ནག་ཆུ་ཀུན་དགའ།
༼༡༽
ཡར་ཆབ་ཕུ་མདའ་ལྷོ་བྱང་བསྐྱེད་བསྲིངས་གདོང་དམར་བོད་ཀྱི་ཁྱིམ་གཞི་བསྐྲུན།།
རྟ་རྒོད་རྨིག་པས་ས་ཆེན་བརྡུངས་ཏེ་སུམ་གཉིས་འཛིན་མའི་དཀྱིལ་འཁོར་བཟུངས།།
མེ་རི་འབར་བའི་དམག་གི་དར་ལྕེ་བཀྲ་ཤིས་མཁར་གྱི་ཁྲི་སྒོར་བསྐྱོད།།
མཐུ་ལྡན་བཙན་པོའི་བཀའ་ལུང་བསྒྲགས་ཏེ་དཔའ་རྒོད་དཔུང་པའི་བག་མ་བསུས།།
སྟོང་སྡེ་དྲུག་ཅུའི་རུ་ཕྲེང་སྟར་ཏེ་ཟླུམ་གཟུགས་གོ་ལའི་ལྟེ་བ་བསྐོར།།
སྟོང་བཙན་ཁྲོས་པའི་རྣོ་དབལ་མཚོན་གྱིས་གྲུ་གུའི་སྤྱི་བོའི་གཙུག་ཏོར་ཕྲལ།།
ཁྲོ་ཆུ་བཞུས་མའི་ལྕགས་ཀྱི་ཀ་བ་གངྒའི་འགྲམ་ན་གནམ་དུ་བསླངས།།
རུ་བཞིའི་དམག་གིས་སྐད་སྒྲ་བསྒྲགས་པས་དཀར་ནག་རྒྱ་ཡི་སྙིང་རྩ་འདར།།
རིན་ཆེན་གསེར་གྱི་ཕྱེ་མ་སྤུངས་ཏེ་རྣམ་གསལ་མཁས་པའི་བློ་གྲོས་ཉོས།།
དབྱངས་གསལ་ཉི་ཟླའི་ཕྲེང་བ་བསྒྲིགས་ཏེ་ཉེར་དགུའི་རྨོངས་པའི་སྨག་རུམ་བཅོམ།།
ལྔ་ཟུང་ལྷ་ཆོས་དགེ་བའི་ཁྲིམས་བཅས་བདེ་སྐྱིད་མཁར་གྱི་བཙན་རྫོངས་བརྩིགས།།
བརྒྱད་ཟུང་མི་ཆོས་རལ་མཚོན་གདེངས་ཏེ་བག་མེད་ཕྱི་མའི་ལམ་དུ་བརྫངས།།
ར་རྒོད་རྒྱབ་ཀྱི་ས་ཆེན་ཕྱེ་མས་ངམ་ཐང་འོ་མའི་མཚོ་མོ་བསུབ།།
བི་ཤ་ཀརྨ་མགྲོན་དུ་བོས་ཏེ་འཁྲུལ་སྣང་སྤྲུལ་པའི་ལྷ་ཁང་བཞེངས།།
གོར་མ་རྡོ་ཡི་རུས་སྦལ་རྒྱབ་ཏུ་དགུ་ཐོག་བ་གམ་ཁང་བཟང་བསྐྲུན།།
ས་འཛིན་ལྷུན་པོའི་མགོ་བོའི་སྟེང་དུ་བྱུ་རུའི་མཁར་གྱི་ཐོར་ཅོག་བཙུགས།།
སོ་དྲུག་ཁོས་ཀྱི་ཐོ་བ་བརྡུངས་ཏེ་མ་འཁྱོག་དྲང་པོའི་ཁྲིམས་ཤིང་བསྲངས།།
མཛངས་པ་རིན་ཆེན་གསེར་གཡུས་བསྟོད་དེ་བཟང་པོའི་དབུ་འཕང་དགུང་ལ་རེག །
