞིན་རྟགས་གསལ་གཏོང་སྐབས་སྟག་རྒོད་ལྟོགས་པ་ཤྭ་ཁྱུའི་ནང་རྒྱུགས་པ་ལྟ་བུའི་སྨྱོ་ཧམ་གྱིས་དམར་འཚངས་རྒྱག་རྒྱུར་མི་དགའ་སྟབས། ང་ཚོའི་འཛིན་གྲྭ་གོང་འོག་གི་དཔེ་ཆ་བ་གོ་རིག་ཡག་པོ་དེ་ཙམ་མེད་མཁན་ཁག་ཅིག་བཛྲ་ཚུལ་ཁྲིམས་ལས་དཔེ་ཆ་བ་བཟང་བར་བལྟ་མཁན་ཡང་འབྱུང་གིན་ཡོད། ཁོང་ཚོའི་བསམ་ཚུལ་དེ་དག་ནི་དོན་གྱིས་ཚུལ་ཁྲིམས་ལ་རྒྱུས་མངའ་མེད་པའི་དབང་གིས་བྱུང་བའི་གོ་ནོར་ཞིག་ཡིན། ཕྱིས་ལོ་མང་རིང་ང་ཚོ་ཆོས་གྲྭར་མཉམ་འགྲིམས་བྱེད་སྐབས་ཀྱང་དེ་དང་གཅིག་མཚུངས་རེད། ཁོང་ལ་གཞུང་ཆེན་སྤྱིའི་གོ་བ་བཟང་ཞིང་། རིགས་ལམ་ཟབ་པ། སྦྱངས་ཟིན་པའི་གཞུང་ལུགས་ཆེ་ཆུང་ལ་ཞིབ་ཚགས་ལྡན་པ་ཞིག་ཡིན་ཀྱང་། རྒོད་ཐང་ནག་ལྟོགས་ཀྱང་འཚངས་ཀའི་ནང་མི་འཇུག་པ་ལྟ་བུ་ནི་ཁོང་གི་གཤིས་ཀ་ཡིན།
སྤྱི་ལོ་༡༩༨༥ ལོའི་སྟོན་ཁར་བླ་བྲང་དགོན་གཞུང་གིས་གསལ་བརྡ་བཀྲམས་ཏེ་གྲྭ་མང་ལ་རྒྱུགས་ཞིབ་ཧ་ཅང་ཆེན་པོ་ཞིག་བྱས། རྒྱུགས་ཞིབ་དེའི་ནང་དུ་ངེས་པར་ཞུགས་དགོས་མཁན་ནི། བསྡུས་གྲྭའི་འཛིན་གྲྭ་བཞི་བོའི་སྟེང་རྟགས་རིགས་ཀྱི་འཛིན་གྲྭ་བཅས་ཡིན། ཕལ་ཆེར་ཟླ་བ་གཅིག་ལྷག་གི་རིང་ལ་རྒྱུགས་ཞིབ་ཐེངས་གསུམ་བཞི་ཞིག་བྱས་བྱུང་། རྒྱུགས་ཞིབ་བྱེད་ཐེངས་རེར་མི་གྲངས་ཉུང་འཕྲི་བྱས་ཏེ། མཐའ་མཇུག་ང་ཚོ་མི་གྲངས་༡༥ བདམས་ཐོན་བྱུང་།
མི་གྲངས་༡༥ བོ་དེ་དག་ནི། སྐབས་དེར་གསར་འཛུགས་བྱ་རྒྱུ་ཡིན་པའི་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་སྤྲོད་མཁན་གྱི་ས་བོན་ཡིན། ཚུལ་ཁྲིམས་དང་ངེད་གཉིས་ཆ་དེའི་ནང་དུའང་ཚུད་ཡོད། ལོ་དེའི་ཟླ་༡༡ ནང་སློབ་གྲྭའི་ཡིག་རྒྱུགས་དངོས་སུ་བླངས་ཏེ་བླ་བྲང་དགོན་པ་ལ་ས་མིག་བརྒྱད་ཡོད་པའི་ནང་དུ་ང་ཚོ་མི་གྲངས་བརྒྱད་བླངས། ཡང་བསྐྱར་ཚུལ་ཁྲིམས་དང་ངེད་གཉིས་ཆ་དེའི་ནང་དུ་ཚུད། སློབ་གྲྭ་དངོས་སུ་མགོ་ཚུགས་ནས། ཀན་སུའུ་ཞིང་ཆེན་མངའ་ཁོངས་ཀྱི་དགོན་སྡེ་མང་བོ་ནས་ཡོང་བའི་སློབ་མ་ཡོངས་རྫོགས་འཛིན་གྲྭ་གསུམ་དུ་བགོས། སྦྱངས་པ་སྔོན་སོང་གི་རིགས་མཉམ་གཅིག་ཏུ་བསྲེས་ཏེ་འཛིན་གྲྭ་དང་བོ་ལ་མི་གྲངས་༡༠ ཡོད་ཅིང་། ཡང་བསྐྱར་ཚུལ་ཁྲིམས་དང་ངེད་གཉིས་ཆ་འཛིན་གྲྭ་དང་བོའི་སློབ་གྲོགས་སུ་གྱུར།
དེ་ནས་བཟུང་སྤྱི་ལོ་༡༩༩༠ ལོའི་ཟླ་༦ བར་གྱི་ལོ་ངོ་༤ དང་ཟླ་༨ ལྷག་གི་རིང་ལ་ཉིན་རེ་བཞིན་མཉམ་འགྲོ་མཉམ་སྡོད་བྱེད་རྒྱུའི་གོ་སྐབས་བྱུང་ཞིང་། ཕན་ཚུན་བར་ཡིད་ཆེས་ཆ་ཚང་ཡོད་མཁན་གྱི་གྲོགས་པོར་གྱུར། རྒྱུན་དུ་གཤིབ་ནས་འདྲིས་ཡོང་སྐབས། ཚུལ་ཁྲིམས་ལགས་ནི་ལག་རྩེད་སྤོ་ལོ་རྩེད་རྒྱུར་དགའ་ཞིང་རྩེད་རྩལ་ཀྱང་ཡག་པོ་ཡོད། གླེང་བུ་གང་འཚམ་ཞིག་ཀྱང་འབུད་ཤེས། གཞས་དང་རྣམ་ཐར་འཐེན་རྒྱུར་དགའ་ཞིང་སྐད་ངག་ཀྱང་སྙན་མོ་ཡོད། ནམ་རྒྱུན་ཁོང་གིས་དཔེ་ཆར་བལྟས་ནས་རྔམ་རྔམ་འཚིག་འཚིག་བྱེད་པ་མཐོང་རྒྱུ་མེད་ཅིང་། ཤི་ཤི་ཆད་ཆད་ཀྱི་ངང་དཔེ་ཁྲིད་ལ་འདུར་རྒྱུག་བྱེད་མཁན་གྱི་གྲས་སུའང་མི་གཏོགས། འོན་ཀྱང་སློབ་གྲྭ་དང་ཆོས་གྲྭ་གང་གི་སྐབས་སུའང་སྦྱོང་ཚན་ཁག་ཉམས་འོག་ཏུ་ཆུད་ནས་ཡོད་པ་ཞིག་ཡིན། དེ་དག་ཇི་ལྟར་སྦྱོང་གི་ཡོད་མེད་ནི་ཤེས་རྟོགས་མ་བྱུང་། ཁོང་ལ་སྐད་ཆ་དགོད་བྲོ་བོ་དང་། ཉམས་མཚར་བོ་མང་བོ་བཤད་རྒྱུ་ཡོད་ལ། མི་སྣ་ཁྱད་མཚར་མང་བོའི་ལད་ཟློས་རྣམ་འགྱུར་སྟོན་རྒྱུ་ལའང་ཤིན་ཏུ་མཁས་པོ་ཡོད། ང་ཚོས་ནམ་རྒྱུན་ཁོང་ལ་རྒྱ་ཡིག་ཏུ་ཡོད་པའི་ཐང་རྒྱལ་རབས་སྐབས་ཀྱི་དཔའ་བོའི་གཏམ་རྒྱུད་སྣ་ཚོགས་བཤད་འཇུག་གིན་ཡོད་ལ། ཁོང་གི་གཏམ་རྒྱུད་བཤད་སྟངས་ཀྱི་ཉམས་དང་ངག་གི་རྩལ་བཟང་སྟབས་ཉི་མ་གར་སོང་མི་ཤེས་པ་ཞིག་ཡོད།
བླ་བྲང་དགོན་པའི་ཕྱག་སྲོལ་ལ་དཔེ་ཆར་ལྟ་མཁན་ཞིག་ཕྱིན། དཔེ་ཆ་བ་ཡོང་དང་མི་ཡོང་གི་ཚད་གཞི་འཛིན་ས་གལ་ཆེན་ཞིག་ནི་རྟགས་རིགས་གསར་རྩོད་དང་། དགེ་འདུན་ཉི་ཤུ་གསར་རྩོད། ཆོས་འཁོར་གསར་རྩོད་དེ་གསར་རྩོད་གསུམ་དུ་གྲགས་པ་དེ་ཡིན། དེའི་ནང་ནས་ཀྱང་ཆེས་འཇིགས་སྣང་ཆེ་བའི་གསར་རྩོད་གཅིག་ཡོད་པ་ནི་རྟགས་རིགས་གསར་རྩོད་ཡིན། མཁས་དབང་དགེ་འདུན་ཆོས་འཕེལ་དང་ཁོང་གི་འཛིན་གྲྭ་ལ་སྐད་གྲགས་རྒྱས་ས་གཙོ་བོ་ཡང་རྟགས་རིགས་གསར་རྩོད་སྐབས་ཡིན། ཁོང་ཚོའི་རྟགས་རིགས་གསར་རྩོད་ཤིན་ཏུ་བཟང་བ་བྱུང་བས། གྲྭ་མང་གིས་དགེ་འདུན་ཉི་ཤུ་གསར་རྩོད་ལ་རེ་ཆེན་པོ་བརྒྱབ་ཀྱང་། དགེ་འདུན་ཉི་ཤུ་གསར་རྩོད་དེ་ཙམ་ཡག་པོ་མ་བྱུང་བས། རྟགས་སྨྱོ་དགེ་ཉལ་ཞེས་པའི་མིང་འདོགས་དེ་བྱུང་ཡོད།
