འདུས་བྱུང་ཕུན་ཚོགས་ཚེ་རིང་།
པ་སྣམ་སྒ་གདོང་བ་རི་ལྷོ་པ་ཨ་ཞང་དཔལ་ལྡན་རྒྱ་མཚོ་ལགས་ཞེས་ཆུང་བྱིས་པའི་དུས་ནས་རྣ་ལམ་དུ་ཡང་ཡང་གོ་བ་དང་། ཨ་མ་ལགས་ཀྱིས་རྒྱུན་པར་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་དང་། གུས་པའི་སྤོ་བོ་འདུས་བྱུང་བསོད་ནམས་རྡོ་རྗེ་ལགས་རྣམ་པ་གཉིས་བཙོན་ཁང་དུ་བཞུགས་སྐབས་དང་། དེ་ནས་ལས་དོན་རུ་ཁག་ནང་བཞུགས་སྐབས་ཞལ་ལག་ཕུལ་བར་ཡང་ཡང་ཕེབས་མྱོང་ཡོད་སྐོར་གསུངས་མྱོང་།
སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་བཙོན་གྲོལ་ཐེངས་དང་པོ་བྱུང་ཡོད་རུང་། སླར་ཡང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་ཡིག་ཆ་འགྲེམས་སྤེལ་གནང་བ་སོགས་བོད་ཀྱི་རྩ་དོན་ཆེད་ཕྱག་ལས་མང་པོ་གནང་སྟབས། རྗེས་ལ་སླར་ཡང་ལྷ་སར་བཙོན་བཅུག་བྱས། སྐབས་དེ་མཚམས་ལ་ངའི་ཨ་མ་ལགས་ཀྱང་ལྷ་སར་གནས་སྤོ་གནང་ཟིན་པས་བཙོན་ཁང་ལ་དུས་ནས་དུས་སུ་ཞལ་ལག་འབུལ་བར་བཅར་བཞིན་ཡོད།
༡༩༩༣ ལོ་ལ་ཡིན་པ་ཡོད། ཨ་རིའི་རླུང་འཕྲིན་ཁང་བརྒྱུད་དེ་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་ཐུབ་པ་དང་། ལྷག་པར་དུ་བཙོན་ཁང་ནང་བཞུགས་རིང་གི་མྱོང་བ་རྣམས་གཅིག་གཅིག་གཉིས་གཉིས་ཀྱིས་འཛམ་གླིང་མི་དམངས་ལ་ངོ་སྤྲོད་གནང་གི་ཡོད་པའི་གསར་འགྱུར་གོ་སྐབས། ངའི་ཨ་ཞང་ལགས་དང་ཨ་མ་ལགས་སོགས་ཀྱིས་ཐུགས་མཉེས་ཚོར་ཆེན་པོའི་ངང་། ཨ་ཞང་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་བྱས་རྗེས་ཆེན་པོ་བཞག་གནང་སོང་། དེ་འདྲའི་གྱོང་ང་ལ་ཨང། ཞེས་ཡིད་སྨོན་གནང་གི་འདུག
ང་རང་ཡོ་རོབ་ལ་འབྱོར་རྗེས་བལ་རས་དཔལ་ལྡན་རྒྱ་མཚོ་ལགས་ལ་མཇལ་འདོད་ཀྱི་འདུན་པ་ཡང་ཡང་བྱུང་ཡང་ ༢༠༠༣ ལོའི་བར་ཁོང་ལ་འབྲེལ་བ་ཞུ་ཐུབ་མ་སོང་། ལོ་དེར་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ཨ་རིར་ཕེབས་སྐབས་ཤིག་ལ་ངས་ཁོང་ལ་ཞལ་པར་བརྒྱུད་བཀའ་མོལ་ཞུ་རྒྱུའི་སྐལ་བ་བྱུང་། སྐབས་དེ་དུས་བཀའ་མོལ་ཞུས་པའི་ཚིག་འདི་དང་དེ་ཡིན་ཞེས་ད་ལྟ་དྲན་ངོས་ན་གསལ་བོ་མི་འདུག