སྨད་གསུམ་གསེར་གྱི་གཉའ་ཤིང་ལྗིད་པས་བཙན་པོའི་མགོ་བོ་ཐུར་དུ་བཀུག །
མི་མནར་གསུམ་གྱི་བཀའ་བཏགས་ཕྱག་རྒྱས་ཉམ་ཆུང་བྱམས་པས་མཐའ་ནས་བསྐྱངས།
དཔའ་རྟུལ་ངར་མ་སྟག་གིས་བསྟོད་པས་ཆེ་བཙན་བུ་རྟའི་འཕེལ་ཁ་དར།།
མནའ་དང་དམ་བཅས་རྗེ་བློན་སྦྲེལ་བས་མི་ཕྱེད་མཛའ་བའི་དར་མདུད་ཐེབས།།
གཡུལ་རྒྱལ་དམག་གི་ཀི་སྭོའི་སྒྲ་ཆེན་གངས་དཀར་ཁོང་ནས་ཕྱོགས་བཞིར་མཆེད།།
གསེར་འབྲུག་བཀྲའ་བའི་གྲགས་སྙན་རྔ་ཆེན་ནོར་འཛིན་སྒེག་མོའི་ཕང་བར་ལྡིར།།
འདབ་དྲུག་ཁ་བའི་མེ་ཏོག་ལྗོངས་སུ་བདེ་སྐྱིད་དབྱར་གྱི་མཚོ་མོ་རྒྱས།།
མོང་ཡུལ་པད་དཀར་འཛུམས་པའི་ལྷུམ་དུ་འོད་གསལ་རིགས་ཀྱི་མྱུ་གུ་འཁྲུངས།།
སྲོང་བཙན་དགྱེས་པའི་མགུར་གླུ་བླངས་པས་དྲི་ཟའི་པི་ཝང་རྒྱུད་སྐུད་ཆད།།
གདོང་དམར་མངའ་ཐང་དར་བའི་དུས་ཏེ་བུ་ངའི་སེམས་པ་དགའ་ལྷང་ལྷང་།།
༼༢༽
གསར་རྙིང་གྲུབ་མཐའི་ཆགས་སྡང་འགོང་པོ་རྗེ་བློན་གཉིས་ཀའི་སྙིང་ལ་ཞུགས།།
ལྷ་སྲས་བཙན་པོའི་མགྲིན་གྱི་བུམ་བཟང་གཡོ་ཆེན་བློན་པོའི་ལག་ཏུ་ཤོར།།
སྲིད་པའི་དུང་ཟླ་གཟའ་ཡིས་ཟིན་ཚབ་སྐར་ཆེན་བཞག་ཀྱང་རང་འོད་ཕྲ།།
མཐོ་སྒང་མུན་པ་ཇི་ཐུག་གྱུར་པས་མུན་ནག་ཁྲོད་ནས་ལྐག་མདའ་རྒྱུགས།།
དར་མའི་བླ་སྲོག་འབངས་ཀྱིས་བཅད་པས་ཡར་ཀླུང་ཁྲིམས་ཀྱི་ཡིག་ཚང་ཐོར།།
ནོར་སྲུང་སེངྒེའི་མིང་བྱང་ཁྱེར་ཏེ་གནམ་ལྡེ་བཙན་པོའི་ཁྲི་ལ་ཤོར།།
རྒྱལ་ཁང་ནང་དུ་རླུང་ནག་འཚུབས་པས་བཙན་པོའི་བང་སོ་འབངས་ཀྱིས་བྲུས།།
སྟོང་སྐུད་དམར་མོའི་རྒྱུན་ཐག་བཅད་པས་མུ་ཏིག་ཕྲེང་བ་ཕྱོགས་སུ་ཐོར།།
མདུང་རྩེ་བསྒྲིགས་པའི་ལྕགས་རི་ཞིག་པས་བྱང་གི་རི་སྤྱང་དབུས་སུ་འདུར།།