སྤྱི་ལོ་༡༩༨༧ ལོའི་སྟོན་ཆོས་ཆེན་མོའི་སྐབས་ང་ཚོའི་འཛིན་གྲྭ་རྟགས་རིགས་གསར་རྩོད་དུ་སླེབས། རྟགས་རིགས་གསར་རྩོད་སྐབས་ཀྱི་འཇིགས་སྣང་ཆེ་ཤོས་ནི། ཉི་མ་རེ་རེ་བཞིན་ཆོས་གྲྭར་སོང་སྟེ་རྟགས་གསལ་གཏོང་རྒྱུ་དང་དམ་བཅར་སྡོད་རྒྱུ་དེ་མ་ཡིན་པར། མཚན་ཕུད་ཀྱི་མཚན་མོ་དེ་ཡིན། མཚན་མོ་དེ་ནི་རྟགས་རིགས་གསར་རྩོད་པ་རྣམས་བླ་འདར་སའི་མཚན་མོ་དེ་ཡིན་ལ། དེ་ནི་ཐོག་མར་གསར་རྩོད་པ་རྣམ་དམ་བཅར་བསྡད་དེ། དབུ་མ་གསར་རྙིང་གི་འཛིན་གྲྭ་རྒན་པ་ཞིག་གིས་གཞུང་ལ་ངེས་ཆ་ཡོད་མེད་དང་གོ་སྟོབས་ཡོད་མེད། རིགས་ལམ་བྱང་ཡོད་མེད་སོགས་ཕྱོགས་ཡོངས་ནས་བསྔོག་འདོན་བྱེད་ཀྱིན་ཡོད་ལ། མཚན་གང་བོར་སྡོད་དགོས་པས་དམ་བཅའི་རྒྱུན་རིང་ཞིང་། གཞུང་ཆེན་གང་ཞིག་འདྲི་རྒྱུ་ཡིན་མིན་ཚོད་དཔག་བྱེད་མི་ཐུབ་སྟབས་འཇིགས་སྣང་ཆེན་པོ་ཡོད་པ་ཞིག་ཡིན། མཚན་མོ་དེར་ང་ཚོར་འདྲི་མཁན་ནི་དབུ་མ་རྙིང་བའི་འཛིན་གྲྭ་ཡིན་ལ། མཛོད་འཛིན་གྲྭ་ཆོས་ཁྲིའི་རྡོ་ཐེམ་སྟེང་བཞུགས་ནས་དཔངས་པོ་གནང་གིན་འདུག
ང་ཚོ་དམ་བཅར་བསྡད་ནས་ཅང་མ་འགོར་བར་དབུ་མ་རྙིང་བའི་ནང་གི་དཔེ་ཆ་བ་ཞིག་བཞེངས་ནས། རྒྱ་གར་སྐད་དུ་ཨ་ལིང་ཀ་ར་ཞེས་སོགས་ལེགས་སྦྱར་གྱི་མཚན་བྱང་ཞིག་སྐྱོར་ནས་འདི་ལ་འགྲེལ་རྒྱོབས་ཞེས་བཙིར་སོང་། ང་ཚོའི་འཛིན་གྲྭ་བ་བཅུ་གསུམ་པོའི་སྟེང་ལ་ནང་བསྟན་སློབ་གྲྭའི་སློབ་མ་བཅས་བསྡོམས་པའི་མི་གྲངས་༤༩ འདུག་ཀྱང་། དྲི་བ་དེ་བཏང་མ་ཐག་མི་གྲངས་ཞེ་དགུ་བོ་འཇམ་ཐིང་ངེར་གྱུར། ཚོར་སྣང་ལ་ཕལ་ཆེར་མི་གྲངས་ཞེ་དགུ་བོའི་ནང་ན་དབུགས་གཏོང་ལེན་བྱེད་མཁན་གཅིག་ཨེ་ཡོད་ན་སྙམ་པ་ལྟ་བུ་ཞིག་འདུག ད་ནི་ཞབས་འདྲེན་ཞུས་སོང་སྙམ་ནས་སེམས་ཁོང་དུ་ཆུད། ངོ་ཚ་དང་འཇིགས་སྣང་མཉམ་གཅིག་ཏུ་སྐྱེས། སྐབས་དེར་གློ་བུར་དུ་ངའི་མཁྲིས་ན་ཡོད་པ་ཞིག་གིས་རྒྱ་གར་སྐད་དུ་ཨ་ལིང་ཀ་ར་ཞེས་པའི་ཨ་ལིང་ནི་འགྲེལ་བ་དང་ཞེས་སོགས་ལེགས་སྦྱར་གྱི་མཚན་བྱང་དེ་ལ་འགྲེལ་བཤད་རྒྱག་མགོ་བརྩམས་སོང་། དེ་ནི་གཞན་མ་ཡིན་པར་བཛྲ་ཚུལ་ཁྲིམས་རེད།
ཁོང་གིས་ལེགས་སྦྱར་གྱི་ཚིག་དེ་དག་ལ་འགྲེལ་བཤད་བརྒྱབས་ནས་ཡོང་སྐབས་ང་ཚོ་རེ་ཟུང་ལའང་ཁ་སྣོན་རྒྱག་རྒྱུ་ཅུ་ཟད་རེ་འདུག གང་ལྟར་ལེགས་སྦྱར་གྱི་མཚན་བྱང་དེ་ལ་འགྲེལ་བཤད་རྒྱག་ཐུབ་པ་ཡིན་སྟབས། མཚན་བྱང་དེ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ཡིན་པ་ཤེས་ཤིང་། དེ་གྲུབ་ནས། མཆོད་བརྗོད་ཀྱི་ཚིགས་བཅད་ཅིག་སྐྱོར་ནས་འདི་ལ་འགྲེལ་རྒྱོབས་ཟེར། སྔོན་ཆད་རྩོམ་ཉམས་ཕུན་སུམ་ཚོགས་པའི་མཆོད་བརྗོད་དེ་ཀློག་མྱོང་ཡོད་ཀྱང་། ཚིག་འབྲུ་རེ་རེ་བཞིན་འགྲེལ་བཤད་རྒྱག་རྒྱུ་ལ་བསམ་བློ་བཏང་མི་འདུག འོན་ཀྱང་ཐེངས་དང་བོ་དེར་བསམ་བློ་བཏང་ཞིང་། ཡང་བསྐྱར་ཁོང་ལ་ཚར་གཅིག་སྐྱོར་དུ་བཅུག་པས་ཚིག་དོན་གཉིས་ཆ་བློ་ངོར་ཆུན་པ་ལྟ་བུ་ཞིག་བྱུང་ནས། འགྲེལ་བཤད་བརྒྱབ་པ་ཡིན། འགྲེལ་བཤད་བརྒྱབ་ཀྱིན་བརྒྱབ་ཀྱིན་ཇེ་བཟང་དང་ཇེ་ཟབ་ཏུ་སོང་ནས། ཕལ་ཆེར་ལག་ཏུ་ཤོག་སྨྱུག་བཞག་ནས་བློ་ལྷོད་ལྷོད་ཀྱི་ངང་འགྲེལ་བ་ཞིག་རྩོམ་དུ་བཅུག་ཀྱང་དེ་ལས་ལྷག་ཡོང་ཐུབ་པ་མི་འདུག་ཨང་སྙམ་པའི་འགྲེལ་བཤད་ཤིན་ཏུ་སྤུས་དག་བྱུང་། དེ་ལ་འགྲེལ་བཤད་རྒྱག་མཁན་དེ་ཡང་གཙོ་བོ་ཚུལ་ཁྲིམས་དང་ངེད་གཉིས་ཀྱིས་བྱས་པ་ཡིན།
ལེགས་སྦྱར་དུ་ཕབ་པའི་མཚན་བྱང་དང་མཆོག་བརྗོད་ཚིགས་བཅད་དང་བོ་གཉིས་ལ་འགྲེལ་བཤད་དཔྱིས་ཕྱིན་པ་བརྒྱབ་པའི་མཚམས་དེར། འདྲི་མཁན་གྱི་འདྲི་རྒྱུན་ཆད་སོང་། ང་ཚོ་དམ་བཅའ་བ་ཚོ་ས་ལ་བསྡད་ཡོད་པས། མདུན་དུ་བཞེངས་ནས་ཡོད་པའི་འདྲི་མཁན་ཁོང་གི་གྲིབ་གཟུགས་ཆ་ཚང་མཐོང་ཐུབ་པར་མ་ཟད། ཁོང་གི་ཤམས་ཐབས་ཀྱི་འདབས་སྣེ་ལྷབ་ལྷུབ་ཏུ་འདར་གྱིན་ཡོད་པའང་མཐོང་གིན་འདུག་ལ། ཁོང་ཅི་བཤད་འདི་བཤད་པར་མེད་པར་ཕར་འགྲོ་ཚུ་འགྲོ་བྱེད་བཞིན་ངག་ཏུ་ལྡབ་བེ་ལྡིབ་བེ་ཞིག་བཤད་ཀྱིན་ཡོད་པའང་ཐོས་ཀྱིན་འདུག་ཀྱང་། དེ་ནི་ང་ཚོ་ལ་བཏོན་པའི་དྲི་བ་ཞིག་ནི་མིན། འདྲི་མཁན་ཁོང་ལ་དཀའ་ངལ་འཕྲད་ཀྱིན་ཡོད་སྟབས། ཡ་གིའི་ཆོས་ཁྲིའི་རྡོ་ཐེམ་སྟེང་བཞུགས་པའི་མཛོད་འཛིན་གྲྭ་ནས། མཁས་པའི་དབང་བོ་ཨ་ཁུ་དཔལ་ལྡན་ཚང་གིས་གསུང་སྐད་མཐོན་པོའི་ངང་སྔར་གྱི་དྲི་བ་དེ་ལ་མཇུག་སྐྱོང་གནང་གནས། མཆོད་བརྗོད་ཀྱི་ཚིག་རྐང་ཐ་མར་ཐུབ་དབང་གསུང་གིས་འཇིག་རྟེན་རྒུད་པ་འཕྲོག་གྱུར་ཅིག་ཅེས་པའི་རྒུད་པ་འཕྲོག་ཚུལ་ཇི་ལྟར་ཡིན་པ་བཀའ་འདྲི་གནང་སོང་། ཡིན་ནའང་སྐབས་དེ་དུས་དཔེ་ཆ་ལ་ལྟ་ཁུལ་བྱེད་ཀྱིན་ཡོད་སྟབས། རྒུད་པ་འཕྲོག་ཚུལ་དེ་ཐེག་པ་གསུམ་རེ་རེ་ལ་སྦྱར་ནས་འགྲེལ་བཤད་གང་ལེགས་རྒྱག་ཐུབ་པ་བྱུང་།