དེ་རྗེས་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༢ ལ་རྒྱལ་ས་ལྡི་ལི་ནས་ཁོང་ལ་ཕྱག་ཡིག་ཅིག་དང་ཕྱག་རྟགས་ཆུང་ཆུང་ཞིག་མི་ངོ་ཤེས་པ་ཞིག་བརྒྱུད་དེ་ཕུལ་བ་ཡིན། ཟླ་བ་གཅིག་ཙམ་ཕྱིན་པའི་དུས་ཤིག་ཏེ། ༢༠༡༡ ལོའི་སྤྱི་ཟླ་ ༡ པོའི་ཟླ་མགོར་ང་རང་རྡ་རམ་ས་ལར་ཐེངས་དང་པོར་བསྐྱོད་སྐབས་ཁོང་ལ་མཇལ་བཅར་ཞུས། དེ་ནི་ངའི་མི་ཚེའི་ནང་ཨ་ཞང་དཔལ་ལྡན་རྒྱ་མཚོ་ལགས་སུ་མཇལ་བ་ཐེངས་དང་པོ་དེ་ཡིན། སྐབས་དེར་ཨ་ཞང་ལགས་ཀིརྟི་གྲྭ་ཚང་གི་ཉེ་འགྲམ་དུ་ཁང་པ་ཐོག་བརྩེགས་གཉིས་ཅན་ཞིག་གི་ནང་བཞུགས་ཤིང་། ཕྱི་སྒོ་དེར་ལྕགས་དྲ་ཞིག་བརྒྱབ་འདུག ངས་སྒོ་དེ་བརྡུངས་ཞོར་དུ་ “སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས།” ཞེས་སྐད་བཏང་པས། ཅུང་ཙམ་རྗེས་སྐུ་ཞབས་ཁོང་ཁང་མིག་ཅིག་ནས་ཕྱི་ལ་ཕེབས་ཞོར་ “ཝ་ཡེ་སུ་ཡིན་པ།”ཞེས་བཀའ་འདྲི་གནང་བྱུང་།
ངས་ང་རང་ངོ་སྤྲོད་ཐུང་ངུ་ཞིག་བྱས་པ་དང་། ཁོང་ཡང་ཐོག་སོ་དང་པོར་ཕེབས་ནས་སྒོ་ཕྱེས་བྱུང་། ཁོང་བཞུགས་སའི་ཁང་མིག་ཚང་མ་གཙང་སྦྲ་ལེགས་ཤིང་། བཞུགས་གནས་སྤྲོ་མདོག་ཁ་པོ་ཞིག་ཡོད་པ་ད་ལྟའང་བློ་ངོར་ཧ་ཅང་གསལ་ལེར་འདུག ཁོང་གིས་ “ཁྱེད་རང་འདུས་བྱུང་ཕུན་ཁང་གི་ཨ་ནི་ཟླ་སྒྲོན་ལགས་ཀྱི་བུ་ཆུང་ཤོས་དེ་ཡིན་པས” ཞེས་བཀའ་འདྲི་གནང་མགོ་བཙུགས་བྱུང་། ང་རང་རྨོ་རྨོ་ཟླ་སྒྲོན་ལགས་ཀྱི་བུ་མོའི་བུ་ཡིན་པ་གསལ་བཤད་དང་མཉམ་དུ་གནས་ཚུལ་མང་པོའི་ཐོག་གླེང་མོལ་ཞུས་ཤིང་། དེ་སྔ་༢༠༠༣ ལོར་ངས་ཁོང་ལ་ཞལ་པར་བརྒྱུད་བཀའ་མོལ་ཞུས་པ་དེ་ནི་ཁོང་གིས་ཐུགས་དྲན་རྩ་བ་ནས་སོས་གནང་གི་མི་འདུག ཁོང་དེ་སྔོན་རྗར་མེ་ནི་ལ་བོད་དོན་ཁྱབ་བསྒྲགས་དང་། ཁོང་གི་མི་ཚེའི་མྱོང་བ་ངོ་སྤྲོད་གནང་བར་ཕེབས་སྐོར་གསུངས་ཤིང་། མི་སུ་དང་སུས་ཁོང་ལ་གཟིགས་རྟོག་ཡག་པོ་གནང་ཡོད་མེད་སྐོར་གསལ་པོར་གསུངས་སོང་། ཁོང་གི་མི་ཚེའི་མཛད་རྣམ་དེ་རྒན་ཚེ་རིང་ཤཀྱཱ་ལགས་ཀྱིས་ཡི་གེར་ཕབ་གནང་ཡོད་པའི་བརྒྱུད་རིམ་དང་། དེ་རྗེས་དེབ་དེ་འགྲེམས་སྤེལ་ཟིན་རྗེས་དང་། ད་བར་གྱི་བྱུང་རིམ། ཕྱག་དངུལ་རྣམས་ཇི་ལྟར་བེད་སྤྱོད་གནང་གི་ཡོད་མེད་སོགས་ཞིབ་ཅིང་ཕྲ་བར་གསུངས་ཞོར། ད་ཆ་བོད་ཡིག་ནང་བོད་ཀྱི་དཔེ་མཛོད་ཁང་ནས་འགྲེམས་སྤེལ་གནང་ཡོད་སྐོར་གསུངས་ཤིང་། ང་ལ་ཡང་བོད་ཡིག་གི་དཔར་ཕུད་གཅིག་གནང་བྱུང་། དེ་མིན་ང་ཚོའི་ཁྱིམ་ཚང་སྐོར་ལ་བཀའ་མོལ་གནང་བ་དང་། འདས་པོ་དག་གི་སྐོར་གསུང་སྐབས། སྙིང་རྗེ། སྙིང་རྗེ། ཡང་ཡང་གསུངས་ཤིང་། ངས་ངའི་སྤོ་བོ་འདུས་བྱུང་པ་བསོད་ནམས་རྡོ་རྗེ་ལགས་བཙོན་དུ་བཞུགས་སྐབས་སྐོར་བཀའ་འདྲི་ཞུས། ངའི་སྤོ་ལགས་ ༡༩༥༩ ནས་ ༡༩༧༧ ལོའི་བར་དུས་ཡུན་ལོ་བཅོ་བརྒྱད་བཙོན་དུ་བཞུགས་དགོས་བྱུང་ཡོད་ལ། བཙོན་གྲོལ་ཐོབ་རྗེས་ཆབ་སྲིད་གྲོས་ཚོགས་གནང་ཞུགས་ན་ལས་གནས་སྤྲད་དེ་གླ་ཕོག་འབུལ་རྒྱུ་ཡིན་སྐོར་ཞུས་འདུག་ཀྱང་། ཁོང་གིས་རྩ་བ་ནས་ཐུགས་མོས་གནང་མི་འདུག “སྡེ་དྲུང་ལགས་ཁོང་ནི་མི་བློ་ཁོག་ཆེན་པོ་དང་བློ་རྩ་བརྟན་པོ་ཡོད་པ་མ་ཟད། ཕྱག་ཡིག་ཀྱང་ཡག་པོ་ཡོང་།”གསུངས་ཞོར་དུ་ཕྱག་ཏུ་ཕྲེང་བ་བཟུང་སྟེ། “སྙིང་རྗེ། ཁོང་དང་ང་གཉིས་ནོར་བུ་ཁྱུང་རྩེར་ ༡༩༥༩ ལོར་བཙོན་ལ་བཅུག་པ་དང་པོའི་གྲས་རེད། ཁོང་འདུས་བྱུང་རྫོང་གི་ཕྱག་ལས་གནང་ཙང་རྒྱལ་རྩེར་འཁྲིད་སོང་། ཕེབས་ཁར་ཁོང་གི་སྐེ་རུ་གཟི་དང་གཡུ་བཅས་ཀྱི་འགུལ་རྒྱན་ཞིག་བཏགས་ཡོད་པ་དེ་གནང་སྟེ། ཨོ་ལགས་སྐུ་ཞབས། འདི་ཟླ་སྒྲོན་ལགས་ལ་འཕྲོད་པ་གནང་རོགས་གསུངས་བྱུང་། ཉིན་ཞིག་ཨ་ནི་ཟླ་སྒྲོན་ལགས་ནོར་ཁྱུང་དུ་ང་ལ་ཐུགས་པར་ཕེབས་སྐབས། འགུལ་རྒྱན་དེ་ཕྱི་རོལ་གྱི་ལམ་ཁར་གཡུགས་ཏེ་ད་དེ་བྱོས་ཞུས་པར། ཨ་ནི་ལགས་ཁོང་གྲུང་པོ་ཡོད་པས་དེ་བསྣམས་ཏེ་མགྱོགས་པོར་ཕེབས་སོང་།” སོགས་སྔ་རྒྱུད་ད་རྒྱུད་ཞུས་ནས་ཉིན་དེ་ཡང་བློ་ཚིམ་པོའི་ངང་རྫོགས་པར་བྱས། ང་སྐབས་དེར་ཉིན་ཤས་རྡ་སར་སྡོད་རིང་སྐུ་ཞབས་ཁོང་གིས་ངེས་པར་དུ་ཕྱི་ལ་ཞལ་ལག་ལ་མཉམ་བཅར་དགོས་པ་གསུངས་ཏེ། ཉིན་ཞིག་ང་རང་དགའ་པོ་ཡོད་པའི་ཤ་མོག་བཟའ་རྒྱུའི་ཟ་ཁང་ཞིག་ལ་འཁྲིད་གནང་བྱུང་།
ང་རང་ཡོ་རོབ་ལ་འཐོན་རྒྱུའི་ཉིན་དེའི་སྔ་ཐོག་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ལ་བཅར་རྒྱུའི་དུས་བཅད་བྱས། སྐབས་དེར་རྡ་རམ་ས་ལའི་ཁུལ་དུ་ལོ་གསར་ལ་གྲ་སྒྲིག་བྱེད་བཞིན་འདུག་སྟབས་སྐུ་ཞབས་ཁོང་ལ་ལོ་གསར་གྱི་ཕྱག་རྟགས་མཚོན་ཆེད། གྲོ་ཞིབ་དོ་པོ་གཅིག་དང་འབྲས་དོ་པོ་གཅིག ཇ་རྡ་ཚན་གཅིག་དང་། མར་དང་ཚ་སོགས་ཉོས་ཏེ་ཕུལ་བར་བཅར་བ་ཡིན། ཉིན་དེར་སྐུ་ཞབས་ཁོང་གི་སྐུ་མགྲོན་ཁང་ངམ། གཟིམས་ཤག་ཆུང་ཆུང་དེར་གསོལ་ཚོགས་ཤིག་གྲ་སྒྲིག་གནང་སྟེ། ཇ་མངར་མོ་ཇ་དམ་གང་དང་། ཞལ་ཀར་གཉིས་གྲ་སྒྲིག་ཨང་གསར་གནང་འདུག་པ་དང་། གསོལ་ཅོག་སྟེང་དུ་ཤིང་སྒྲོམ་ནང་མཇལ་དར་ཨ་ཤེ་དཀར་གཙང་ཞིག་སྒྲིལ་ཞིང་། བོད་དངུལ་རྒྱ་ལོར་གཅིག་ཡང་བོད་བཟོའི་ཤོག་བུའི་ནང་སྒྲིལ་འདུག