གཡང་དཀར་ལྷས་ལ་ལྷས་སྲུང་མེད་པས་མོ་མོའི་སེམས་རྩ་འཁྱག་ལ་འབྱར།།
ས་འབྲི་འབྲོང་རྒོད་ར་འཛིང་གཏུགས་པས་འོག་མིན་བྱང་ཆུབ་མཁར་རྫོངས་བསྒྱེལ།།
རལ་པའི་རྒྱལ་མཚན་གསེར་ཏོག་བསྐྱོགས་པས་ཕག་གིའི་སྣ་ཡིས་ས་ཆེན་བསློགས།།
སྣེའུ་གདོང་སྟག་ཐེལ་དམར་མོའི་ཆར་པ་རིན་ཆེན་སྤུངས་པའི་ཁར་ནས་ཕབ།།
གཙོང་རོང་སྟོད་ན་རྒྱལ་འབངས་འཁྲུག་པས་རྗེ་ཡི་མངའ་ཐང་འབངས་ལ་ཤོར།།
སྡང་ཞུགས་གྲུབ་མཐའི་ནད་རོ་ལངས་པའི་འཁར་གསིལ་འཕངས་ཏེ་མདུང་ལ་འཇུས།།
མདུང་རྩེ་ཕྲད་པའི་འཁོན་འཛིང་རྒྱབ་ལ་ཨ་ཆེན་སོགས་པོའི་རྟ་དམག་དྲངས།།
བསམ་འགྲུབ་གཞིས་ཀའི་དར་གྱི་རྒྱལ་མཚན་ཀོང་ཡུལ་རོང་གི་ཆུ་ལ་བསྐྱུར།།
སྲོག་ཤིང་སེར་པོ་ཧོར་གྱིས་བྱས་ཏེ་དགའ་བ་རྒྱ་ལྡན་དར་ཆེན་བསླངས།།
འཕྱོངས་རྒྱས་ཁྲི་གདུགས་ནུབ་ཏུ་བཞུད་པས་སྐར་ཚོགས་གྲལ་ལ་གཡོ་འཁྱོམ་བྱུང་།།
ཚངས་དབྱངས་སེངྒེའི་ཁྲི་ལས་ཕབས་ཤིང་སྡེ་སྲིད་མགུ་ལ་སྤུ་གྲི་བཏབ།།
སོགས་སྙེ་སྟོང་པའི་མགོ་བོ་འབུར་ཡང་ལས་འབྲས་ཟོར་བ་རང་ལ་འཁོར།།
བཙན་འཛུལ་ཇག་ཚོགས་མཐའ་ལ་སྤྲད་ཀྱང་ནང་ནས་ཕུ་ནུ་དམེ་འཛིང་གཏུགས།།
མི་ཇུའི་ཨ་བན་མགོན་དུ་བཀུར་ཏེ་སྤུ་ཟླའི་ཁྲག་གི་སྐྱེམས་སྟོན་དྲངས།།
འབངས་ཀྱི་དངུལ་ཆུའི་ཐིགས་པས་བསྐྲུན་པའི་རྒྱུ་ནོར་དཔོན་གྱི་མཛོད་དུ་སྤུངས།།
རི་སྤྱང་བུ་མོ་ཁྱི་སྤྱང་སྤྲད་ཅིང་ཁྱི་སྤྱང་ཚ་བོ་རི་སྤྱང་སྤྲད།།
རྟ་ཡི་ཆོལ་ཁ་རྒྱ་ཡིས་འཕྲོགས་ཀྱང་སྡེ་དཔོན་ལྕག་ཚན་འབངས་ལ་ཕྱར།།
དམ་ཚིག་སྒོ་ང་རྡོ་ལ་བརྡབས་ཏེ་སྟག་གི་མཆེ་བ་ར་ལ་གཙིགས།།
གོ་མཚོན་ཞུགས་ཆེན་མེ་ལ་བཏབ་ཏེ་ས་སྐྱོང་རྡར་མས་དགྲ་ལ་བཏུད།།