དེ་ནས་དཔེ་ཆ་བ་གཞན་པ་ཞིག་བཞེངས་ནས། མཁས་གྲུབ་ཆོས་རྗེས་མཛད་པའི་ཊིཀ་ཆེན་རིགས་པའི་རྒྱ་མཚོའི་ས་བཅད་དང་དཀའ་གནས་ཁག་ཅིག་དྲིས་བྱུང་ཡང་། ང་ཚོ་གཅིག་ལ་མེད་ན་གཅིག་ལ་ཡོད་པ་བྱས་ནས་ཁ་བཙུམ་ནས་སྡོད་མ་དགོས་པའི་ལན་འདེབས་གང་ལེགས་བྱེད་ཐུབ་པ་བྱུང་། བར་སྐབས་ཤིག་ནས་ང་ཚོའི་བློ་སྤོབས་ཇེ་ཆེར་སོང་ནས་དྲི་བ་ཁག་ལ་ལན་འདེབས་བྱེད་རྒྱུ་དང་འགྲེལ་བཤད་རྒྱག་རྒྱུའི་གནས་ཚད་ཇེ་བཟང་ཏུ་གྱུར། དེ་ལྟར་བྱས་ནས་བར་མཚམས་ཤིག་ལ། ང་ཚོའི་དམ་བཅའ་རྫོགས་ནས་གསོལ་ཇའི་བར་གསེང་བཏང་སོང་། དམ་བཅའ་གྲོལ་མ་ཐག་འཛིན་གྲྭ་བ་རྣམས་ཚུལ་ཁྲིམས་དང་ངེད་ཀྱི་སྟེང་ལ་མཆོང་བ་དང་། མགོ་བོ་འཕུར་བ། རྣ་ཅོག་གིས་འཐེན་པ་སོགས་ཤིན་ཏུ་དགའ་བའི་རྣམ་པ་སྣ་ཚོགས་བསྟན་པ་སོགས་མི་ཚེའི་ནང་ཆེས་བདེ་སྐྱིད་ཀྱི་དུས་ཚོད་ཅིག་ལ་རོལ་རྒྱུ་བྱུང་།
མཛོད་ཀྱི་དགེ་བཤེས་རྣམས་ཀྱིས་ང་ཚོའི་གནས་ཚད་དེ་དགེ་བསྐོས་དང་བཀའ་རམས་དགེ་བཤེས་རྣམས་ལ་སྙན་གསན་ཞུ་དགོས་པ་ཡིན་ལ། གྲྭ་ཚང་གི་ངོས་ནས་ང་ཚོའི་རྟགས་རིགས་གསར་རྩོད་དེ་ཚད་གཞི་ག་འདྲ་ཞིག་ཏུ་ངོས་འཛིན་ཁྲུན་ཐག་གཅོད་པའི་ཉི་མ་ད་དུང་ཡོང་རྒྱུར་བསྡད་ཡོད། གང་ལྟར་ཕྱི་ཉིན་ཆོས་གྲྭ་དང་དགོན་པའི་གླིང་བར་དུ་འགྲོ་སྐབས་དཔེ་ཆ་བ་ཡིན་མིན་ཐམས་ཅད་ཀྱིས་བསྔགས་བརྗོད་དང་རྟེན་འབྲེལ་ཞུ་མཁན་ཧ་ཅང་མང་བོ་རེད།
ང་ཚོས་ཉི་མ་རེ་རེ་བཞིན་རྟགས་རིགས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཏེ་ཟླ་བ་གཅིག་གི་ཆོས་ཐོག་རྫོགས་སོང་། ཆོས་ཐོག་རྫོགས་པའི་ཉིན་ཐ་མའི་ཕྱི་དྲོའི་སྐུ་རིམ་གྲོལ་མ་ཐག རྟགས་རིགས་གསར་རྩོད་པ་རྣམས་འཛིན་གྲྭ་ལ་ཞིག་ལ་གཏུགས་དགོས། གཏུགས་སའི་འཛིན་གྲྭ་དེ་ཅི་ཙམ་མཐོ་ན་ང་ཚོ་ལ་ངོས་འཛིན་དེ་བས་མཐོ་རུ་འགྲོ་བཞིན་ཡོད། སྐུ་རིམ་གྲོལ་མ་ཐག་དགེ་བསྐོས་ཀྱིས་འཛིན་གྲྭ་བཅུ་གསུམ་པོ་བཞུགས་ས་བཀོད་བསྒྲིགས་གནང་གྲུབ་ནས། ང་ཚོའི་འཛིན་གྲྭའི་མདུན་ལ་ཕེབས་ཏེ་ལག་པ་གཟན་གཉིས་མཉམ་སྦྱར་གྱི་སྒོ་ནས་ང་ཚོ་བཀའ་རམས་འཛིན་གྲྭ་དང་གཏུགས་སོང་། དེ་ནི་རྩོད་ཡུན་རིང་བོ་མེད་ལ། རྟགས་རིགས་གསར་རྩོད་པ་དང་བཀའ་རམས་འཛིན་གྲྭ་གཉིས་སུ་མཁས་སུ་རྒྱལ་ལ་ལྟ་རྒྱུ་ཡང་མ་ཡིན་པར། གཙོ་བོ་ང་ཚོར་ངོས་འཛིན་ཅི་གནང་གྲྭ་ཚང་ལ་གསལ་སྟོན་བྱས་པ་དེ་ཡིན། དེའི་སྐབས་ཀྱི་དགའ་སྤྲོ་ནི་ཚིག་གི་ལམ་ནས་འགྲེལ་བརྗོད་བྱེད་མི་ཐུབ་པ་ཞིག་རེད།
ཆོས་གྲྭ་གྲོལ་མ་ཐག་ང་ཚོའི་དགེ་རྒན་ཚང་གི་མདུན་ལ་བཅར་སྐབས། ཁོང་གིས་ང་ཚོ་བཀའ་རམས་འཛིན་གྲྭ་དང་གཏུགས་པ་གསན་འདུག་ཅིང་། ང་ཚོ་ལ་ཕལ་ཆེར་རྒྱ་མ་དྲུག་བདུན་ཡོད་པའི་རྡོ་ཀ་ར་ཆེན་པོ་ཞིག་གནང་སྟེ། སྔོན་ཆད་དགེ་འདུན་ཆོས་འཕེལ་ཁོང་ཚོའི་རྟགས་རིགས་གསར་རྩོད་སྐབས་བཀའ་རམས་ལ་གཏུགས་པ་རེད། དེའི་ཕྱིས་ངའི་མི་ཐོག་འདིའི་ནང་འཛིན་གྲྭ་བཀའ་རམས་ལ་གཏུགས་པ་ཞིག་ཁྱོན་ནས་ཡོང་མྱོང་མེད། ཞེས་སོགས་བསྔགས་བརྗོད་དང་འབྲེལ་ཐུགས་དགྱེས་མཉེས་ཆེན་པོ་གནང་བ་དེ་ནི་ཡིད་ནས་ཡལ་ཐབས་མེད་པ་ཞིག་ཡིན།
སྤྱི་ལོ་༡༩༨༨ ལོར་དབྱར་ཁའི་སྤྲོ་སངས་ལ་སྐད་བཏང་བ་ལྟར། ཁོང་གི་ཕ་ཡུལ་མཛོད་དགེ་རུ་སྟོད་མར་སོང་། བདུན་ཕྲག་དུ་མའི་རིང་ཁོང་གི་ཕ་མ་སྤུན་མཆེད་དང་ཚ་རྒྱུད་སོགས་མི་གྲངས་མང་པོ་ཡོད་པ་རྣམས་ལྷན་ཅིག་ཏུ་འཛོམས་ནས་དབྱར་སྐྱིད་དཔེ་ཟླ་མེད་པ་བཏང་། མཛོད་དགེ་རྡོ་སྐྱའི་རྫ་ཆེན་སྒང་དུ་རས་གུར་ཕུབས་ནས་བདུན་ཕྲག་གཅིག་ལྷག་ལ་བསྡད། ༡༩༩༡ ལོའི་སྦྲང་ཆར་དེབ་བཞི་བར་བཀོད་པའི་དྲན་མགུར་སྙིང་གི་འདབ་བརྒྱ་ཞེས་པའང་དེ་དུས་མཛོད་དགེ་རྡོ་སྐྱ་རུ་བྲིས་པ་ཡིན། དུང་རིའི་ཁར་ལབ་རྩེ་བསྟོད་དུ་སོང་། ལྗོངས་རྒྱུའི་ཞོར་དུ་ཡུལ་མི་རྣམས་ཀྱིས་ཕ་དམ་པའི་ཞབས་རྗེས་སུ་འདོད་པ་ལའང་བལྟ་རུ་ཕྱིན། གཞས་དང་རྣམ་ཐར་གྱི་དབྱངས་རྟ་གྱེར་བ་སོགས་ནི་མི་ཚེའི་ནང་བརྗེད་དུ་མེད་པ་དྲན་ཐོ་ཞིག་ཡིན།
སྤྱི་ལོ་༡༩༩༢ ལོའི་ཟླ་༩ ཚེས་ཤར་ལ་ང་རང་ཕ་ཡུལ་དང་གྱེས་རྩིས་ཡོད་སྟབས། ཉིན་གཅིག་ལ་ཁོང་དང་མཉམ་དུ་དུས་ཚོད་ཆ་ཚང་བཏང་ཞིང་སྐད་ཆ་སྣ་ཚོགས་བཤད་ནས་བསྡད། ཁོང་པེ་ཅིན་གྱི་མཐོ་རིམ་ནང་བསྟན་སློབ་གླིང་དུ་འགྲོ་ལ་ཉེ་བས། ངའི་གྲོགས་པོ་སྐལ་བཟང་དར་རྒྱས་ངོ་སྤྲོད་དང་། རྟེན་འབྲེལ་མཚོན་ཕྱིར་ཁ་བཏགས་གཅིག་དང་སྒོར་མོ་ཁ་ཤས་ཕུལ་ཏེ་ཡོང་བ་ཡིན།
