ཀླུ་སྨྱོན་ཧེ་རུ་ཀ
ཐོ་རངས་ཆུང་མའི་རུམ་ནས་ཡར་ལངས་ཏེ།།
ཆུ་འཁྱག་ཅིག་གིས་ངོ་གདོང་རོབ་ཙམ་བཀྲུས།།
ལྕགས་རྟ་རྙིང་གོག་གྲང་བའི་རེག་བྱ་ཅན།།
ཞོན་ནས་སྐར་འོད་འོག་ཏུ་ལས་ཀར་ཆས།།
ཆུ་ཚོད་ཕྱེད་ཀར་ལྕགས་རྟ་བསྐོར་བ་ཡིས།།
ངལ་ཞིང་དུབ་པས་རྔུལ་ནག་སྒལ་གཞུང་བརླན།།
འཁྲིས་ནས་ཤུར་སེ་འགྲོ་བའི་རླངས་འཁོར་ཚོར།།
ལྟ་བཞིན་སྨོན་པའི་དབུགས་རིང་བརྩེགས་མར་འཕེན།།
ཚོང་ཁང་ཆེན་པོའི་སྒོ་ཡི་གཡོན་ཕྱོགས་སུ།།
ལྕགས་ཀྱི་རྟ་ལ་ལྕགས་སྒྲོག་བཙའ་རོ་བརྒྱབ།།
ལུས་ཀྱི་གྱོན་པ་བརྗེས་ནས་ལས་གོས་གྱོན།།
འཕྲུལ་འཁོར་བཞིན་དུ་ལས་ཀའི་ཀློང་དུ་འཁོར།།
ཞོགས་ཇ་མ་རག་ལུས་ཀྱི་ཟུངས་རྫོགས་ཏེ།།
མགོ་ཡོམ་འཁོར་ཞིང་མིག་ནང་མེ་སྟག་མཆེད།།
སྐར་མ་བཅའ་བཅུར་རྣ་བས་སྒྲ་མི་ཐོས།།
ངལ་གསོ་འདོད་ཀྱང་ལས་དཔོན་འཁྲིས་སུ་ཡོད།།
དབུགས་དབྱུངས་སྐར་མ་བཅུ་ཡི་དུས་ཚོད་ནང་།།
ཕྱི་རུ་བརྒྱུགས་ནས་ཐ་མག་རྔམ་འཐེན་བྱས།།
ནང་དུ་ལོག་ནས་ཁ་ཧྥེ་ཕོར་གང་བཏུངས།།
དེ་ཡིས་རྣམ་རིག་ཅུང་ཟད་གསལ་བར་གྱུར།།
ཕར་བཤད་དབྱིན་སྐད་མི་དག་ངོ་ཚ་ཞིང་།།
ཚུར་བཤད་དེ་བཞིན་མི་གོ་དངངས་ཤིང་འཚབ།།
ལས་དུབ་ལྕི་ཞིང་གླ་ཆ་དམའ་བ་སོགས།།
ཚེ་གཡོག་མི་ནག་ལོ་རྒྱུས་འཁྲབ་མཁན་བཞིན།།
ཉིན་གུང་ཁ་ལག་བཟའ་བའི་དུས་ཚོད་དུ།།
མདང་དགོང་ཐུག་ལྷག་འཐུང་བཞིན་ངལ་ཞིག་གསོས།།
གློ་བུར་ཆུང་མའི་ཁ་པར་བསླེབས་པ་དང་།།
ཁྱིམ་ནང་ཛ་དྲག་གནས་ཚུལ་ཡོད་དོ་སྐད།།
མྱུར་དུ་ལས་དཔོན་རྩ་ལ་བཅར་བྱས་ནས།།
གུས་གུས་ཞུམ་ཞུམ་དགོངས་པ་ཞུས་པ་ན།།
ཡང་ཡང་དགོངས་པ་ཞུས་ན་ལས་ཀ་ནས།།
རྩ་དགོངས་སྤྲོད་ཟེར་ངོ་གདོང་ནག་ཚུབ་ཚུབ།།
ཐབས་ཟད་སྐར་མ་འགའ་ལ་བསྒུགས་པ་ན།།
ཡང་སྐྱར་ཆུང་མའི་ཁ་པར་བསླེབས་གྱུར་པས།།
ལས་དཔོན་མདུན་དུ་པུས་མོ་ས་ལ་བཙུགས།།
