འབྲུག་ཐར་རྒྱལ། གོ་པལ་པུར་བོད་ཁྱིམ་སློབ་མ།
གཏམ་གྱི་ཐོག་མ།
ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་། ། ཡོད་ཚད་ལད་མོ་བྱས་ན་ཀླད་མེེད་ཡིན། ། སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་། ། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །ཞེས་མཁས་པའི་བཀའ་དགོངས་ལྟར། ཇི་སྲིད་རྒྱལ་ཁམས་ཕན་ཚུན་མཐའ་མཚམས་མེད་པ་དང་། མི་རིགས་ཡོངས་རྫོགས་སྤུན་ཟླའི་ངང་ཚུལ། སྐད་ཡིག་གཅིག་གི་ངོ་བོར་མ་འགྱུར་བར་མི་རིེགས་བྱེ་བྲག་རེ་རེའི་སྐད་ཡིག་ནི་མི་རིགས་དེའི་འཚོ་གནས་དང་རིག་གནས་སྲ་བརྟན། ཡུལ་གྱི་གོམས་པའི་གཤིས་ལུགས་རྒྱུན་འཛིན་སོགས་ཀྱི་རྨང་རྡོའམ་གཞི་རྩར་གྱུར་ཡོད་པ་སྙོན་དུ་མེད། དེའི་སྟབས་ཀྱིས་རང་རེའི་རྒན་དར་གཞོན་གསུམ་དང་སྐད་ཡིག་གི་བར་ཐག བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཡངས་པོར་བྱེད་ཚུལ་སྐོར་ལ་མནོ་བསམ་ཞིབ་མོའི་གླེང་སློང་ཅུང་ཙམ་བྱེད་རྒྱུ་ཡིན།
སྤྱིར་སྲིད་པ་ཆགས་པ་ནས་བཟུང་གོ་ལ་འདིའི་སྟེང་དུ་མི་རིགས་སྣ་མང་དང་དེའི་སྐད་དང་ཡི་གེ་དུ་མ་བྱུང་ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ནང་དུ་འཛམ་གླིང་སྐད་ཡིག་དྲུག་སྟོང་དགུ་བརྒྱ་ལྷག་ཡོད་ཀྱང་། སྐད་ཡིག་མང་དག་ཅིག་རྒྱུན་ཆད་ཅིང་། ཕལ་ཆེར་ལོ་རེ་རེར་སྐད་ཡིག་བཅུ་རེ་རྩ་མེད་དུ་འགྲོ་བཞིན་ཡོད་ཚུལ་འདུག འོ་ན་བོད་ཀྱི་སྐད་ཡིག་འདི་འཆི་གསོན་གྱི་གནས་སྟངས་ག་འདྲ་ཞིག་གི་མཚམས་སུ་སླེབས་ཡོད་དམ། བོད་ནང་དུ་རྒྱ་ནག་གི་སྲིད་ཇུས་ནག་པོའི་འོག་ནས་བོད་ཀྱི་སྐད་ཡིག་རྩ་མེད་དང་རྩ་གཏོར་གྱི་བརྒྱུད་རིམ། ཕྱི་ཡུལ་དུ་གཞན་དབང་སྟབས་བསྟུན་འོག་ནས་རང་རེའི་སྐད་ཡིག་ཕལ་བ་དང་བདག་མེད་དུ་འགྱུར་བཞིན་པའི་འོག་ནས་བོད་ཀྱི་སྐད་ཡིག་ལ་ཉེན་ཁ་ཡོད་མེད་ནི་ཟུར་བལྟས་ལེབ་མཐོང་རེད།
བོད་ཀྱི་སྐད་ཡིག་ཉམས་ཉེན་གྱི་རྒྱུ་རྐྱེན་འགའ།