ད་དུང་། ཤིང་སྒྲོམ་དེའི་ནང་བོད་ཀྱི་དངུལ་ལོར་ལས་སྒྲུབ་པའི་ཀྲམ་ཀ་གཅིག་གྲ་སྒྲིག་གནང་འདུག སྐབས་དེར་ཁོང་གིས་མཉེས་ཚོར་ཆེན་པོས། “ད་ཁྱེད་རང་ས་ཐག་རིང་པོར་འཐོན་འགྲོ་ཡི་ཡོད་པ་རེད། ངའི་སེམས་པའི་མཚོན་བྱེད་ཙམ་དུ་ལག་རྟགས་འདི་གྲ་སྒྲིག་བྱས་པ་ཡིན། ཁྱེད་རང་མ་འོངས་པར་མི་ཚེ་ཕུན་སུམ་ཚོགས་པ་དང་། བོད་སྤྱི་བའི་དོན་ལ་ལས་ཀ་བྱས་ཏེ། ༧རྒྱལ་བ་དོན་གྱི་བདག་པོའི་དགོངས་དོན་བསྒྲུབ་རྒྱུར་ཞབས་ཕྱི་ཞུ་ཐུབ་མཁན་ཞིག་ཡོང་བའི་རྟེན་འབྲེལ་སྒྲིག་གི་ཡོད། ང་ལོ་རྗེས་མར་ཨ་རི་ལ་འཕྲོད་བསྟེན་ཆེད་འགྲོ་རྒྱུ་ཡིན། དེ་ནས་གཡུ་སྤུད་དག་པ་ཞིག་བསྐུར་ཡོང་ཆོག གཡུ་དེ་བླ་གཡུ་བྱོས་ཨ་བུའོ།” ཞེས་གསུངས་ཞོར་དུ་སྔོན་ལ་གསོལ་ཇ་ཞལ་དཀར་གང་ང་ལ་གནང་རྗེས། མཇལ་དར་དཀར་གཙང་དེ་ངའི་འགུལ་ལ་གཡོག་སྟེ་དཔྲལ་བ་གཏུག་བྱུང་། གནང་སྟངས་སྙིང་རྗེ་བོ་འདི་འདྲ་བྱུང་བ་ཐེངས་དང་པོ་ཡིན་སྟབས། ད་དུང་ཡང་བློ་ཡུལ་དུ་ཁ་སང་བྱུང་བའི་གནས་ཚུལ་ལྟ་བུར་བག་ལ་ཆགས་འདུག
དེ་ནས་བཟུང་ངས་ཁོང་ལ་ཞལ་པར་ཕུལ་བ་དང་། ཕྱག་ཡིག་ཕུལ་བ་སོགས་འབྲེལ་བ་དེ་བར་མ་ཆད་པར་གནང་ཐུབ་པ་བྱུང་སོང་ལ། ཁོང་ལ་དབང་བའི་ཞལ་པར་ཞིག་མེད་རུང་། ཚན་ཉིད་གྲྭ་ཚང་གི་སྐུ་ཞབས་བློ་བཟང་ཆོས་འཕགས་ལགས་བརྒྱུད་བཀའ་མོལ་ཡང་ཡང་ཞུ་ཐུབ་ལ། སྐབས་རེར་གསར་འགོད་པ་པད་མ་འཕྲིན་ལས་ལགས་བརྒྱུད་དེ་འཕྲིན་ཡིག་ཀྱང་ཕུལ་ཡོད།
༢༠༡༤ ལོ་ཙམ་ལ་ཡིན། འཇར་མན་ལ་གནས་འཁོད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བརྒྱུད་བརྙན་ཕབ་ནང་ཁོང་གིས་ང་ལ་ལྗགས་ལན་ཞིག་གནང་ཡོད་སྐོར་མཛོ་དགེ་ལགས་བརྒྱུད་ལན་དེ་འབྱོར་བྱུང་ལ། རྗེས་སུ་ཞལ་པར་བརྒྱུད་བཀའ་མོལ་ཡོང་སྐབས་བརྙན་དེ་འབྱོར་ཡོད་མེད་སྐོར་ཡང་ཡང་བཀའ་འདྲི་གནང་བྱུང་མོད། ང་ལ་ལག་སོན་བྱུང་མེད་སྟབས་འགན་འཛིན་ཁོང་ལ་ཡིག་ཐོག་ནས་ཐེངས་མང་འབྲེལ་བ་བྱས་པ་དང་། ཁོང་ལ་ཐད་ཀར་ཁ་པར་བརྒྱུད་སྐད་ཆ་དྲིས་ཀྱང་། ལས་ཀ་མང་བས་བརྙན་དེ་ག་པར་ཡོད་མེད་ལབ་རྒྱུ་མི་འདུག་ཟེར། དོན་དངོས་ཐོག་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་རེ་བ་དྲག་པོ་བཅོལ་བའི་བརྙན་ཐུང་དེ་ང་ལ་ད་ལྟ་བར་རག་མེད།