སྐྱབས་བཅོལ་གྱི་ནམ་ཟླ་རབ་རུབ་སབ་སུབ་བསྐྱལ་ཏེ་ལོ་ངོ་ཉི་ཤུ་ལྷག་འདས། བཟང་ངན་དང་གྲུབ་འབྲས་སོགས་ལ་སྡོམ་ཚིག་འཇོག་མི་ཐུབ་པའི་ངང་མི་ཚེའི་ནང་གི་གསེར་བཟང་ལྟ་བུའི་དུས་ཚོད་རྫོགས་སོང་། འོན་ཀྱང་ངའི་གྲོགས་མཆོག་དམ་པ་ཁོང་ནི། སྤྱི་ལོ་༡༩༩༥ ལོར་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་མཐར་ཕྱིན་པ་ནས། བོད་ཡུལ་དུ་སྙན་གྲགས་འབར་བའི་རྭ་རྒྱ་བ་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་སྟེ་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དུ་གདན་འདྲེན་ཞུས། དེ་ནས་བཟུང་ད་ལྟའི་བར་གྱི་མི་ལོ་ཉི་ཤུར་ཉེ་བའི་ནམ་ཟླའི་ཁྲོད་ཁོང་གིས་དཀའ་སྤྱད་སྡུག་རུས་དང་། ཕྱོགས་མེད་རིས་བྲལ་གྱི་སྒོ་ནས་སློབ་མ་མང་བོ་བསྐྱེད་བསྲིང་བྱས་པ་ཙམ་མ་ཡིན་པར། སློབ་མ་དེ་དག་གི་བོད་ཀྱི་རིག་གཞུང་གི་ཤེས་ཚད་དང་ཀུན་སྤྱོད་སོགས་ལ་སྤྱི་ཚོགས་ཀྱིས་ཚད་མཐོའི་ངོས་འཛིན་ཐོབ་ཡོད་ཅིང་། ལྷག་པར་དུ་ཁོང་གིས་བསྐྱངས་པའི་སློབ་མ་དང་སློབ་ཟུར་རྣམས་ཀྱིས་ཁོང་ཉིད་སྤྱིར་བཏང་གི་དགེ་རྒན་ཞིག་གི་གནས་ཚད་ལས་རྦད་དེ་བརྒལ་ནས། ཁོང་ཚོའི་མགོན་སྐྱབས་ལྟ་བུར་བཀུར་གྱིན་ཡོད་པ་དེ་གཟུགས་རིས་སུ་ཕབ་ན་གླེགས་བམ་མང་བོ་ཞིག་བཤད་ཀྱིན་ཡོད་པ་ཡིན་ལ། དེ་ལྟ་བུའི་བོད་མི་རིགས་ཀྱི་ཤེས་རིག་ཡར་རྒྱས་སུ་གཏོང་བའི་ལས་དོན་ལ་ཁུར་བཞེས་གནང་བ་དེ་ཁོང་གི་མི་ཚེ་འདིའི་རིན་ཐང་གི་མཐུག་ས་དེ་ཡིན་པར་འདོད། ད་དུང་སློབ་གྲྭ་དེར་རྒྱུན་དེ་འདྲའི་རིང་བོར་བཞུགས་ཀྱང་གླ་ཕོགས་ལེན་གྱིན་མེད་སྟབས། ཡར་ཕེབས་མར་ཕེབས་ཀྱི་སྐབས་སུ་ལམ་གྲོན་ལ་དཀའ་ངལ་ཡང་ཡང་འཕྲད་ཀྱིན་ཡོད་ནའང་ཁོང་གིས་དཀའ་ཁག་དེ་མི་གཞན་ལ་མི་བཤད་པར་མུ་མཐུད་ནས་སྡུག་རུས་གནང་གིན་ཡོད།
སློབ་གྲྭ་དེར་སློབ་ཁྲིད་ཀྱི་ལས་འགན་ལྕི་དྲགས་པའི་དབང་གིས་ལུས་ཀྱི་ཟུངས་ཤུགས་ཟད་དེ་སྐད་ཆ་བཤད་སྐབས་དབུགས་ཀྱིས་མི་འདང་བའི་དཀའ་ངལ་འཕྲད་འདུག་ཅིང་། སྤྱི་ལོ་༢༠༠༧ ལོར་ཁོང་ལ་ཐེངས་གཅིག་ཐུག་པའི་གོ་སྐབས་བྱུང་དུས་གཟུགས་པོ་སྐྱོ་ཞིང་སྙིང་དང་གློ་བ། ཡང་ན་ཕོ་བ་གང་ཡིན་མི་ཤེས་པའི་དབུགས་སྟོང་ཞིག་གིས་དལ་བུར་སྡོད་དུ་མི་འཇུག་པས་སེམས་པ་སྐྱོ་བོ་བྱུང་། ལྷག་པར་དུ་ཁོང་གིས་ཐེངས་མང་བོར་རྨི་ལམ་དུ་ང་དང་མཉམ་དུ་འགྲོ་བསྐྱོད་སྣ་ཚོགས་བྱེད་ཀྱིན་ཡོད་པ་རྨིས་པའི་སྐོར་བཤད་པས་བདག་གི་མིག་ཟུང་རབ་རུབ་ཏུ་གྱུར། ཁོང་གི་གཟུགས་པོའི་གནས་སྟངས་དེ་འདྲའི་སྐྱོ་བོ་ཡིན་ཡང་ཁ་འདོན་གྱི་གླེགས་བམ་ཆུང་ཆུང་ཞིག་ཡོད་པ་དེ་མ་རྫོགས་བར་དུ་གཏན་ནས་མི་ཉལ་ཞིང་། རྭ་རྒྱ་སློབ་གྲྭའི་དགེ་རྒན་བྱེད་སྐབས་ཀྱང་། དུས་ཚོད་མང་བོར་སློབ་ཁྲིད་ལྕི་ཁར། སློབ་མའི་ལས་བྱ་ཁག་ལ་ཞིབ་འཆོས་དང་། སློབ་མའི་གནས་ཚད་ལ་བལྟས་ཏེ་ཟུར་ཁྲིད་བྱེད་དགོས་མཁན་ལ་ཟུར་ཁྲིད་སོགས་བྱས་མཐར། ནམ་རྒྱུན་གྱི་ཁ་འདོན་མང་བོ་དེ་དག་མ་རྫོགས་བར་ངལ་གསོ་གནང་གིན་མེད་པས། ལུས་ཀྱི་ཟུངས་ཤུགས་རྦད་དེ་ཟད་ཡོད་པ་སྨན་པ་ཐམས་ཅད་ཀྱིས་གཅིག་མཐུན་དུ་བཤད་ཀྱིན་འདུག
མདོ་དོན་ཁོང་ཉིད་ད་དུང་དགུང་ལོ་ལྔ་བཅུ་ཡང་ཟིན་མེད་པས། འཇིག་རྟེན་ལ་ལེགས་སྐྱེས་འབུལ་བའི་ནུས་པ་ཡོད་མཁན་གྱི་སྐྱེས་བུ་ཞིག་ལ་མཚོན་ན་ལོ་ན་གཞོན་ཡང་། སྔར་བཤད་པ་ལྟར་སློབ་ཁྲིད་དང་དགེ་སྦྱོར་ལ་སྡུག་རུས་བྱེད་རྒྱུ་མང་དྲགས་པའི་དབང་གིས་ད་སྐབས་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་སྟབས། ཁོང་དང་འབྲེལ་ཐོགས་ལྟོས་བཅས་ཀྱིས་ཁོང་གི་འཕྲོད་བསྟེན་གྱི་སྐོར་ལ་བློ་ཚབས་ཡོད་པ་སྨོས་མི་དགོས་པ་ཞིག་ཡིན་ལ། ཁོང་ནི་ང་ཚོ་བོད་པ་ཚོས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དུ་གྲགས་པ་གང་གི་ཆ་ནས་ཀྱང་གཞན་གྱི་དྲིང་ལ་མི་འཇོག་པ་ཞིག་ཡིན་པ་ཁོང་གི་བརྩམས་ཆོས་དང་། བརྙན་ཐག་འོད་ལྡེར་སོགས་སུ་འཆད་ཁྲིད་གཏམ་བཤད་གནང་བ་ལས་ཤེས་སླ་ཡང་། བདག་གི་ཡིད་དབང་ཤིན་ཏུ་འཕྲོག་ས་ཞིག་ཡོད་པ་ནི་ཁོང་མཁས་པ་ཡིན་མིན་དང་བརྩམས་ཆོས་ལེགས་མིན་དེ་མ་ཡིན་པར། ཁོང་གིས་མི་རིགས་འདི་ལ་བཅིངས་པའི་ཤ་ཞེན་ལ་རྒྱ་རི་རབ་ལས་བརྟན་པ་དེ་དང་། ལྷག་པར་དུ་ཉམ་ཆུང་བདག་མེད་དུ་གྱུར་པའི་རང་རིགས་གཞོན་སྐྱེས་མང་བོར་ལན་ལ་རེ་བ་མེད་པའི་སྙིང་རྗེ་དང་བྱམས་བརྩེས་བསྐྱངས་ཏེ། ཁོང་ཚོ་ལ་ཤེས་རབ་ཀྱི་མིག་དབང་སྤྲད་པའི་ལྷག་བསམ་དང་བློས་གཏོང་དེ་ཡིན། རྒྱུ་མཚན་ནི་མི་རིགས་ཀྱི་ལ་རྒྱ་ཞེས་པ་དེ་ཁ་ནས་བཤད་རྒྱུ་ལ་དཀའ་ངལ་མི་ཆེ་ཡང་། ལོ་མང་རིམ་བསྟུད་ཀྱིས་ལག་ལེན་དུ་བསྟར་རྒྱུ་དེ་ལས་སླ་བོ་ཞིག་མ་ཡིན་པ་ང་ཚོ་ཚང་མས་ཤེས་གསལ་ཡིན།
གང་ལྟར་ད་ལྟའང་ཁོང་གིས་གོང་དུ་ཞུས་པའི་ཕྱི་ནང་གི་དཀའ་ངལ་དག་ལ་ཁྱད་གསོད་ཀྱི་ངང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་རྣམས་ལ་སློབ་ཁྲིད་གནང་བཞིན་པ་ཡིན། དེས་ན་ཕྲན་གྱིས་ཁོང་ཉིད་མགྱོགས་མྱུར་ངང་ནད་གཞི་ལས་ཐར་ཏེ་ཉམས་རྒུད་ཀྱི་ཀློང་ན་དབུགས་འབྱིན་རྔུབ་བྱེད་དཀའ་བའི་མི་རིགས་ཉམ་ཆུང་འདིར་མུ་མཐུད་ནས་གསོན་ཤུགས་སྤྲོད་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད།