མིག་ནས་མཆི་མ་ཆར་བཞིན་འཇོ་དང་ལྷན།།
དགོངས་པ་མ་ཚོམས་དགོངས་པ་གནང་རོགས་ཞུས།།
ལས་དཔོན་མཁྲེགས་པོ་ཅི་བྱ་གཏོལ་མེད་གྱུར།།
འོ་ན་སང་ཉིན་ནས་བཟུང་ལས་ཀ་ལ།།
ཡོང་མཚམས་ཞོག་ཅེས་སྡང་མིག་གློག་ལྟར་འཁྱུགས།།
འཁྱར་འཁྱོར་ཡར་ལངས་ཕྱིར་ཐོན་ལྕགས་རྟར་ཞོན།།
རང་སྲོག་བློས་བཏང་གཞུང་ལམ་འཕྲེད་ཀྱིས་གཏུབས།།
མིག་ངོར་ཆུང་མའི་ངོ་སྡུག་འཆར་བ་དང་།།
སྐྱེ་ལ་ཉེ་བའི་བྱིས་པའི་ངུ་སྐད་གཉིས།།
འཕྲོ་རིམ་འཕྲོ་ལ་གློག་བརྙན་བསྟན་པ་བཞིན།།
འཆར་བཞིན་གྲག་བཞིན་ཁྱིམ་གྱི་སྒོ་རྩར་འབྱོར།།
ཛ་དྲག་ཉེན་སྐྱོབ་རླངས་འཁོར་དམར་ཁྲ་དང་།།
ཉེན་རྟོག་རླངས་འཁོར་སྔོ་སྐྱ་ཁུ་བྱུག་མདོག །
མེ་གསོད་རླངས་འཁོར་དམར་ནག་ཁྲག་གི་མདོག །
རང་ཁྱིམ་སྒོ་རུ་འུར་འུར་ཟིང་ཟིང་གནས།།
སྙིང་དམར་ཁ་ནས་ཐོན་པའི་བྲེལ་འཚབ་ཀྱིས།།
ཁྱིམ་སྒོ་གྲུ་བཞིན་ཕྱེས་པའི་སྐད་ཅིག་མར།།
ཆུང་མ་ཁྲག་གི་ཀློང་དུ་ཉལ་བ་དང་།།
བྱིས་པ་མངལ་ནས་འགག་པའི་གཟུགས་བརྙན་མཐོང་།།
མྱུར་སྐྱོབ་མི་སྣའི་རོགས་རམ་ཛ་དྲག་བཅས།།
ཆུང་མ་སྨན་ཁང་ནང་དུ་བསྐྱལ་ན་ཡང་།།
སྨན་པས་དུས་ཚོད་འགོར་འགྱངས་བྱས་པ་ཡིས།།
བྱིས་པ་ཨ་མའི་མངལ་ནས་འདས་གྲོངས་སོང་།།
ཕྱི་དྲོར་སྨན་པས་ཆུང་མའི་གྲོད་པ་གཤགས།།
བྱིས་པའི་ཕུང་བོ་ཕྱི་རུ་བླངས་པ་ན།།
ཨ་ཨ་སྙིང་རྗེ་སྐྲ་ཡང་ནག་ཀྲིག་ཀྲིག །
ང་ཡི་ལས་འདི་བསམ་བཞིན་དྲག་ཏུ་ངུས།།
ཆུང་མའི་མིག་ཆུ་སྔར་ནས་ཚར་བ་ཡིས།།
བྲང་ཁ་ཁུ་ཚུར་ལྕི་མོས་རྡུང་བཞིན་དུ།།
ང་ཡི་གཅེས་ཕྲུག་ག་རེ་བྱས་ནས་གྲོངས།།
ཟེར་བཞིན་ངུ་སྔངས་བྱེད་པ་བལྟར་མི་བཟོད།།
ཆུང་མའི་ཕ་མ་རང་གི་གྲོགས་པོ་སོགས།།
སྔ་རྗེས་བྱས་ནས་སེམས་གསོར་འབྱོར་ན་ཡང་།།
སེམས་ཀྱི་ཟུར་ཞིག་སྐྱོ་བས་ཟིན་གྱུར་ཏེ།།
ཤ་སྐམ་རྒས་པའི་གཉེར་མ་ཉིན་བཞིན་འཕེལ།།