༢༠༡༡ ནས་ ༢༠༡༨ ལོའི་བར་ལས་དོན་ཆེད་གནས་མཆོག་རྡ་རམ་ས་ལར་ཐེངས་མ་གཉིས་བཅར་མྱོང་ཡང་ཐེངས་མ་གཉིས་ཀར་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་སྐུའི་འཕྲོད་བཞེས་ཆེད་ཨ་རི་ལ་ཕེབས་པ་རྐྱང་དང་དུས་ཚོད་འཁེལ་སོང་།
ཐེངས་ཤིག་ང་ས་འོག་མེ་འཁོར་འགྲོ་བཞིན་པའི་སྐབས་ཤིག་ལ་ཁ་པར་ནང་སི་པན་རྒྱལ་ཁབ་ཀྱི་ཁ་པར་ཨང་གྲངས་ཤིག་འབྱོར་བྱུང་། བཀའ་མོལ་ཞུ་སྐབས། “ང་ཐུབ་བསྟན་དབང་ཆེན་ཡིན། ཁྱེད་རང་གི་སྐུ་མཆེད་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་ཁྱེད་རང་ལ་བཀའ་མོལ་ཞུ་དགོས་གསུང་གི་འདུག ” ཅེས་གསུངས་བྱུང་། ༢༠༡༤ ཟླ་ ༢ པའི་ནང་ཡིན་པ་ཡོད། སྐབས་དེར་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་སི་པན་ཁྲིམས་ཁང་ལ་གཏུག་བཤེར་བྱེད་པར་གདན་འདྲེན་ཞུས་པའི་སྐབས་ཤིག་རེད། དེ་དུས་ཉིན་གཉིས་རིང་སི་པན་དུ་བཅར་ཅིང་། སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་དང་ལྷན་དུ་ཁང་མིག་གཅིག་ནང་ཉལ་རྒྱུ་བྱུང་། ཉལ་ཁར་ཁོང་གིས་ “ བུ། ང་གཉིད་ཁུག་ཚར་རུང་སྐབས་རེར་སྐད་ཅོར་ཁྱད་མཚར་འདྲ་རྒྱབ་ཡོང་། ཁྱེད་རང་ཞེད་དགོས་པ་མ་རེད། ང་ཚོར་བཙོན་ཁང་དུ་སྡུག་པོ་ཞེ་དྲགས་བཏང་ཡོད་སྟབས་སྐབས་དེའི་བག་ཆགས་ཡིན་པ་འདྲ།” ཞེས་གསུངས་བྱུང་། ད་དུང་ཁོང་གིས་ “ ད་ཆ་ང་ཀིརྟི་གྲྭ་ཚང་ལ་སྤོས་ཡོད། ཀིརྟི་གྲྭ་ཚང་དང་། ཀིརྟི་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཆེན་པོ་ཞེ་དྲགས་ཡིན། ངས་ཀིརྟི་རིན་པོ་ཆེ་མཆོག་ལ་སྐྱབས་འཇུག་ཞུས་པ་ལྟར། རིན་པོ་ཆེ་མཆོག་གིས་གྲྭ་མང་ལ་ཚོགས་བསྡུ་བསྐོངས་གནང་སྟེ་ང་རང་ཀིརྟི་གྲྭ་ཚང་ལ་ཟླ་སྒྲིལ་བཏང་ན་འོས་མིན་གྲོས་བསྡུར་གནང་སྐབས། གྲྭ་པ་ཚང་མས་འགྲིག་དང་འགྲིག་གསུངས་ནས་ཐག་གཅོད་གནང་བ་རེད། དེ་ནས་ངའི་ཁང་པ་དེའང་ཀིརྟི་གྲྭ་ཚང་ལ་ཕུལ་བ་ཡིན། ང་མ་ཤི་བར་ཀིརྟི་གྲྭ་ཚང་ནས་ལྟ་རྟོག་གནང་གི་རེད། ང་རང་ལ་ཤག་ཆུང་ཆུང་ཞིག་འདེམ་དུ་བཅུག་བྱུང་། ད་་སྐྱིད་པོ་ཞེ་དྲགས་ཡོད། བུ།” ཞེས་སོགས་གསུངས་བྱུང་། སི་པན་བོད་ཁང་གི་དབུ་འཛིན་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱི་གཟིམས་ཤག་ཏུ་ངས་བལ་རས་ཨ་ཞང་དཔལ་ལྡན་རྒྱ་མཚོ་ལགས་མཇལ་བ་མཐའ་མ་དེ་ཡིན། སྐབས་དེར་ཁོང་ལ་ཞལ་མཇལ་མཐའ་མ་དེ་ཆགས་རྒྱུ་ཡིན་པ་དྲན་པའི་ཡུལ་དུའང་མེད་ལ། དེའི་རྗེས་སུའང་དེ་ལྟར་དྲན་མྱོང་མེད།
