—ཆུ་སྐྱེས་སྒྲོལ་མ།
ལོ་གཅིག་ཏག་ཏག་གི་སྔོན་ལ་རེད། སྤྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༢ ཉིན་ངས་༼ངའི་ངོ་དེབ་དང་རྩོམ་ཡིག་ཀློག་མཁན་ཚོར་གསལ་བཤད་ཅིག་ཞུ་རྒྱུར༽ཞེས་པའི་གསལ་བཤད་ཅིག་སྤེལ་བ་ཡིན། དེ་སྦྲེལ་བྱང་ https://www.khabdha.org/?p=81343 འདི་ན་ཡོད། སྦྲེལ་བྱང་འདིའི་སྟེང་ནས་མནན་ན་མཁྱེན་ཐུབ།
དེ་རིང་ཡང་སློབ་གྲོགས་དང་རྩོམ་གྲོགས་ཁག་ཅིག་གིས་ངོ་དེབ་ན་ཁྱེད་རང་གི་མིང་གཅིག་པ་གཞན་ཞིག་ཀྱང་འདུག དེ་ཁྱེད་རང་དང་ནོར་འགྲོ་མཁན་ཡོང་གིན་འདུག་སྟབས། གསལ་བཤད་ཅིག་བྱས་ན་ཡག་ས་རེད་ཅེས་ཤོད་མཁན་བྱུང་། ཁོང་ཚོར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག དེ་རིང་འདིར་རང་ཉིད་ངོ་སྤྲོད་དང་ལྷན་དུ་བསྐྱར་ནན་གྱིས་ཞུ་རྒྱུ་གཅིག་ནི། ངས་ངོ་དེབ་ཏུ་རང་ཉིད་ཀྱི་པར་ངོ་མ་དང་དངོས་མིང་བྲིས་ཡོད།
ང་རང་ནི་རིག་གནས་རབ་འབྱམས་པ་དང་མཐོ་རིམ་རིག་གནས་རམ་འབྱམས་པ་གཉིས་ཀ་སློབ་ཐོན་ཟིན་པ་ཞིག་དང་། ད་ལྟ་བར་དུ། ༼སྤྲིན་བྲལ་ཟླ་བའི་འཛུམ་རླབས༽་ཟེར་བའི་སྙན་ངག་དེབ་ཅིག་དང་། རྡི་ལི་བོད་ཁང་གི་སཾབྷོཊ་ཞིབ་འཇུག་སློབ་ཡོན་ཐོབ་འོག་༼བོད་ཀྱི་བུད་མེད་རིག་པའི་གླེང་བ་༽ཞེས་པའི་དེབ་གཅིག བོད་གཞུང་ཤེས་རིག་ལས་ཁུངས་དང་མཉམ་འབྲེལ་གྱིས་༼ལོ་རྒྱུས་སྟེང་གི་བུད་མེད་གྲགས་ཅན་ངོ་སྤྲོད༽་ཀྱི་དེབ་གཅིག དཔྱད་བརྗོད་རྩོམ་ཡིག་ཕྱོགས་བསྒྲིགས༼དཔྱད་གླེང༽ཞེས་པ་ཞིག་བཅས་བྲིས་མྱོང་། ད་ལྟ་བོད་ཀྱི་བུད་མེད་གྲགས་ཅན་ཞིག་གི་མི་ཚེའི་ལོ་རྒྱུས་རྩོམ་བྲིས་བྱེད་ཀྱིན་ཡོད། གཞན་ཡང་། དབྱིན་ཡིག་གི་ནང་ཡོད་པའི་བྱིས་སྒྲུང་དང་རྒྱལ་ཡུམ་ཆེན་མོའི་སྐུ་ཚེའི་ལོ་རྒྱུས་དབྱིན་ཡིོག་ནས་བོད་བསྒྱུར་བཅས་ཀྱིས་མཚོན་ཡིག་སྒྱུར་གྱི་ལས་ཀའང་གང་ལ་གང་འཚམ་བྱས་མྱོང་བ་ཞིག་ཡིན།
ང་རང་ལ་མཚོན་ན། རང་ཉིད་བུད་མེད་རྩོམ་བྲིས་པ་ཞིག་ཡིན་པའི་སྤོབས་པ་ཡོད་ལ། དེའི་ང་རྒྱལ་ཡང་ཡོད་མཁན་ཞིག་ཡིན། ཡིན་ནའང་། ངས་ཆབ་སྲིད་དང་སྲིད་དོན་གྱི་རྙོག་གླེང་ལ་འབྲེལ་བ་ཡོད་པའི་རྩོམ་ཡིག་གམ། ཡང་ན་རྙོག་གླེང་ཡོང་གཞིའི་རྩོམ་ཡིག་སྤེལ་མ་མྱོང་། ལོ་འགའི་སྔོན་ལ་བོད་ཀྱི་དུས་བབ་དྲ་ཚིགས་ནས་ཟིན་བྲིས་ཟེར་བ་དེ་བཟོས་ནས་ཉར་མྱོང་། དེ་རུ་རྩོམ་ཡིག་ཀྱང་སྤེལ་མྱོང་། དེ་མཚུངས་ང་ལ་ Facebook ངོ་དེབ་ཀྱང་ཡོད། ངོ་དེབ་ཏུའང་སྐབས་སྐབས་སུ་སྙན་ངག་ཐར་ཐོར་རེ་དང་ཟིན་བྲིས་ཐུང་ངུ་རེ་སྤེལ་གྱིན་ཡོད། ང་རང་གི་གྲོགས་པོ་དང་ངའི་ངོ་དེབ་ནས་རྩོམ་ཡིག་ཀློག་མཁན་ཡོངས་ཀྱིས་གསལ་བཤད་འདི་ལ་ཆ་འཇོག་གནང་རོགས། ཁ་བརྡ་དྲ་དེབ་རྩོམ་སྒྲིག་པ་རྣམས་ཀྱིས་སྔ་མོ་ནས་གུས་མོར་ཆེ་མཐོང་གནང་ནས་རྩོམ་ཡིག་ཐད་ཀར་འགོད་པའི་དབང་ཚད་གནང་བྱུང་བ་ལྟར། གསལ་བཤད་འདི་ཡང་རང་མིང་གི་སྟེང་ནས་ཁ་བརྡ་དྲ་ངོས་སུ་ཡར་འཇུག་ཞུས་ཡོད།
༼གསལ་བཤད་ཙམ་ལས་རྩོམ་ཡིག་ལྟ་བུ་མིན་སྟབས། མཆན་འདེབས་ཡུལ་མེད་པ་བྱས་ཡོད༽