ཁོང་གིས་སྔ་ཕྱིར་བོད་ཡུལ་སྟོད་སྨད་བར་གསུམ་གྱི་དགོན་སྡེ་དང་སློབ་གྲྭ། དེ་བཞིན་སློབ་མ་སྐོར་རེས་མཉམ་ཞུ་བྱས་པ་ལ་གཏམ་བཤད་དང་འཆད་ཁྲིད་བྱས་པ་ཡོད་ཚད་འདིར་འགོད་ཀྱིས་མི་ལང་ཡང་། ཡོངས་གྲགས་ཀྱི་ཡིག་ཆ་ཁག་ཏུ་བཀོད་པའི་དཔེ་མཚོན་རགས་རིམ་ཞིག་བཀོད་ན།
སྤྱི་ལོ་༢༠༠༦ ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རིག་གནས་གསར་རྙིང་བར་གྱི་འགལ་འདུའི་དབྱེན་འདུམ་ལས་འཕྲོས་ཏེ་འཆད་ཁྲིད་བྱས།
སྤྱི་ལོ་༢༠༠༧ ལོར་མཚོ་སྔོན་འཁྱམ་རུ་དགོན་དུ་ལམ་རིམ་བློ་སྦྱོང་དང་། སུམ་རྟགས་སོགས་ཐུན་མོང་རིག་གནས་ཀྱི་དཔེ་ཁྲིད། ལྷག་པར་དགོན་པ་དེར་མཚན་ཉིད་གསར་འཛུགས་བགྱིས་པ་དང་། དེ་བཞིན་མཚོ་སྔོན་རྐང་ཚའི་དགོན་ཆེན་དང། རྫ་ཆུ་ཁའི་ཀ་བཞི་དགོན་སོགས་སུ་གདན་ཞུས་ཀྱིས་རིག་གནས་སྣ་ཚོགས་འཆད་ཁྲིད་གནང་དང་གནང་བཞིན་ཡོད་ཅིང་། ད་དུང་རྨ་ཆུ་རྫོང་དུ་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དགོས་ཚུལ་གྱི་སྐོར་དང་། ཡང་དག་པའི་སློབ་གསོའི་ཁ་ཕྱོགས་གླེང་བ་ཞེས་པ་ལས་འཕྲོས་པའི་གཏམ་བཤད་ཐེངས་དུ་མ་དང་། དེ་བཞིན་རྨ་ལྷོ་སོག་རྫོང་དང་ཕ་ཡུལ་མཛོད་དགེ ཧོར་གཙང་སོགས་སུ་བོད་ཀྱི་རིག་གནས་ཟབ་སྦྱོང་འདུ་ཚོགས་མང་བོའི་སྟེང་ཕེབས་ནས་འཆད་ཁྲིད་དང་གཏམ་བཤད་ཐེངས་མང་བོར་བྱས་པ་རེ་རེའི་ཟིན་ཐོ་མ་རག
རྒྱ་ནང་གི་སློབ་གྲྭ་དང་རིག་གཞུང་ཚོགས་འདུ་ཁག་ཅིག་ལ་ཕེབས་ཏེ་འཆད་ཁྲིད་གཏམ་བཤད་གནང་བའི་ཐོ་གཞུང་རགས་རིམ་ནི།
སྤྱི་ལོ་༢༠༠༨ ལོའི་སྟོན་ཁར་ཧི་ནན་ཀྲིག་ཀྲུའུ་ཡ་ཤེ་ཡ་རྒྱལ་སྤྱིའི་སློབ་གླིང་དུ་(郑州 西亚斯国际学院)ཁོར་ཡུག་ཉམས་ཆག་སྐོར་གྱི་བདེན་བཞིའི་སྤང་བླང་)根治危机的四谛)ཞེས་པའི་བརྗོད་གཞིའི་ཐོག་འཆད་ཁྲིད་བྱས་པས་དེར་ཡོད་ཤར་ནུབ་གླིང་ཆེན་སོ་སོ་ནས་འོངས་པའི་ཤེས་ཡོན་པ་མང་བོའི་བསྟོད་བསྔགས་ཐོབ།
སྤྱི་ལོ་༢༠༠༨ ལོའི་ཟླ་༥ ནང་། སི་ཁྲོན་ཁྲུན་ཏུར་ཡོད་པའི་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་གདན་འདྲེན་ཞུས་ཏེ། བོད་ཀྱི་རིག་གཞུང་དང་ད་ལྟའི་སྤྱི་ཚོགས་བར་གྱི་འབྲེལ་བའི་སྐོར་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་།
སྤྱི་ལོ་༢༠༡༡ ལོའི་ཟླ་༡༠ ཚེས་༡༧ ཉིན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་ཡིག་ཐོག་ཞིབ་འཇུག་སློབ་མ་རྣམས་ལ། ཞིབ་འཇུག་སློབ་མ་བཟང་བོ་ཞིག་བྱེད་པར་ཇི་ལྟར་སློབ་གཉེར་བྱེད་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་ཆད་ཁྲིད་བྱས།
སྤྱི་ལོ་༢༠༡༡ ལོའི་ཟླ་༡༡ ཚེས་༢༣ ཉིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས་གདན་འདྲེན་ཞུས་ཏེ་བོད་རིག་གཞུང་སྐོར་འཆད་ཁྲིད་དུ་མ་གནང་ཡང་། ནད་གཞིའི་དབང་གིས་རེ་ཞིག་སློབ་ཁྲིད་བར་མཚམས་མི་འཇོག་ཀ་མེད་བྱུང་།
སྤྱི་ལོ་༢༠༠༨ ལོའི་ཟླ་༥ བར་པེ་ཅིན་སློབ་གྲྭ་ཆེན་མོས་གདན་འདྲེན་ཞུས་པ་ལྟར། ང་བསྟན་ལས་བྱུང་བའི་སྐྱེས་ཁམས་རིག་པའི་ལྟ་སྒོམ་སྤྱོད་གསུམ་དེ་དངོས་ཡོད་ཀྱི་འཚོ་བ་དང་ཇི་ལྟར་བསྲེ་ཚུལ་སྐོར་ཅུང་ཟད་གླེང་བ། (浅谈佛教生态学的见修证如何与现实生活相融) ཞེས་པའི་བརྗོད་གཞིའི་ཐོག་རྒྱ་སྐད་ཀྱི་ཐོག་ནས་གཏམ་བཤད་གནང་བས་དེར་ཡོད་མང་བོ་དང་། ལྷག་པར་དུ་ཨ་རིའི་ཧཱར་ཝོར་ཌ་གཙུག་ལག་སློབ་ཆེན་སོགས་ནས་འོངས་པའི་དགེ་རྒན་ཆེན་མོ་དག་གིས་དགའ་བསུ་ཆེན་པོ་ཐོབ།
སྤྱི་ལོ་༢༠༡༡ ལོ་ནས་སྔ་ཕྱིར་རྒྱལ་ཡོངས་ཚད་མ་རིག་པའི་དཔྱད་གླེང་ཚོགས་ཆེན་སྟེང་གདན་འདྲེན་ཞུས་པར་ལྟར་རྒྱ་སྐད་ཀྱི་ཐོག་ནས་གཏམ་བཤད་གནང་བའི་དཔེ་མཚོན་ཁག་ཅིག་ནི།
ནང་བསྟན་གྱི་སེམས་ཁམས་རིག་པས་ཕྱིར་རྫིག་ནང་སྟོང་གི་དུས་རབས་འདིར་ཕན་ནུས་ཇི་ལྟར་ཐོན་ཚུལ་བཤད་པ། (略讲佛教心明学在浮华时代中对人生所起的作用) ཞེས་པ་དང་།
ཚད་མ་རིག་པ་ལ་བློ་སྒོ་འབྱེད་པའི་ནུས་པ་ཁྱད་དུ་འཕགས་པ་ཞིག་འདུག (因明量学真的能使人变的聪明) ཅེས་པ།
རྣམ་རྟོག་ཡིན་ན་སྤང་བྱ་ཡིན་པས་ཁྱབ་བམ། (凡是分别识皆是所断否) ཞེས་པ་བཅས་ཀྱི་བརྗོད་གཞིའི་ཐོག་གནས་ལུགས་དང་རིགས་པ་ཟུང་འབྲེལ་གྱི་གཏམ་བཤད་སྤེལ་བས་དགེ་སློབ་མཁས་པ་མང་བོ་ལ་བག་ཆགས་གཏིང་ཟབ་བཞག
སྤྱི་ལོ་༢༠༡༢ ལོའི་ཟླ་༥ ནང་པེ་ཅིན་དུ། ཡུ་རོབ་དང་ཀྲུང་གོའི་རིག་གཞུང་ཉམས་མྱོང་བརྗེས་རེས་ཚོགས་པ་ཞེས་པས་གདན་འདྲེན་ཞུས་པ་ལྟར། རྒྱལ་སྤྱིའི་ཚོང་བ་དག་ལ་རིག་གནས་སློབ་གསོ་དང་མིའི་རིགས་ཀྱི་སེམས་ཁམས་འཕེལ་རྒྱས་ཀྱི་སྐོར་གླེང་བ།(文化、教育、人类心灵的成长)ཅེས་པའི་གཏམ་བཤད་གནང་།
སྤྱི་ལོ་༢༠༡༢ ལོའི་ཟླ་༦ ནང་རྒྱ་ནག་རི་བོ་རྩེ་ལྔ་རུ་བཀང་ཡོ་རྒྱལ་སྤྱིའི་ཚོང་རིག་སློབ་གླིང་། (光耀国际商学院) ལ་ཐབས་ཤེས་གཉིས་དང་ཁེ་ལས་བསམ་བློའི་བར་གྱི་འབྲེལ་བའི་སྐོར་འཆད་ཁྲིད་བྱས།