ད་ལོའི་སྤྱི་ཟླ་དགུ་པར་ང་སླར་ཡང་རྡ་རམ་ས་ལར་བཅར་སྐབས་ཨ་ཞང་ལགས་མཇལ་རྒྱུ་རེད་བསམ་ནས་འབྲེལ་བ་ཞུས་སྐབས་ཁོང་ཨ་རིར་ཕེབས་ཚར་འདུག སྐུ་ཞབས་བློ་ཆོས་འཕགས་རྡ་སར་མེད་པ་ནས་བཟུང་ང་དང་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་བར་གྱི་ཞལ་པར་ཐོག་གི་འབྲེལ་བ་ཧ་ཅང་ཉུང་དུ་ཕྱིན་སོང་མོད། ཡིད་ཀྱི་འབྲེལ་བ་དེ་སྔར་བཞིན་ཧ་ཅང་དམ་ཟབ་ཏུ་གནས་ཡོད།
ཉེ་ལམ་སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་དྲྭ་ལམ་ཁག་ནང་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་སྐུ་གཟུགས་ཧ་ཅང་ཛ་དྲག་ཆགས་ཡོད་པའི་གནས་ཚུལ་འཐོན་མགོ་བཙུགས་སོང་། དེ་མ་ཐག་སྤྱི་མཐུས་དོན་འགྲུབ་བཀྲ་ཤིས་ལགས་ལ་དེ་སྔོན་སྤྱི་ཟླ་དགུ་པར་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ལ་ཅ་ལག་ཅིག་འབུལ་རྒྱུ་བཅོལ་ཡོད་པ་དེ་འཕྲོད་ཡོད་མེད་སྐད་ཆ་དྲིས་སྐབས། ཉིན་དེར་ཁོང་རང་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་སྐུ་མདུན་དུ་བཅར་འདུག་པ་མ་ཟད། ཁོང་གིས་ཉིན་དེར་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་དང་ངེད་གཉིས་བར་བཀའ་མོལ་བྱུང་ཐབས་སུ་ལག་ཐོག་ཁ་པར་བརྒྱུད་ང་ལ་ཐེངས་ཁ་ཤས་ལ་འབྲེལ་བ་གནང་འདུག་ཀྱང་། སྐབས་དེར་ངས་མི་གཞན་ཞིག་དང་སྐད་ཆ་ཤོད་བཞིན་པའི་སྐབས་དང་ཁེལ་ཏེ་འབྲེལ་བ་མཐུད་ཐུབ་མི་འདུག ཆུ་ཚོད་གཅིག་ཙམ་རྗེས་ངས་ཧ་གོ་མ་ཐག་ཁོང་ལ་ཕར་འབྲེལ་བ་ཞུས་སྐབས་དོན་འགྲུབ་བཀྲ་ཤིས་ལགས་ཕྱིར་ཁོང་རང་གི་གཟིམས་ཤག་ཏུ་ཕེབས་ཟིན་འདུག འོན་ཀྱང་། དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་ཉིན་དེར་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ལ་མཇལ་སྐབས། ཁོང་གཉིས་བར་གླེང་མོལ་ཅི་བྱུང་སྐོར་ཚིག་ཐོར་བཀོད་དེ་ང་ལ་བསྐུར་བྱུང་།
ཚིག་ཐོའི་ནང་འདི་ལྟར་བཀོད་འདུག “༄༅།། གྲོགས་ཕུན་ཚོགས་ལགས། ང་དེ་རིང་ཕྱི་དྲོར་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་སུ་ཐུག་ཏུ་ཕྱིན་པ་ཡིན། ཁྱེད་ཀྱི་དངོས་པོ་དེ་ཕུལ་ཟིན། བཞུགས་ཤག་དང་ཉལ་ས་སོགས་ཡག་པོ་འདུག ཧ་ཅང་གཙང་མ་འདུག འགྲོ་སྐྱོད་དེ་ཙམ་ཐུབ་ཀྱི་མེད་པ་འདྲ། ཀིརྟི་གྲྭ་ཚང་གི་དགེ་འདུན་པ་ཚོས་རེས་སྐོར་ནས་ཞབས་ཞུ་གནང་གི་འདུག ང་ཕྱིན་སྐབས་ནང་དུ་ལོ་ ༦༠ ཡས་མས་ཀྱི་ཁྱོ་ཤུག་གཉིས་དང་བུ་མོ་གཅིག གྲྭ་བ་རྒན་པ་གཅིག་བཅས་དང་བཀའ་མོལ་གནང་བཞིན་འདུག རྒན་ལགས་ཉལ་སའི་ནང་རྒྱབ་བསྙེས་ཏེ་བཞུགས་འདུག གཟུགས་པོ་ཧ་ཅང་སྐམ་པོ་ཆགས་འདུག་ཀྱང་རྣམ་རིག་གསལ་བོ་ཡོད་པར་མཐོང་སོང་། དེ་རིང་སྔ་དྲོར་གསར་འགོད་པ་ཁག་གཉིས་ལ་བཀའ་མོལ་གསུངས་ཡིན་ས་རེད།