སེམས་པ་གཡེང་ཕྱིར་ལས་ཀར་འབད་ན་ཡང་།།
སྐྱོ་གདུང་སེལ་ཆེད་ཐ་མག་རྔུབས་ན་ཡང་།།
ཆུ་འགྲམ་མཚོ་འགྲམ་གང་དུ་སོང་ན་ཡང་།།
རང་ལ་མ་དབང་བྱིས་པ་མིག་སྔར་འཆར།།
བོད་ནས་མ་བསྡད་རྒྱ་གར་ཡུལ་དུ་ལྡོམ།།
རྒྱ་གར་བཞག་ནས་ཕྱི་རྒྱལ་ཡུལ་དུ་འཁྱམས།།
མི་ཚེ་སྡུག་བསྔལ་རྐྱང་རྐྱང་མ་གཏོགས་པ།།
མེད་འདི་ཅི་ཞེས་དྲི་བ་རང་ལ་འདྲི།།
ལས་ཀ་ཚར་ནས་ནང་ལ་ལོག་ན་ཡང་།།
ཆུང་མས་ཟ་མ་ཆེ་བཟོ་ཕོར་བ་ཡང་།།
མི་བཀྲུ་འཁྲུད་གཞོང་ཁེངས་པ་མིག་སྔར་འཆར།།
ལན་རེར་མགོ་བོ་བཏུམས་ནས་ངུ་རྒོད་བྱས།།
སྐྱེ་བ་ཀུན་ཏུ་མགོ་སེར་རྒན་མོ་དང་།།
མི་ཐུག་ཤ་ཁྲག་གཅིག་པའི་བོད་མོ་དང་།།
འབྲལ་མེད་བརྩེ་བའི་དཔལ་ལ་ལོངས་སྤྱོད་ཅིང་།།
བདེ་སྐྱིད་འཚོ་བའི་ཉི་མ་མྱུར་འཆར་ཤོག །
དེ་སྐད་སྨོན་ལམ་དུས་ཀུན་འདེབས་པ་ཡི།།
ང་ཡི་གྲོགས་པོ་བཀྲ་ཤིས་ཚེ་རིང་གི །
མི་ཚེ་བྱུང་བ་མདོར་ཙམ་བརྗོད་པ་འདི།།
ཁ་བ་ནག་པོས་ངལ་བར་མ་འཛེམས་བྲིས།།
གྲོགས་པོ་ཁྱེད་ཅག་མགོ་སེར་རྒན་མོ་ལ།།
ལྷ་རུ་འཁྲུལ་བའི་འཕྲུལ་སྣང་སྐྱིད་པོ་དེ།།
བཙན་གྱིས་ཕྱིར་ལྡོག་རང་རིགས་བུ་མོ་དང་།།
སྐྱིད་སྡུག་མཉམ་མྱོང་དམ་བཅའི་རི་མོ་ཕྲིས།།
གཅིག་ན་སྐད་རིགས་ཕར་བཤད་ཚུར་བཤད་གོ །
གཉིས་སུ་རིག་གཞུང་བར་དུ་འགལ་ཟླ་ཉུང་།།
གསུམ་དུ་ལས་དང་རྒྱུ་འབྲས་ཁས་ལེན་པས།།
རང་རིགས་བུ་མོའི་ཡན་ན་སུ་གཅིག་མེད།།
རྒན་ཀླུ་སྨྱོན་ལགས་གིས་སྙན་པོ་ཞིག་བྲིས་འདུག། ཁྱོད་ཀྱི་གསུངས་བ་ལ་མངོན་པར་བསྟོད་དོ
ཀླུ་སྨྱོན་ངག་ལ་སྙན་པའི་རོ་མངར་བྲོ།།
ཀླུ་སྨྱོན་ཚིག་ལ་འཚོ་བའི་སྣང་རིས་གསལ།།
ཀླུ་སྨྱོན་གསུང་ལ་བདེན་པའི་ཆ་མཆིས་ན།།
ཀླུ་སྨྱོན་གཏམ་ལ་ཉོན་ཅིག་གངས་ཕྲུག་ཚོ།།