གུང་ཕྲན་ཇག་པའི་དཔུང་ཚོགས་རྡོལ་ཏེ་གངས་རིའི་ཁ་དོག་ཁྲག་ལ་བསྒྱུར།།
མདའ་དང་སྒྱོགས་ཀྱི་ཆར་པ་ཕབས་ཏེ་སྤུན་ཟླའི་བམ་རོས་ས་ཆེན་བཀང་།།
བྲག་སྲིན་ཚ་བོ་འབུམ་ཕྲག་བཅུ་གཉིས་ཚེ་སྲོག་སྲིན་པོ་དམར་པོས་འཕྲོགས།།
ངུ་སྒྲ་སྒྲོག་པའི་ཡུག་མོའི་ཁྲོད་ན་དྭ་ཕྲུག་མིག་ཆུ་ཐར་ར་ར།།
གླེག་བམ་སྲེག་པའི་དུད་སྤྲིན་ནག་པོས་ཉི་མའི་མདངས་མོག་པོར་བྱས།།
ལྷ་ཁང་བསྒྱེལ་བའི་ཐལ་རྡུལ་གསེབ་ན་འཇིམ་སྐུ་རྨས་མའི་གཟུངས་འཇུག་འགྲིལ།།
གསེར་དངུལ་འདྲ་སྐུའི་ལྷུ་ལག་ཕྲལ་ཏེ་སྦེ་ཇིང་བཟོ་གྲྭའི་ནང་དུ་སྤུངས།།
ས་བདག་མགོ་ལ་མེ་མཚོན་ཕྱར་ཏེ་ས་གཞི་དམག་གིས་བཙན་ཕྲོགས་བྱས།།
ས་འོག་རྡུལ་ཕྲན་སྙིགས་རོ་སྦས་ཏེ་ས་གཏེར་ཡོངས་རྫོགས་རྒྱ་ལ་དབོར།།
ས་འདིར་དམྱལ་བའི་མནར་གཅོད་མཐའ་དག་ས་ཡ་དྲུག་གི་མགོ་ལ་འཕོས།།
ས་མཐའ་འཁྱམས་པའི་གྱར་སྤུན་ཟླའི་འདྲེན་བྱེད་བརྣངས་ཏེ་སྨེང་གླུ་ལེན།།
གདོང་དམར་མངའ་ཐང་རྒུད་པའི་དུས་ཏེ་བུ་ངའི་ཡིད་སེམས་སྟོང་ལྷང་ལྷང་།།
མཐའ་མཇུག་གི་རེ་སྐུལ།
ཆོས་རིག་ཉི་ཟླའི་མིག་ཟུང་བཀྲ་བའི་མ་འོངས་རིགས་ཀྱི་སོན་རྩ་ཚོ།།
རང་ཡུལ་རྒུད་པའི་མུན་པ་བཅོམ་སྟེ་བདེ་སྐྱིད་སྣང་བ་དྲོངས་ལ་ཤོག །
ཤ་རུས་གདུང་བརྒྱུད་གཅིག་ནས་མཆེད་པའི་སྲོང་བཙན་སྒམ་པོའི་ཚ་བོ་ཚོ།།
གནའ་དེང་རིག་པའི་རལ་གྲི་བརྡར་ཏེ་དགྲ་སྲོག་གཅོད་པར་ད་ལོངས་ཤོག །
ལོ་རྒྱུས་ལ་ངེས་ཆ་ཅན་གྱི་སྙན་ངག་རྩ་ཆེན་ཞིག་རེད་་་
ཡག་པོ་བྲིས་འདུག ལོ་རྒྱུས་ལ་ཤེས་ཚོད་ཡག་པོ་ཡོད་ས་རེད།
ཡག་པོ་འདུག་ལབ་རོགས་གསུང་གིན་མི་འདུག་ཝེེེེེེ།
༧གོང་ས་མཆོག་གིས་གསུང་བ་བཞིན། གནའ་དེང་གི་དེ་གཉིས་ཀ་ཡོད་པ་བྱོས་ཟེར་གིན་འདུག་ག