དཔར་དུ་འཁོད་པ་དང་མ་འཁོད་པའི་བརྩམས་ཆོས་གཙོ་བོ་ཁག་ཅིག་གི་ཐོ་གཞུང་།
༡། རྟོགས་བརྗོད་འདུན་ལེགས་མའི་འགྲེལ་བ་དད་པའི་དྲི་བསུང་འཐུལ་བའི་རྫིང་བུ།
༢། སྒྲ་རིག་འཛིན་སྐྱོང་བྱེད་པའི་ཐད་ཀྱི་ལྟ་ཚུལ་གླེང་བ།
༣། སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་བོད་ཀྱི་སློབ་གསོའི་སྐོར་གླེང་བ།
༤། སེམས་བྱུང་གི་རྣམ་བཞག་རྨོངས་མུན་འཇོམས་པའི་འོད་སྣང་།
༥། བསྡུས་གྲྭའི་ཟིན་བྲིས་ཚད་མའི་གཞུང་ལ་འཇུག་ཚུལ་བློ་གསལ་བྱིས་པ་དགའ་བའི་མེ་ལོང་།
༦། ཁྱད་པར་འཕགས་བསྟོད་ཀྱི་ཚིག་འགྲེལ་དད་གསུམ་གསལ་བའི་འོད་སྣང་།
༧། སྒྲ་གཞུང་དབྱངས་ཅན་མ་ལས་མཚམས་སྦྱོར་ལྔ་བའི་སྐོར་གྱི་ཟིན་བྲིས་བྱིས་བློ་གསལ་བའི་སྒྲོན་མེ།
༨། གྲུབ་མཐའ་རིན་ཆེན་ཕྲེང་བའི་ཟིན་བྲིས།
༩། ནང་བསྟན་དང་འཆམ་མཐུན་རིག་པ། (རྒྱ་ཡིག) བཅས་གོང་གསལ་ཕལ་ཆེར་དེབ་གཟུགས་ལོངས་པ་ཁག་ཡིན་ལ། དཔེ་སྐྲུན་བྱས་ཟིན་པ་དང་བྱེད་བཞིན་པ། རིང་མིན་བྱེད་འཆར་ཡོད་པ་ཁག་རེད། ད་དུང་དམིགས་བསལ་གྱི་འཆད་ཁྲིད་དང་། ཆེད་རྩོམ། སྤྱིར་བཏང་གི་ཟིན་བྲིས་དང་རྩོམ་ཡིག་བྲིས་ཚད་ཐམས་ཅད་ཕྱོགས་སྡོམ་བྱས་ན་བརྩམས་ཆོས་ཅི་ཙམ་ཡོད་མེད་ལ་འགྲེལ་བཤད་ཀྱི་ངལ་བ་བསྟེན་དོན་མི་འདུག་སྙམ།
ངས་དེ་རིང་འདིར་གྲོགས་སྐུ་ཞབས་དམ་པ་ཁོང་གི་སྐོར་དུམ་བུ་ཞིག་འབྲི་ཁུལ་བྱས་པ་འདི་རྩོམ་ཡིག་ཅིག་མིན་ལ། ཁྱབ་བསྒྲགས་ཀྱི་ཡོད་བྱད་ཅིག་ཀྱང་མ་ཡིན་པར། དྲ་ཐོག་དང་ཡིག་དེབ་འགའ་རེར་ཁོང་གི་སྐོར་དམ་དུམ་རེ་མཐོང་རྒྱུ་ཡོད་པ་ཁག་ཅིག་ནི་ཆ་མི་ཚང་བ་དང་། ཁ་ཤས་ནི་རྒྱུས་མངའ་དེ་ཙམ་མེད་པའི་གཏམ་དུ་གྱུར་འདུག་ཅིང་། འགའ་རེ་ནི་བུ་སློབ་དད་པ་ཅན་གྱིས་བླ་མ་གསོག་པོར་བཏང་བའི་དཔེ་བཞིན་དུ་སོང་འདུག་པ་བཅས་ཀྱི་དབང་གིས། ང་རང་ནི་ཁོང་གི་ཕ་མ་སྤུན་མཆེད་དག་ཕུད་པའི་ཁོང་ལ་ཆ་རྒྱུས་ཆེ་ཤོས་དེ་ཡིན་པར་བཤད་ཆོག་པ་ཡིན་པས། རྒྱུས་མངའ་མེད་པའི་གྲོགས་པོ་མང་བོ་ཞིག་ལ་རང་ལག་ཏུ་ཡོད་པའི་ནོར་བུ་རིན་པོ་ཆེ་ཞིག་གི་ནོར་ཉམས་ཆོད་ཕྱིར་མཚམས་སྦྱོར་བྱས་པ་ཙམ་ཡིན།
སྤྱི་ལོ་2014 ལོའི་ཟླ་1 ཚེས་10 ཉིན་བྱང་ཨ་རིའི་གྲོང་ཁྱེར་ཉོའུ་ཡོཀ་ཏུ་བྲིས།
ཐུགས་རྗེ་ཆེ། ངས་ཁོང་མཇལ་དུས་ནི་གོ་གཉིས་ལོའི་སྟོན་ཁ་ཞིག་ཡིན་བསམས་སོང་། ཨ་ཁུ་བཛྲ་མཆོག་ལ་ད་དུང་བཀྲ་ཤིས་རྒྱ་མཚོ་ཟེར་བའི་དགེ་ཕྲུག་ཅིག་ཀྱང་ཡོད་ལ་ངའི་གྲོགས་པོ་ཡིན། ཁོང་དེང་སྐབས་གང་ན་ཡོད་ཤེས་སམ།
བཀའ་དྲིན་ཆེ།
གཟའ་འཇུག་འདི་ལ་ཀློག་སྤྲོ་བ་ཞིག་བྱུང་། བཛྲ་ཚུལ་ཁྲིམས་དང་པེ་ཅིན་འཇམ་དབྱངས། ད་རུང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཨ་ཁུ་དགེ་འདུན་རྒྱ་མཚོ་དང་ཨ་ཁུ་འཇམ་དབྱངས་རྒྱ་མཚོ། བསང་ཁོག་དཔལ་ལྡན་སོགས་ཀྱི་སྐོར་མང་བོ་ཞིག་རྡ་སའི་རི་ངོགས་ནས་གླེང་བ་དྲན་གསོས་ཀྱི་འདུག
“བདག་གི་ཡིད་དབང་ཤིན་ཏུ་འཕྲོག་ས་ཞིག་ཡོད་པ་ནི་ཁོང་མཁས་པ་ཡིན་མིན་དང་བརྩམས་ཆོས་ལེགས་མིན་དེ་མ་ཡིན་པར། ཁོང་གིས་མི་རིགས་འདི་ལ་བཅིངས་པའི་ཤ་ཞེན་ལ་རྒྱ་རི་རབ་ལས་བརྟན་པ་དེ་དང་། ལྷག་པར་དུ་ཉམ་ཆུང་བདག་མེད་དུ་གྱུར་པའི་རང་རིགས་གཞོན་སྐྱེས་མང་བོར་ལན་ལ་རེ་བ་མེད་པའི་སྙིང་རྗེ་དང་བྱམས་བརྩེས་བསྐྱངས་ཏེ། ཁོང་ཚོ་ལ་ཤེས་རབ་ཀྱི་མིག་དབང་སྤྲད་པའི་ལྷག་བསམ་དང་བློས་གཏོང་དེ་ཡིན། རྒྱུ་མཚན་ནི་མི་རིགས་ཀྱི་ལ་རྒྱ་ཞེས་པ་དེ་ཁ་ནས་བཤད་རྒྱུ་ལ་དཀའ་ངལ་མི་ཆེ་ཡང་། ལོ་མང་རིམ་བསྟུད་ཀྱིས་ལག་ལེན་དུ་བསྟར་རྒྱུ་དེ་ལས་སླ་བོ་ཞིག་མ་ཡིན་པ་ང་ཚོ་ཚང་མས་ཤེས་གསལ་ཡིན” དེ་དེ་བཞིན་ནོ།
ཚང་མ་ཞིབ་མོར་བཀླགས་གྲུབ། བཛྲ་ཚུལ་ཁྲིམས་མཆོག་མཐོང་བྱུང། རྗེས་སུ་ཡི་རང་མངོན་པར་བསྟོད་དོ། ཞོར་དུ་གྲོགས་པོ་ལགས་ལ་ཡང་བཀའ་དྲིན་ཆེ་ཞུ།
གནས་ཚུལ་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ། ལུས་ཕུང་ཅི་ལྟར་སྐྱོ་ཡང་ཁ་འདོན་བྱེད་དགོས་དོན་ག་རེ་ཡིན་ནམ། ཁ་འདོན་བྱས་ན་འཕྲོད་བསྟེན་དང་ཚེ་ཕྱི་མར་དངོས་གནས་ཕན་ཐོགས་ཡོད་དམ། ཁ་འདོན་བྱེད་ཡུན་ནི་སྔ་ནུབ་བྱེད་རྒྱུའི་གོམས་སྲོལ་གཙོ་བོ་་ཡོད་པས། སྔ་ནུབ་གཉིས་ནི་ཉིན་གཅིག་ལ་མཚོན་ན་ངལ་གསོ་བྱེད་ཡུན་ཡག་ཤོས་དང་། ལུས་ཕུང་སྦྱང་བ་བྱེད་དུས་ཡག་ཤོས་དེ་རེད། དུས་ཚོད་དེ་ནི་ལས་བྲེལ་མཁན་ཞིག་ལ་མཚོན་ན་གཉིད་ཉལ་གྱི་ངལ་གསོ་བྱེད་ཡུན་ཡག་ཤོས་དང་། ལུས་ཕུང་སྦྱང་མཁན་ཞིག་ལ་མཚོན་ན་ལུས་རྩལ་སྦྱང་དུས་ཡག་ཤོས་དེ་རེད། དུས་ཚོད་དེ་ཁ་འདོན་དུ་བཏང་ན་གཞོན་དུས་ལུས་སྟོབས་རྒྱས་བས་དཀའ་ངལ་དེ་ཙམ་མེད་ཀྱང་། ལོ་བཞི་བཅུ་དང་ལྷག་པར་དུ་ལྔ་བཅུ་རྒལ་མཁན་གྱི་མི་ཞིག་ལ་མཚོན་ན་འཕྲོད་བསྟེན་ལ་གནོད་པ་དངོས་འབྲེལ་རེད། མ་གཞི་བོད་ཀྱི་གོམས་སྲོལ་ལ་འཕྲོད་བསྟེན་ལ་དེ་ཙམ་དོ་སྣང་མེད་པས། མི་མང་པོ་ཞིག་ལོ་བཞི་བཅུ་དང་ལྔ་བཅུའི་ནང་ནད་གཅུང་ངམ། རྐྱེན་འདས་སུ་འགྲོ་བཞིན་ཡོད་པས་བློ་ཕམ་གྱི་གནས་ཤིག་ཏུ་མཐོང་།