མིའི་སྤྱི་ཚོགས་ཀྱི་འགྱུར་ལྡོག་འདྲ་མིན་ཁྲོད། དེང་སང་ནི་འཛམ་གླིང་གི་བཟོ་ལས་གསར་བརྗེ་དང་བརྡ་འཕྲིན་གྱི་དུས་རབས་ཞེས་འཇིག་རྟེན་འདི་ཉིན་རེ་ནས་ཉིན་རེར་ཕན་ཚུན་བར་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར་ཅིང་། འགྲོ་འོང་མྱུར་བ་དང་། དབྱིན་སྐད་ཀྱིས་འཛམ་གླིང་དབང་བསྒྱུར་བཞིན་པའི་དེ་རིང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་མང་དག་ཅིག་འཇིགས་ཉེན་གྱི་དུས་སུ་སླེབས་ཤིང་། དེ་ལྟར་བོད་ཁ་བ་གངས་ཅན་ལྗོངས་ཀྱི་ཆབ་སྲིད་དང་རིག་གནས་ལའང་དར་རྒུད་སྣ་མང་བྱུང་ཡོད་འདུག དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་ནང་རྒྱ་ནག་གི་བཙན་འཛུལ་སླེབས་པ་ནས་བཟུང་། ཕྱི་ནང་གཉིས་ཀྱི་བཙན་འཛུལ་འདིས་བོད་ཀྱི་སྐད་ཡིག་འདི་ད་སྐབས་ལ་ཁའི་ཉི་མ་དང་རླུང་ཁའི་མར་མེ་ལྟར་འགྱུར་བཞིན་མཆིས། ཉམས་ཉེན་གྱི་ཕྱིའི་རྒྱུ་རྐྱེན་འགའ་གླེང་ན།
༡༽ ཆབ་སྲིད་ཀྱི་གནས་སྟངས་ལ་གཞིགས་ན། དུས་རབས་འདི་སྲིད་དབང་སྒེར་གཅོད་རྩ་མེད། ལུང་ཚན་ཕན་ཚུན་དབར་འཐབ་རྩོད། འགྲོ་བ་མིའི་གཞི་རྩའི་བདག་དབང་ཕྱིར་སྤྲོད་སོགས་རང་དབང་དང་འདྲ་མཉམ། མཉམ་གནས་དང་ཞི་མོལ་ངང་སྤྱི་ཡོངས་ཀྱི་དཀའ་ངལ་མང་དག་ལ་གདོང་ལེན་བྱེད་པའི་དུས་སྐབས་ཤིག་ཡིན། འོན་ཀྱང་རྒྱ་དམར་པོ་ད་དུང་གཏི་མུག་གི་ཞིང་ཁམས་ནས་སད་མེད་པས། སྤྱི་ལོ་ ༡༩༤༩ ལོ་ནས་བཅིངས་འགྲོལ་དང་གསར་བརྗེའི་འབོད་སྒྲ་མཁའ་དབྱིངས་སུ་སྒྲོག་བཞིན་མེ་མདའ་དང་མེ་སྒྱོགས་ཀྱི་སོ་ཁ་ནས་མི་ཡུལ་དམྱལ་བར་བསྒྱུར། མེས་པོ་དམ་པའི་ཤུལ་བཞག་ཆོས་དང་ལེགས་བྱང་ཆེས་རྗེས་ལུས་དང་རྨོངས་དད་ཟེར་ནས་རྩ་མེད་བཟོ་བའི་སྲིད་ཇུས་ནག་པོའི་རྨང་བཏིངས། དེ་བས“འཇིག་རྟེན་གྱི་མགོ་བོ་ས་རུ་འཛུགས་པའི་དུས་སྐབས།’’ཞེས་ཕ་མེས་ཡབ་མེས་དག་གིས་རྔུལ་ཆུ་དང་ཟུངས་ཁྲག་གིས་བསྐྲུན་པའི་སྙིང་ནོར་དག་ལ་བསྒྱུར་བཅོས་དང་གཤག་བཅོས་བྱས་པ་མ་ཟད་ཆུ་ལ་གཡུགས་པ་དང་། མེ་ལ་བསྲེགས་པ་ཉམས་ཆགས་ཀྱི་དུས་སྐབས་ཚབས་ཆེན་ཞིག་བྱུང་ཡོད། དེ་བས་དམར་པོའི་གཙོ་འཛིན་