ཀླུ་སྨྱོན་ལགས་ཀྱི་ལག་ཏུ་དེ་འདྲའི་རིགས་ཤིག་འབྲི་རྒྱུ་རག་ན་དགའ་སོང་ནི་རེད་ འོན་ཀྱང་དེ་རིང་གི་སྙན་ངག་ལ་སྣ་ངག་གི་སྒྱུ་རྩལ་མེད་ཀྱང་སྐྱོ་སེམས་དང་དྲང་གཏམ་གྱི་སྒྱུ་རྩལ་འདུག་ བཟང་གི་རྗེས་ཕྱོགས་དེ་འདྲའི་རིགས་ལ་རྒྱུས་ལོན་རེ་བྱས་ནས་བྲིས་ན་ ངེད་ཚང་གི་སྐྲ་རིང་མ་དེ་ཚོར་ཅུང་ཕན་ངེས་ ཧ་ཧ་ཧ་ ཀུ་རེ་ཡིན་
ཀླུ་སྨྱོན་ལགས་དང་བོད་གྲོགས་བཀྲ་ཤིས་ལགས། །
ཁྱོད་ཀྱི་གྲོགས་པོས་གཞོན་མོ་མ་མཐོང་ངམ། །
ཁྱོད་ཀྱི་གྲོགས་པོས་རྒན་མོ་འཛགས་ན་ཡང་། །
རྒན་མོ་སྦུམ་ལྡན་གྱུར་པ་ཡ་མཚན་ཆེ། །
རྒན་མོར་རྒྱུ་དངོས་མེད་པ་དེ་བས་ནོངས། །
རྒན་མོས་རུམ་ནང་གཡུག་སྟངས་བརྒྱ་རྩ་དེ། །
མ་བརྗེད་སྙིང་བཅང་རྒན་མོ་མ་གཡུག་ཅིག །
གལ་སྲིད་རྒན་མོ་གཡུག་པའི་དུས་ཤར་ན། །
རྒད་པོ་ང་ལ་ལོན་ཅིག་ངེས་པར་གྱིས། །
རྒན་རྒོན་ང་གཉིས་ལོ་རྟགས་མཐུན་རེ་ཡོད། །
ང་ཡི་གྲོགས་པོ་བཀྲ་ཤིས་ཚེ་རིང་གི །
མི་ཚེ་བྱུང་བ་མདོར་ཙམ་བརྗོད་པ་འདི། །
ཁ་བ་ནག་པོས་ངལ་བར་མ་འཛེམས་བྲིས། ། ཟེར།།
ངོ་མ་སྐྱོ་ལ་སྐྱོ་བ་སྙིང་ན་དགོས་པ་འདི་འདྲ་རེད་འདུག ཨོ་མ་ནི་པད་མེ་ཧུ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ནས་བྲལ་བར་ཤོག་ཅིག
ཀླུ་སྨྱོན་གྱི་རྩོམ་རིག་ལག་རྩལ་དེས་ངོ་མ་སྙིང་རྗེ་ཡུད་ཐུང་མ་ཞིག་སྐྱེ་བར་ཕན་བྱུང་། ཐུགས་རྗེ་ཆེ།
ཨ་མདོའི་སྐྱ་སྟོང་གསལ་ལེ་རྒྱལ་དེ།
རྡ་སའི་ཁྲོམ་ནས་དབྱིན་མོ་དེད་ནས།
ལྡོམ་མོ་སྨྱོན་མ་ར་བཟི་ཞིག་ལ།
ཆང་ས་བརྒྱབ་ན་མཇུག་འབྲས་དེ་རེད། །
སྐྱེས་པ་ཕོ་ཡི་ལས་ཀ་མི་འཇོན།
པུས་མོ་བཙུགས་ནས་ངུ་སྐད་འཐེན་པ།
དེང་རབས་ཕོ་མོ་འདྲ་མཉམ་གླིང་ན།
ཐབས་གཡོག་ཟས་གཡོག་ཕྱེད་ཀ་ལོས་བྱེད། །
བོད་མོ་ཉམ་ཆུང་གཡོག་མོ་དགོས་ན།
གསལ་ལེ་རྒྱལ་ལ་རག་ཚོད་མི་འདུག
རླུང་འཁོར་ཆེ་ཆུང་བསྐོར་རྒྱུ་མེད་ནོ།