ངས་ཁོ་རང་ངོ་ཤེས་དུས་༨༥་ལོ་རེད། ང་དང་ལོ་ཚོད་མཉམ་པ་ཞིག་རེད་སྙམ་པ་ལས་རིག་པ་ཡག་པའི་སྐོར་གོ་ཐོས་མ་བྱུང་། རྗེས་སུ་བཙུགས་ཤིང་ཆོས་རའི་ནང་དགེ་སྐོས་ལགས་ཀྱིས་ཁྱེད་ཚོའི་འཛིན་གྲྭ་ལ་ཚོགས་གཏམ་བཏང་བ་ཡང་ད་དུང་དྲན་ཡུལ་ན་འདུག
མགོ་ནས་མཇུག་བར་བཀླགས་ཚར་མ་ཐག་ཡིན། འདིར་འཛོམས་པའི་རྩོམ་པ་པོ་ཧོར་འཇིགས་དང་། ཀླུ་སྨྱོན། ཆབ་བྲག་བཅས་ལ་གུས་ཞབས་དང་། བཛྲ་ཚུལ་ཁྲིམས་མཆོག་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་སྔར་བཞིན་རྒྱས་པའི་སྨོན་འདུན་ཞུ།
ཨ་ཁ། དབུགས་འཚང་གི་ནད་རྟགས་འདྲ་ཡོད་ན། དེ་ལ་རྦད་དུ་བཅོས་ཐབས་ཤིག་ཡོད་ཚོད་མིན་ན་ཡང་། དུས་མིན་འཆི་རྐྱེན་ལས་ཟློག་ཐབས་ཤིག་ཡོད་པ་གོ་ཐོས་ཙམ་དུ་མ་ཟད་རིག་མྱོང་ཡང་ཡོད། དེ་ནི་གློ་ནང་བར་དུ་རྔུབ་འཐེན་བྱེད་རྒྱུའི་སྨན་རླངས་ཤིག་ཡིན་པ་དང་། ཁ་མདོག་འདྲ་མིན་ལ་དབྱེ་ཡོད་པས། མདོག་སྔོ་སྐྱ་ཅན་པོ་སྔོན་འགག་ལ་དམིགས་པ་དང་། གློ་སྐྱ་ཅན་པོ་དབུགས་འཚང་གི་སྐབས་ལ་དམིགས་པ་སོགས་འདྲ་མིན་མང་པོ་ཞིག་ཡོད་པས། དེ་དག་གར་འགྲོ་གང་ཡིན་ལ་ཁ་འདོན་ཆོས་དཔེ་དང་མཉམ་དུ་ཉར་ཐུབ་ན། མྱི་བདག་གཉིས་ལ་ཕན་པའི་བསམ་བློ་འཁོར་སྟངས་ཤིག་ཡིན་པ་འདྲ། བོད་འདི་འཆི་བར་མི་སྐྲག་མདོག་མདོག་གིས། བཤད་སར་འགྲོ་མིན་མ་ཤེས་མོ། ཉིན་ཞིག་སློབ་ཕྲུག་མང་པོ་ཞིག་གིས་གདུང་དབྱངས་འབྲི་དགོས་དུས་ཚར་བ་རེད་བསམ།
སྐུ་གཟུགས་བདེ་པར་ཤོག། མཛད་གཟིགས་རྒྱས་བར་ཤོག།
སྐྱེས་བུ་དམ་པ་ཁོང་ལ་སྙིང་ནས་གུས།།
ཁ་བའི་ཡུལ་གྱར་བས་ཨ་ཀོང་རིན་པོ་ཆེ་ལ་ཞྭ་མོ་གཉིས་གཡོགས་སོང་སྟེ།
༡ བོད་གཞུང་དང་གོང་ས་མཆོག་ལ་ངོ་ལོག་ནས་དགྲ་ལ་མགོ་འདོགས་མཁན།
༢ ལྷ་སྐུ་རྟེན་གསུམ་ནག་ཚོང་བྱེད་མཁན།
ཁོ་པའི་སྐད་ཆ་འདིའི་ཡོང་ཁུངས་ནི། སྟེང་ཆེན་རྫོང་གི་བདེ་སྲུང་མགོ་དཔོན་ “ད་ལུ་” དང་ ཁྲིམས་དཔོན་ “ཕུན་ཚོགས” གཉིས་ཡིན་ཟེར།
ང་ཚོའི་དེང་རབས་ལོ་རྒྱུས་ཐོག་ “འབའ་པ་ཕུན་དབང་” དང་ “ང་ཕོད་ངག་དབང་འཇིགས་མེད” སོགས་ལའང་ལོ་མང་པོའི་རིང་ལ་ “ངོ་ལོག་པ” དང་ “མགོ་འདོགས་མཁན” ཞེས་པའི་ཞྭ་མོ་གཡོགས་པ་རེད་དེ། ང་ཕོད་གྲོངས་དུས་བོད་གཞུང་གིས་མྱ་ངན་ཞུས་པ་རེད།
དྲང་བདེན་གྱི་ལོ་རྒྱུས་ནི་མི་རབས་མང་པོར་ཞུན་བརྡར་བྱེད་རྒྱུ་ཞིག་རེད་མ་གཏོགས། མི་ཁ་ཤས་དང་ཡང་ན་དུས་རབས་གཅིག་གི་དབང་ཤུགས་ཀྱི་འོག་ནས་མནར་ཐུབ་པ་ཞིག་མ་རེད། དེ་བས་ སི་ཀོ་ལན་ཌུ་ བཞུགས་པའི་སྒྲོན་ལྷ་དང་འཇིགས་མེད་སོགས་ཀྱིས་གཙོ་བྱས་པའི་གང་ཉིད་ཀྱི་སྐུ་ཚ་དང་རྗེས་འཇུག་པ་རྣམས་སེམས་རྒྱ་ཡངས་པོའི་སྒོ་ནས་བཞུགས་ན་བདེན་རྫུན་ནི་ལོ་རྒྱུས་རང་ངོས་ནས་ཁ་གྲགས་ཡོང་གི་རེད། དེ་མ་གཏོགས། “འཚོ་བའི་རྒྱས་སྤྲོས” ཀྱི་སྐད་ཆ་དེ་དག་ནི་མི་ཞིག་དང་ལྷག་པར་དུ་བླ་མ་ཞིག་དམའ་འབེབས་གཏོང་བྱེད་ཀྱི་ལག་ཆར་བརྩི་བ་དེའི་ཐོག་ནས་མི་དེའི་ཁ་སྟབས་དང་ལྟ་རྒྱ། ཐོས་རྒྱ། མཐོང་རྒྱ། བསམ་རྒྱ་བཅས་ཀྱི་ཆེ་ཆུང་རང་བཞིན་གྱིས་ཤེས་ཐུབ་པ་ཞིག་འདུག
གཞན་ཡང་། མི་ཞིག་ལ་ཉེས་སྐྱོན་འདོགས་དུས། གནས་དུས་བྱེ་བྲག་ཏུ་བགར་ནས་ར་སྤྲོད་གཏོང་རྒྱུ་ནི་གལ་ཆེན་པོ་རེད། དེ་བས་ “ཨ་དཀོན་བླ་མ་སྔོན་ང་ཚོའི་ལུང་པར་སླེབ་སོང།” ཞེས་བཤད་པ་ནི། “གནའ་སྔ་མོ་ཞིག་ལ་” ཞེས་གནའ་གཏམ་བཤད་སྲོལ་རང་དུ་མཐོང་། ལོ་ག་དུས་ཡིན་པའང་མི་དྲན་ནམ།
གོང་གི་མཆན་དེ་ནི་ རྒྱལ་སྤྱིའི་རོགས་ཚོགས་ཀྱི་གཙོ་འཛིན་ཨ་དཀོན་རིན་པོ་ཆེ་གླེང་བ། ཞེས་པའི་ཞབས་མཆན་དུ་འདོགས་དགོས་བསམས་པ་ཡིན་ཏེ། ཞབས་མཆན་འབྲི་ཤུལ་རིང་གར་མཆན་སྒོ་བརྒྱབ་ཚར་འདུག http://www.khabdha.org/?p=57066&cpage=1#comment-168369
ལྷག་བསམ་ཅན་དང་ཤེས་ཡོན་ཅན་ས་གང་ན་ཕེབས་ན་དེ་ལ་ཕན།
རྒྱལ་སྤྱིའི་རོགས་ཚོགས་ཀྱི་གཙོ་འཛིན་ཨ་དཀོན་རིན་པོ་ཆེ་གླེང་བ། ཞེས་པ་དེའི་མཆན་སྒོ་འགོག་དོན་ཅི་ཡིན་ནམ། ཁ་བའི་ཡུལ་གྱར་བ་ཟེར་བ་ཞིག་གིས་ཨ་ཀོང་རིན་པོ་ཆེ་ནི་
༡ བོད་གཞུང་དང་གོང་ས་མཆོག་ལ་ངོ་ལོག་ནས་དགྲ་ལ་མགོ་འདོགས་མཁན།
༢ ལྷ་སྐུ་རྟེན་གསུམ་ནག་ཚོང་བྱེད་མཁན། ཞིག་རེད་ཅེས་པའི་ཞྭ་མོ་གཡོགས་སོང་བས། དེར་མཐའ་འདེད་ཅིག་གཏོང་བར་འདོད་པས་མཆན་སྒོ་སླར་ཡང་ཕྱེ་རོགས། མ་གཞི་ནས་མཆན་བུའི་ངོ་བོར་བལྟས་ནས་བཀག་ན་འགྲིག་གྱི་མཆན་སྒོ་འགོག་པ་ནི་གཏུ་ཐུག་གི་དྲྭ་རྒྱའི་དོ་དམ་བྱེད་ཐབས་ཤིག་ཏུ་མཐོང་།