རྒན་ལགས་ཀྱི་བཀའ་མོལ་གྱི་སྙིང་དོན་ནི། ཕུན་ཚོགས་ཚེ་རིང་ངའི་སྤུན་རྒྱ་ཡིན། ཁོང་མི་ཡག་པོ་དང་འཇོན་པོ་ཡོད་རེད། སློབ་སྦྱོང་ཚད་མཐོ་བོ་རེད། ཁོང་གི་སྐྱེས་དམན་ཕྱི་རྒྱལ་རེད། ཕྲུ་གུ་གཉིས་ཡོད་རེད། ང་ལ་ཐུགས་ཁྲལ་གནང་མི་དགོས་ལབ་རོགས། བོད་སྤྱི་བའི་དོན་ལ་ལས་ཀ་ཡག་པོ་གནང་རོགས། ཤུགས་རྒྱག་རོགས། ཕྲུ་གུ་ལ་སློབ་སྦྱོང་ཡག་པོ་སྤྲོད་དགོས། ང་ལ་དཀའ་ངལ་གཞན་གང་ཡང་མི་འདུག་གསུངས་རོགས། ཀིརྟི་གྲྭ་ཚང་གི་ངོས་ནས་ང་ལ་ཧ་ལས་པ་ཡག་པོ་གནང་གི་འདུག ང་ད་ལྟ་ལོ་ ༨༩ ཡིན། ངའི་ནད་གཞི་མཆིན་སྐྲན་(liver cancer)རེད། སྨན་ཁང་དུ་ཕྱིན་ཏེ་བཅོས་ཐབས་ཡོད་པ་མ་རེད། ང་ཤི་རྒྱུར་ཞེད་སྣང་འཚེར་སྣང་གང་ཡང་མེད། ཅེས་སོགས་གསུངས་སོང་།
རྒན་ལགས་ཀྱི་ཞབས་ཞུ་བ་ཀིརྟི་གྲྭ་ཚང་གི་གྲྭ་བ་ཞིག་གིས་བརྗོད་པ་ལྟར་ན། རྒན་ཨ་རི་ལ་མ་སོང་སྔོན་ནས་ན་བཞིན་ཡོད་ས་རེད། ཨ་རིར་ཕྱིན་ཏེ་ན་ཚ་སྡུག་ཏུ་ཕྱིན་ཡོད་འདུག ༢༠༡༨།༡༠།༢༨ ཡས་མས་ཤིག་ལ་ཨ་རི་ནས་རྒྱ་གར་དུ་ལོག་ཡོད་པ་དང་། ༢༠༡༨།༡༡།༡༠ ཡས་མས་ཤིག་ལ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་འདུག རྒན་ལགས་ཀྱིས་རྩམ་ཐང་ཏོག་ཙམ་རེ་མ་གཏོགས་ཞལ་ལག་མང་པོ་མཆོད་ཀྱི་མི་འདུག་ཟེར། བོད་སྨན་མཆོད་ཀྱི་ཡོད་པ་དང་ན་ཟུག་སོགས་ཀྱི་དཀའ་ངལ་ཆེན་པོ་ཡོད་ས་མ་རེད། དོན་འགྲུབ་བཀྲ་ཤིས་ནས།” ཞེས་ཁ་གསལ་དོན་བསྡུས་ཤིག་འཁོད་འདུག
དེ་ནས་རྒན་པད་མ་འཕྲིན་ལས་ལགས་ལ་ཡིག་འབྲེལ་ཞུས་ཤིང་། སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ལ་ཞལ་པར་བརྒྱུད་བཀའ་མོལ་འཁྱུག་ཙམ་ཞུ་འདོད་པའི་རེ་བསྐུལ་ཞུས་པ་ལྟར་ཁོང་གིས་ཞལ་པར་ཨང་གྲངས་གཉིས་གནང་བྱུང་བས་ཐེངས་མང་འབྲེལ་བ་བྱས་ཀྱང་མངོན་འགྱུར་བྱུང་མ་སོང་སྟེ། ད་རང་ཞོགས་པ་རྒན་པད་མ་འཕྲིན་ལས་ལགས་ཀྱིས་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་སྐུ་གཤེགས་སོང་བའི་གནས་ཚུལ་དེའི་སྐོར་ཕྱག་ཡིག་ཞིག་གནང་བྱུང་།