ཕོ་ངན་འཇོན་ཐང་མེད་པས་རྟགས་རེད། །
སྙིང་མ་རྗེ་གདོང་དམར་བོད་པའི་ལས་དབང་། སྲོང་བཙན་སྒམ་པོ་མཁྱེན།
ཡག་པོ་བྲིས་འདུག ཕན་ཐོགས་ཡོང་ངེས་རེད། དེང་སྐབས་ཀྱི་གདོང་དམར་འདི་ལྟར་རང་རེད།
ཁ་བ་ནག་པོ་ན་རེ།
གྲོགས་པོ་ཁྱེད་ཅག་མགོ་སེར་རྒན་མོ་ལ། །
ལྷ་རུ་འཁྲུལ་བའི་འཕྲུལ་སྣང་སྐྱིད་པོ་དེ། །
བཙན་གྱིས་ཕྱིར་ལྡོག་རང་རིགས་བུ་མོ་དང་། །
སྐྱིད་སྡུག་མཉམ་མྱོང་དམ་བཅའི་རི་མོ་ཕྲིས། །
མེ་ཏོག་དཀར་པོ་ན་རེ།
བཀའ་བཞིན་འཚལ་ལོ།།
ཁ་བརྡར་འབྲི་སྟངས་མི་འདྲ་བ་གཉིས།
ལྕགས་རྟ་རྙིང་གོག་གྲང་བའི་རེག་བྱ་ཅན།།
རྐང་འཁོར་རྙིང་གོག་གྲང་བའི་རེག་བྱ་ཅན། །
མདང་དགོང་ཐུག་ལྷག་འཐུང་བཞིན་ངལ་ཞིག་གསོས།།
མདངས་དགོང་ཐུག་ལྷག་འཐུང་བཞིན་ངལ་ཞིག་གསོས།
ཕར་བཤད་དབྱིན་སྐད་མི་དག་ངོ་ཚ་ཞིང་།།
ཕར་བཤད་ཨིན་སྐད་མི་དག་ངོ་ཚ་ཞིང་། །
སྐྱིད་སྡུག་མཉམ་མྱོང་དམ་བཅའི་རི་མོ་ཕྲིས།།
སྐྱིད་སྡུག་མཉམ་མྱོང་དམ་བཅའི་རི་མོ་བྲིས། །
ཁ་བ་ནག་པོས་ངལ་བར་མ་འཛེམས་བྲིས།།
ཁ་བ་ནག་པོས་ངལ་བར་མ་འཛེམས་བྲིས། །
མེ་གསོད་རླངས་འཁོར་དམར་ནག་ཁྲག་གི་མདོག །??????????????
སྤྲུལ་སྐུ་དབང་ཆེན་འབོད་པ་ལགས་གཏམ་དྲང་པོ་སྨྲས་པ་ཡིན་ན་ཡག་པོ་ཡོད་རེད་བསམ་གི། གང་ཡིན་ཟེར་ན་ཁྱོད་མཆན་ཀྱི་ནང་དུ་ཨ་མདོ་ཕོ་གསར་ཞེས་གམིགས་སུ་བཀར་ནས་དྲིས་འདུག། དེང་སང་རྡ་ས་གཙོ་བྱས་ཟ་ལེ་རྒྱལ་འཁྲབ་གི་ཡོད་པ་ཨ་མདོ་གཅིག་པོ་མིན་པར་ཁམས་དང་དབུས་ད་དུང་རྒྱ་གར་ནས་སྐྱེས་པའི་ཕོ་གསར་མ་ཟད་གྲྭ་བ་འགའ་རེ། ལྷག་པར་དུ་སྤྲུལ་སྐུ་ལ་ལར་ཡང་ཡོད་པ་འདོད།