ཁོང་གི་མཛད་རྗེས་དང་མཁྱེན་ཡོན་ལ་རྗེས་སུ་ཡི་རངས་ཞུ་བ་དང་ཆབས་ཅིག་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས་རྒྱུ་ཡིན།
དམ་པ་ཁོང་གི་སྐུ་ཚེ་བརྟན་པར་ཤོག
ཧོར་འཇིགས་ཀྱིས་བྲིས་པའི་དྲན་ཐོ་གཉིས་ཆ་བཀླགས་པ་ཡིན་ཧ་ཅང་སྙན་མོ་བྱུང་། ལྷག་པར་དུ་བཛྲ་ཚུལ་ཁྲིམས་ཀྱི་སྐོར་ལ་བྲིས་པའི་དྲན་ཐོ་དེ་ཧ་ཅང་ཀློག་འདོད་སྤྲོ་བོ་བྱུང་། གང་ཡིན་ཟེར་ན་ངའང་ཁོང་ལ་ཆ་རྒྱུས་ཏོག་ཙམ་ཡོད་པས་ཡིན། ཡིན་ནའང་ཀློག་ཐེངས་གཅིག་གིས་བཀླག་ཁོམ་མ་བྱུང་བར་ལས་ཀའི་བར་གསེང་ནས་ཀློག་གིན་ཀློག་གིན་བཀླགས་འཕྲོ་བཞག་སྟེ་མུ་མཐུད་པ་ལ་སེམས་ནས་བྲེལ་བ་ལངས་ནས་བཀླགས་པ་ཡིན། གྲོགས་པོ་ཧོར་གཙང་འཇིགས་མེད་ལགས་ལ་ཐུགས་རྗེ་ཆེ་ཞུ། ངའི་ཡོངས་འཛིན་དམ་པ་དགེ་བའི་བཤེས་གཉེན་ཆེན་པོ་འཇམ་དབྱངས་རྒྱ་མཚོ་ཚང་གི་མདུན་ལ་མཚན་ཉིད་དཔེ་ཁྲིད་ལ་འགྲོ་བའི་སྐབས་ཤིག་ལ་ང་ཚོ་ལས་འཛིན་གྲྭ་ཧ་ཅང་རྒན་པའི་འཛིན་གྲྭ་ཞིག་དགེ་རྒན་ཚང་གི་མདུན་ནས་དཔེ་ཁྲིད་གྲོལ་ཏེ་སྒོའི་ཕྱིར་འཚང་ཁའི་ངང་འཐོན་ཡོང་གི་འདུག ང་ཚོ་སྐོར་ཞིག་གིས་སྒོའི་གྱང་རྩ་ནས་རྩོད་པ་རྒྱག་བཞིན་ཡོད་ད་ལྟ་དྲན་སོས་པ་ལ་དམ་བཅའ་བ་ཧོར་གཙང་གི་ཐུབ་བསྟན་མྱིག་ཞར་༼མཚང་མིང༽རེད། སྐབས་དེ་ཤད་ཅིག་ལ་འཛིན་གྲྭ་རྒན་པའི་གྲྭ་བ་ཁ་ཤས་ང་ཚོའི་རྩོད་པ་རྒྱག་སར་མ་བོས་ཀྱང་བསླེབས་སོང་། ནང་གི་གྲྭ་བ་དར་མ་ལྟས་ན་ཡིན་མདོག་ཁ་བ་གྲྭ་ཆས་གཙང་མ་གྱོན་མཁན་ཞིག་གིས་ང་ཚོའི་ཁ་འཕྲོག་སྟེ་དམ་བཅའ་བར་རྩོད་པ་རྒྱག་སོང་། ཁོའི་རྩོད་པ་རྒྱག་སྟངས་ནི་ཅུང་ཟད་གཞན་དང་མི་འདྲ་བ་ཞིག་རེད། ང་རྒྱལ་གྱི་རྣམ་པ་མེད་པར་སྐད་སྒྲའང་མི་མཐོ་ལ་ཅུང་ཞི་འཇམ་གྱི་ཐོག་ནས་དྲི་བ་གནད་ལ་འཁེལ་ཞིང་རིག་ལམ་ཡོད་པ་རྒྱུ་མཚན་དང་སྦྲགས་ནས་ཁོའི་རྩོད་སྟངས་དེས་ངའི་སེམས་ལ་དྭངས་པ་འདྲེན་དུ་བཅུག ངས་ངའི་ཉེ་འཁོར་གྱི་གྲྭ་གྲོགས་ཤིག་ལ་ཁོའི་མིང་ལ་ཅི་ཟེར་ཞེས་དྲིས་དུས་ངའི་གྲོགས་པོ་ཞིག་གིས་ཁོ་བཛྲ་ཚུལ་ཁྲིམས་རེད་ཟེར། ངས་ཁོའི་མིང་ཤེས་པ་དང་ངོ་ཤེས་པ་ཐོག་མ་དེ་ཡིན། ཉིན་ཞིག་ང་ཧོར་འཇིགས་ཀྱི་ཤག་ལ་སོང་དུས་བཛྲ་ཚུལ་ཁྲིམས་ཁོ་ཡང་དེར་ཕེབས་འདུག་པས། ཧོར་འཇིགས་ཀྱིས་ངེད་གཉིས་ངོ་སྤྲོད་བྱས་ཏེ་ང་ཚོས་གླེང་མོལ་ཕྲན་པུ་བྱས་པ་དྲན། དེ་ནས་ང་ཚོ་ངོ་ཤེས་སུ་གྱུར། ༡༩༩༠ འམ་༡༩༩༡ལོའི་ཡས་མས་ཀྱི་དབྱར་དུས་ཤིག་ལ་ཨ་ལགས་གུང་ཐང་ཚང་གིས་སོག་པོའི་བེ་སི་ནས་དུས་འཁོར་དབང་ཆེན་གནང་སྐབས་ཧོར་འཇིགས་དང་བཛྲ་ཚུལ་ཁྲིམས་གཉིས་གཙོས་ང་ཚོ་གྲོགས་པོ་བཅུ་གྲངས་ཤིག་གིས་བཟའ་ཆས་མཉམ་འཁུར་དང་རས་གུར་མཉམ་འཁྱེར་བྱས་ཏེ་ང་ཚོ་གྲོགས་པོ་ཁ་མཐུན་སྐོར་ཞིག་དུས་འཁོར་དབང་ཆེན་ཞུ་རུ་སོང་། ཧོར་འཇིགས་ཀྱིས་པེ་ཅིན་ནང་བསྟན་སློབ་གླིང་ནས་ངོ་ཤེས་པའི་ཕ་ཡུལ་སོག་རྫོང་ནས་ཡིན་པའི་བླ་མ་དང་དཔོན་པོ་གཉིས་ཀྱིས་ང་ཚོར་རོགས་རམ་བླ་མེད་གནང་བ་ད་ལྟའང་བཀའ་དྲིན་དྲན་བཞིན་ཡོད། བླ་མ་བྱིན་རླབས་ཅན་གྱི་གསུང་དྲོན་མོ་དང་དུས་འཁོར་དབང་ཆེན་ལྟ་བུའི་གསང་སྔགས་ཟབ་མོོར་མཇལ་རྒྱུའི་གོ་སྐབས་ཐོག་མར་བྱུང་བ་མ་ཟད། གྲོགས་མྱི་བཟང་རིག་བཟང་རྩེ་དགོད་ལ་དགའ་བའི་དགའ་བ་ལྷན་འཛོམས་བྱུང་བའི་དུས་འཁོར་དབང་ཆེན་གྱི་བདུན་ཕྲག་གཅིག་གི་རིང་ང་ཚོ་ཧ་ཅང་འཆམ་མཐུན་དང་སྐྱིད་པོ་བྱུང་བ་ནི་ངའི་མི་ཚེ་ནང་ལ་བརྗེད་ཐབས་དཀའ་བའི་བག་ཆགས་ཟབ་ཤོས་ཤིག་ཡིན། གྲོགས་ཧོར་འཇིགས་ལགས་སྐབས་རེར་རིན་ཐང་ཅན་གྱི་རྩོམ་ཡིག་སྤེལ་རྒྱུ་ང་ཚོའི་ཀློག་མཁན་ཚོ་མ་བརྗེད་པ་གྱིས། །
སྐུ་ཞབས་ཧོར་འཇིགས་ལགས་ལབཀའ་དྲིན་ཤིན་ཏུ་ནས་ཆེ། ངེས་བ་དོན་གྱི་མཁས་པ་དང་བཙུན་པ་རྒན་བཛྲ་ཚུལ་ཁྲིམས་ལགས་ལ་ཡང་དགའ་དད་སྙིང་ནས་ཞུ་བཞིན་ཡོད།
བཛྲ་་་་་ཟེར་བ་འདི་ཅི་ཞིག་རེད་དམ། ཕ་སྐད་གཙང་མ་་་་ཟེར་བའི་འུར་སྒྲ་ཆེན་པོ་དེ་་ཨ་ལ་ལ་ལ།
དྲྭ་གྲོགས་bonpoལགས། ཕལ་ཆེར་ཁྱོད་ཀྱིས་གོང་གི་རྩོམ་འདི་ཡག་པོ་ཞིག་ཀློག་མེད་པ་འདྲ། ཁྱོད་ལྟར་ན་ཏཱ་ལའི་བླ་མ་ཟེར་བོད་སྐད་གཙང་མ་མ་ཡིན་པའི་དགག་བྱ་ཡོད་ཨེ་ཡོད། མ་གཞི་དྲི་ཚིག་འདི་དགོད་བྲོ་བ་ཞིག་རེད། ཕ་གཙང་མའི་ངོ་སོ་ཡར་ལ་བསྟོད།
དངོས་ནས་ཅིག་བྲིས་ཡོད་གི ཞིབ་ཆ་དང་གོ་རིམ་ལྡན་པ་དེའི་ནང་ན་ཅིག་ཡོད་གི ཀློག་གིན་ཀློག་གིན་ང་རང་ཡང་བཛྲ་ཚུལ་ཁྲིམས་མཉམ་དུ་ཡོད་པའི་སྣང་བ་ཞིག་འདུག
ཐུགས་རྗེ་ཆེ། སྐྱེས་བུ་ཆེན་པོ་ཁྱེད་ཚོའི་རིགས་ཡང་ཡང་དྲ་ཐག་་འདིར་ཕེབས་པར་རེ་བ་སྙིང་ནས་ཆེ། དྲ་རྩོམ་ཉ་ཉོག་དག་ཀློག་ནས་སུན་བསྡད་ཡོད་དུས་འདིར། ཁྱེད་ཅག་གི་རྩོམ་འདི་དག་རེ་ཀླཽག་རྒྱུ་བྱུང་བ་ནི་གླེག་བམ་ཆེ་གེ་མོ་ཞིག་བཀླགས་པའི་སྣང་བ་འདུག ླ