ང་དང་བ་རི་ཨ་ཞང་དཔལ་ལྡན་རྒྱ་མཚོ་ལགས་བར་གྱི་འབྲེལ་བ་དང་། ད་བར་ཁོང་གིས་ང་ལ་བརྩེ་བ་དང་། སློབ་གསོ་གནང་བ་རྣམས་ལྷང་ལྷང་དྲན་ཞོར་མཆོད་གཤོམ་མདུན་དུ་མཆོད་མེ་གསུམ་ཕུལ་ཞིང་། ལག་གཉིས་ཀྱི་ཐལ་མོ་སྙིང་ཁར་སྦྱར་ཏེ་དཀོན་མཆོག་གསུམ་ལ་སྨོན་ལམ་ཕུལ་བ་དང་། སོ་སོའི་དྲན་ལམ་ན་སྐུ་ཞབས་ཁོང་གི་བློས་གཏོང་ནི་དེ་འདྲའི་གཟི་བརྗེད་དང་ལྡན་པ་ལ་ཨང་། འོན་ཀྱང་དམ་པ་ཁོང་གིས་ཀྱང་རང་གི་ཕ་ཡུལ་སླར་ཡང་མཇལ་བའི་སྐལ་བ་བྱུང་མ་སོང་བསམ་ནས་སྐྱོ་གདུང་གི་དབུགས་རིང་ཞིག་གཏོང་དགོས་བྱུང་།
༢༠༡༨།༡༡།༣༠ ཉིན་ལས་ཤག་དུ་བྲིས།
ཞིང་གཤེགས་དམ་པ་རྒྱལ་གཅེས་དཔའ་བོ་དཔའ་ལྡན་རྒྱ་མཚོ་མཆོག་སྐུ་ཚེའི་ཕན་པ་རྫོགས་པར་མྱ་ངན་དང་གུས་འདུད་ཞུ།
རྒྱལ་ཁབ་མི་རིགས་རྩ་དོན་ཆེད་དུ་མི་ལོ་སོ་གསུམ་རྒྱ་བརྩོན་ལྷག།
ཕོ་རྒོད་དཔལ་རྒྱལ་བརྩོན་གྲོལ་ཐོབ་ནས་འཕགས་ཡུལ་ཕེབས།
འཛམ་གླིར་རྒྱལ་ཁབ་ཡོངས་ལ་བོད་མིའི་དཀའ་སྡུག་ངོ་སྤྲོད་གནང།
རྒྱ་ནག་གཞུང་གི་བོད་མིར་འཛིན་པའི་ཀླ་ཀློའི་བྱ་སྤྱོད་དེབ་ཏུ་བཀོད།
གངས་ཕྲུག་ཁྱེད་ཀྱི་མཚན་དང་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ།
གངས་སེང་དཀར་པོའི་གཡུ་རལ་ངོམས་བཞིན་འཇིག་རྟེན་འདི་ནས་ཁ་བྲལ་ཡང།
ཇི་སྲིད་སྐལ་བ་མ་སྟོང་བར་དུ་གངས་ཅན་མགོན་པོའི་རྗེས་འཛིན་ཤོག།
ལྷག་བསམ་དཀར་པོའི་ཕུལ་བའི་གཏམ་འདི་ཁྱེད་ཀྱི་དགོང་པར་མཐུན་པ་ཤོག།
ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་་་་་ཧྲི་་་་་་་་་་་་་་་་་་་་་་་་་ཧྲི་་་་་་་་་་་་་་་་་་་་་་་ཧྲི།
Francisca van Holthoon ཟེར་བའི་ཧོ་ལན་ཌིའི་བུད་མེད་དེ་མེད་ན། སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་གནས་ཚུལ་ཕྱི་ལ་གསལ་བསྒྲགས་བྱེད་མི་ཐུབ་པ་ལྟ་བུ་རེད་འདུག བུ་མོ་དེས་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ཐུག་ནས། ཁོང་ཡོ་རོབ་ལ་གདན་འདྲེན་ཞུས། གཞི་ནས་བོད་གཞུང་ནས་ཁོང་ལ་ཁ་ཡ་བྱས་འདུག
དང་ཐོག་ཁོང་བོད་ནས་འབྱོར་རྗེས། རྒྱལ་བ་རིན་པོ་ཆེ་གཅིག་པུས་མ་གཏོགས་ཡ་བྱེད་མཁན་རག་མི་འདུག ཞིབ་ཕྲའི་གནས་ཚུལ་འདིར་གཟིགས་དང་།
https://www.tibetsun.com/features/2018/12/06/remembering-palden-gyatso?fbclid=IwAR0tmpDA1D3Hs1I-GTPv_m4j6GwhTu08MjGX_aU6EK7uxsWaw4YG1pa5cgk