ཡིན་ཡང་ཟ་ལེ་རྒྱ་འཁྲབ་པ་ཡིན་ན་དེ་ལ་སྐྱོན་ཆེན་པོ་ཡོད་ཀྱི་མ་རེད་བསམ་གི། སྔོན་མ་ཞིག་ལ་གོང་ས་མཆོག་གི་ཕྱི་རྒྱལ་མིས་མཉམ་ཏུ་བསྡད་ན་གལ་ཡོད་པ་མ་རེད་ཡིན་ཡང་བོད་རང་གི་རིགས་གཞུང་དང་གོམ་སྲོལ་ཉམས་པ་ཡིན་ན་སྐྱོན་ཡོད་པར་གསུངས་འདུག། བདག་གིས་བསམ་ཡང་དེ་ལ་སྐྱོན་ཆེན་པོ་ཡོད་གི་རེད་བསམ་གི་མི་འདུག། གང་ལྟར་བོད་པ་ཡིན་ཡང་རེད་དབྱིན་ཇི་ཡིན་ཡང་རེད་གཅིག་གིས་གཅིག་ལ་ཡག་པོ་དང་བརྕེ་བ་ཟབ་མོས་ངང་ནས་མི་ཚེ་ཡག་པོ་ཞིག་སོང་ན་འགྲིག་གི་ཡོད་བསམ། བདག་གི་འདིར་བཀོད་པ་དེ་ཆོལ་ཁ་གི་ཕྱོགས་ཞེན་དེ་འདྲ་རྩ་བ་ཉིད་ནས་མིན།
ཨ་ཁ་སྒྲུང་འདི་དག་ཙམ་སྐྱོ་ན་ཡང་།
དགའ་བའི་དུས་ལ་སྐྱིད་པོ་འཛེགས་ཡོད་པས།།
སྡུག་པའི་དུས་ལ་ངན་སྨད་མ་བྱེད་ཅིག།
དགའ་སྡུག་འཁོར་ལོ་སུ་ལ་ཡོད་ཡོད་རེད།
དང་པོ་འབྱོར་མར་དཀའ་ལས་ཡོད་ས་རེད།
བསྡད་ནས་ལོབ་ན་སྐྱིད་པོ་ཡོད་པ་དེ།
ས་སྟེང་འཇིག་རྟེན་མགྲིན་པ་གཅིག་གྲགས་རེད།
དེ་ན་སྡུག་རེས་རྒྱག་བཞིན་སྡུག་ཁ་བཙུམ་ལ་སྡོད།
བླ་མ་ཡིན་ཞིང་མཁྱེད་རྒྱ་མེད་མཁན་ཚོས།
ཁྱོད་ཀྱི་སྡུག་དང་འཇིག་རྟེན་བརྩེ་བ་སོགས།།
ཀུ་རེ་མཐོང་ཆུང་ཁྲོད་ན་གླེང་ཙམ་ལས།།
ཁ་ཞེ་གཉིས་མེད་གྲོགས་ཞིག་ཡོད་མེད་དེ།
བླ་མ་ཀླུ་སྨོན་ཚང་ལ་དོམ་ཞིག་བྱོས།།
མི་ཚེ་ཡར་འགྲོ་ཞིག་ལ་སྐྱིན་རྒྱུ་བྱོས།།
ལྕག་རྟ་ཆག་པོ་གཡུག་སྟེ་རླངས་འཁོར་སྒྲུག།
ཕྱ་ཕྱོགས་ཀུན་ལ་ལས་ཀ་འཚོལ་དུ་ཕྱིན།
སྐྱབས་གསུམ་རྒྱུ་འབྲས་རྩི་བཞིན་རྒན་མོ་རུམ།
ཡལ་བའི་རྣམ་ཤེས་ད་ལྟ་མྱུར་དུ་ཁུག།
ཁྱིམ་མ་སྐྱིད་པའི་འཁོར་བར་བྲོ་ཡོད་པས།།
དགའ་མོ་གཅེས་ལང་ཡང་སེ་ཡང་སེ་ཐོང་།།
ཟླ་དགུར་རུམ་པའི་ཡ་ཆུང་སྙིང་གི་ཚུལ།
ཐག་རིང་རྙེད་པའི་མཐོ་སྒང་རྒད་པོ་གཉིས།།
དབྱིན་མོ་ལས་ངན་མ་ཡི་མགོ་ཐོག་ལ།།
སྡུག་སྡུག་དུས་མཉམ་མ་བྱེད་གསལ་ལེ་རྒྱལ།།
བོད་པའི་བུ་མོ་ཡ་མཚན་གང་ཡང་མིན།
སྐྱེ་པ་འཇོན་པོ་རིག་ན་རྣ་སྡུག་ཡོད།
ཁྱིམ་མཚེ་ཁང་པ་བཟང་ན་རྣ་སྡུག་ཡོད།