སི་ཏ་ལན་གྱིས། “མི་རིགས་ཤིག་རྩ་མེད་གཏོང་དགོས་ན། ཐོག་མར་མི་རིགས་དེའི་སྐད་ཡིག་རྩ་མེད་གཏོང་དགོས།’’ཟེར་བ་དམར་པོའི་མགོ་འཁྲིད་དག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་སྐད་ཡིག་རྩ་མེད་དང་རྩ་གཏོར་གྱི་བརྒྱུད་རིམ་སྙེག་བཞིན་ཡོད།
སྟོང་ལོ་བཅུ་བ་ནས་བཟུང་རྒྱ་ཡིག་གཙོ་བོ་གྱུར་བའི་ཤེས་ཡོན་སྲིད་བྱུས་ནག་པོ་ཁྱབ་བསྒྲགས་དང་། སྟོང་ལོ་བཅུ་གཅིག་ནས་དངོས་སུ་བོད་ཀྱི་རང་སྐྱོང་ལྗོངས་མ་ཟད་མདོ་སྟོད་སྨད་སོགས་སུ་ལག་བསྟར་གྱི་མགོ་བརྩམས་མ་ཐག་སློབ་མ་སྟོང་ཕྲག་མང་པོས་ཡར་ལངས་ཀྱི་མགོ་བརྩམས་ཡོད་འདུག དེ་རིང་དང་ཁ་སང་། མཐའ་ན་ཟ་ཁང་ངམ་ཚོང་ཁང་ཞིག་ཏུ་ཕྱིན་ནའང་སྐད་ཡིག་གཉིས་པ་མ་ཤེས་ན་ཤིན་ཏུ་དཀའ་བའི་གནས་སུ་གྱུར་ཡོད་པར་གོར་མ་ཆག
བོད་གཞིས་བྱེས་གཉིས་སུ་གྱེས་བའི་མི་ལོ་བཅུ་ཕྲག་དྲུག་ཟིན་ལ་ཉེ་བའི་དེ་རིང་བྱེས་འབྱོར་བོད་མི་དང་རང་རེའི་སྐད་ཡིག་བར་ཤིན་ཏུ་བར་ཐག་ཆེན་པོ་ཞིག་ལྷག་འདུག་པ་ནི་གཞན་དབང་སྟབས་བསྟུན་དང་། ཡུལ་ཆུ་ཡུལ་ཁྲིམས་སོགས་ལ་ཁ་གཡང་སྙན་མོའི་ཁྲོད་ནས། བོད་པའི་སྤྱི་ཚོགས་དང་བོད་པའི་སློབ་གྲྭ་ཁག་གི་ནང་དུ་བོད་ཡིག་ནི་སྐད་ཡིག་ཕལ་བ་ཞིག་གི་ངང་ཚུལ་ཏུ་གྱུར་ཅིང་། རང་སྐད་ཀྱི་རིན་ཐང་མ་རྟོགས་པར་བོད་ཡིག་སྦྱངས་ན་མདུན་ལམ་མེད་པར་ངོས་འཛིན་ཅིང་། བོད་ཡིག་སྦྱང་པ་ནི་སྐབས་འཕྲལ་ཀྱི་ཡིག་རྒྱུགས་ཁོ་ནའི་ཆེད་ཙམ། དེ་བས་དེ་རིང་ནུབ་ཕྱོགས་དང་རྒྱ་ནག་གི་ས་ཆ་འགའི་ནང་འཚར་ལོངས་བྱུང་བཞིན་པའི་བོད་པ་ཚོས་བོད་ཡིག་ག་ལ་ཤེས་བོད་སྐད་གཙང་མ་ཞིག་ཀྱང་བཤད་མི་ཐུབ་མཁན་ཤིན་ཏུ་མང་བས། གནས་སྟངས་དེའི་འོག་ནས་བོད་ཀྱི་སྐད་ཡིག་གནས་མིན་གྱི་ཉེན་ཁ་ཤིན་ཏུ་ཆེ་བའི་གནས་སུ་གྱུར་བཞིན་འདུག བོད་ཀྱི་ས་ཁུངས་ཀྱི་བདག་དབང་ཤོར་ནས་མི་ལོ་དྲུག་ཅུ་ཉེ་ཞིང་། བོད་ནང་དུ་སྐད་ཡིག་གི་བདག་དབང་མེད་པ་དང་ཕྱི་ལོག་ན་གཞན་དབང་སྟབས་བསྟུན་གྱི་ཁ་གཡང་ཁྲོད་འདི་ལྟར་ང་ཚོ་ནི་མན་ཇུའི་མི་རིགས་ལྟ་བུ་ཞིག་ཏུ་འགྱུར་མི་སྲིད་པ་ག་ལ་ཡིན།