གསར་གྱི་རྣ་ལོང་མེད་ན་རྣ་སྡུག་ཡོད།
ལས་ལ་གང་བཀོད་ཡིད་ལ་གང་འཐད་དེ།
མི་རིགས་དབྱེ་བ་སྐྱེ་ཁུངས་མཐོ་དམའ་སོགས།།
གང་དུ་མེད་པར་ཡིད་ཀྱི་དགའ་ས་ནས།།
དགའ་བདེ་སྤེལ་ལ་རོལ་བའི་སྨོན་ལམ་ཡོད།
ཕྱི་ཡུལ་ན་མགོ་སེར་མཉམ་དུ་གཉེན་བསྒྲིགས་ཟིན་པའི་བོད་པའི་སྐྲ་རིང་སྐྲ་ཐུང་རིགས་ཀྱིས་གོང་བཀོད་ཀྱི་ཕོ་གསར་ཁོང་གི་སྐྱེ་བ་ལེན་ཀི་ཡོད། དེ་ནི་གསལ་ལེ་རྒྱལ་འཁྲབ་པའི་མཇུག་འབྲས་ཤིག་ཀྱང་ཡིན།
མགོ་ཡོམ་འཁོར་ཞིང་མིག་ནང་མེ་སྟག་མཆེད།།
སྐར་མ་བཅའ་བཅུར་རྣ་བས་སྒྲ་མི་ཐོས།།
རང་དབང་ལུང་པར་འདི་འདྲ་ཨེ་ཡོད་སྙམ།།
རང་གི་མིག་དང་རྣ་ལ་ཡིད་མ་ཆེས།།
ན་ཟུག་ཆུང་ཙམ་ལ་ཡང་སྨན་ཁང་དུ།།
ཉེན་ཁ་ཆེན་པོར་བརྩིས་ནས་འགྲོ་བྱེད་ན།།
ཆུང་མ་ཁྲག་གི་ནང་དུ་ཉལ་བ་དང་།།
བྱིས་པ་མངལ་ནས་འགག་པར་ཡིད་མ་ཆེས།
ནང་དུ་ཛ་དྲག་ཅི་ལྟར་ཆེ་ན་ཡང་།།
དགོངས་པ་མི་སྟེར་རྩ་དགོངས་ཞུས་ཤིག་ཟེར།།
མི་དགའ་གདོང་པ་གནག་གནག་བྱེད་པ་འདི།།
ཨེ་བདེན་སྙམ་ཞིང་བཤད་པར་ཡིད་མ་ཆེས།།
ལས་མི་རེ་རེར་རང་གི་ཐོབ་ཐང་ཡོད།།
དཔོན་ངན་ཁྲིམས་ལ་སྦྱོར་བའི་ལམ་ཀ་ཡོད།།
གནའ་བོའི་བྲན་བཀོལ་བྱེད་སྟངས་དེང་སྐབས་ཀྱི།།
འཚོ་བར་སྦྱར་ནས་བྲིས་འདིར་ཡིད་མ་ཆེས།།
རང་གི་གྲོགས་པོའི་ལོ་རྒྱུས་ཡིན་སྐད་ཀྱང་།།
དངོས་ཡོད་འཚོ་བར་རྒྱང་ཐག་རིང་བ་འདི།།
རྨོངས་པས་བཟོས་པའི་སྣང་བརྙན་ཟ་ཟི་འདི།།
སྙུག་རྩེའི་རི་མོ་འགོད་སྟངས་འདི་འདྲ་མིན།།
ཡིད་མི་ཆེས་པའི་གནས་ཚུལ་ངོ་མ་འདིས།
བདག་གི་སྨྱུག་རྩེ་སྡོད་དུ་མ་བཅུག་གོ།
འཇིག་རྟེན་འཚོ་བའི་ཁྲོད་ཀྱི་དོན་དངོས་དག།
སྐབས་འགར་ཡིད་མི་ཆེས་སུ་ལྷུང་།།
བདག་ཉིད་བདག་གི་མགོན་ཡིན་ཞིང་།།
བདག་ཉིད་བདག་གི་དགྲ་ཡང་ཡིན།།
བདག་ཉིད་ལེགས་པར་ཐུལ་བ་ན།།
མཁས་པའི་མཐོ་རིས་འཐོབ་པར་འགྱུར།།