༢༽ དཔལ་འབྱོར་གྱི་ཁྲོམ་རར་བཀོལ་སྤྱོད་ཞན་པ། དུས་རབས་ཉེར་གཅིག་པ་འདིར་ཕྱིའི་དངོས་པོ་ཡར་རྒྱས་ཤིན་ཏུ་མྱུར་བས་དཔལ་ འབྱོར་དང་། དམག་ཤུགས། རྡུལ་ཕྲན་མཚོན་ཆ་སོགས་རྒྱལ་ཁབ་ཕན་ཚུན་དང་མི་རིགས་ཕན་ཚུན་དབར་འགྲན་རྩོད་ཀྱི་རྣོ་ངར་ཆེས་ཤིན་ཏུ་ནས་རྒོད་པའི་དུས་སྐབས་འདིར། ཉིན་རེ་ནས་ཉིན་རེར་འཇིག་རྟེན་ཆུང་ངུ་སྟེ་གོ་ལ་གཅིག་གྱུར་གྱི་མིང་བྱང་ཁྲོད་རྒྱལ་སྤྱིའི་ཁྲོམ་རྭ་ཆེན་པོ་དག་འབྱོར་ལྡན་པ་ཚོས་དངུལ་གྱིས་ཉོས་ཚར་ཡོད། སྟོབས་ཆེན་རྒྱལ་ཁབ་དག་གི་དབང་ཤུགས་འོག་ནས་རྒྱལ་སྤྱིའི་ཁྲོམ་རྭ་བརྒྱ་ཆ་དགུ་ཅུ་ལྷག་གི་མ་རྐང་ཟིན་ཅིང་། མི་འབོར་ཉུང་ཞིང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་དག་ཅིག་གི་སྐད་དང་ཡི་གེ་བཀོལ་སྤྱོད་མེད་པར་ཁེར་རྐྱང་དུ་འགྱུར་བཞིན་འདུག དེང་སྐབས་བོད་ནང་གི་རྒྱལ་ས་ལྷ་ས་གཙོས་གྲོང་ཁྱེར་ཆེ་ཆུང་ཚང་མར་སྐད་ཡིག་གཉིས་པ་མ་ཤེས་པར་འཚོ་ཐབས་བྲལ་བ་ལྟ་བུར་ཆགས་འདུག རང་རེའི་སྐད་ཡིག་རྒྱལ་སྤྱིའི་ཁྲོམ་རྭར་བཀོལ་སྤྱོད་མ་ཐུབ་པ་ནི་སྔར་ནས་ང་ཚོ་དེང་རབས་ཅན་ལ་ཁ་ཕྱོགས་མ་ཐུབ་པ་ལས་གཞན་སུ་ལའང་འཁང་ར་བྱེད་ས་མེད། འོན་ཀྱང་རང་ས་ནས་རང་གི་སྐད་ཡིག་བེད་སྤྱོད་བྱེད་དབང་མེད་པ་ནི་ཤིན་ཏུ་ཉེན་ཁ་ཆེ་བའི་གནས་ཤིག་མ་རེད་དམ།
༣༽ རྒན་དར་གཞོན་གསུམ་དང་ཕ་སྐད་དག་མའི་བར་ཐག་གླེང་བ། ཁ་སང་དང་དེ་རིང་འཚར་ལོངས་འབྱུང་བཞིན་པའི་མི་རབས་གསར་པ་དག་བོད་རང་གི་ཁྱད་ནོར་ཏུ་གྱུར་བའི་རང་རེའི་སྐད་ཡིག་གཙོས་སྲོལ་རྒྱུན་རིག་གནས་དག་ལ་བརྩི་བཀུར་དང་དགའ་ཞེན་མེད་པར་རྗེས་ལུས་ཀྱི་ངང་ཚུལ་འཛིན་པ་དང་བོད་ཡིག་འཛིན་གྲྭ་ལ་ཉོབ་ཐོ་འཛིན་གྲྭ་ཟེར། འཛིན་རིམ་བཅིུག་དང་བཅིུས་བསླེབས་ཀྱང་འཕྲིན་ཡིག་ཚད་ལྡན་འབྲི་མཁན་ཉུང་ལ། རྒན་དར་གཞོན་གསུམ་ནང་བོད་སྐད་དག་མ་བེད་སྤྱོད་མཁན་ཤིན་ཏུ་དཀོན། ཕ་མའི་སློབ་གསོའི་ཁྲོད་ན་བོད་ཡིག་བོད་སྐད་གལ་གནད་ཡིན་པའི་སློབ་གསོ་མེད་ལ། སློབ་མའི་མདུན་ལམ་དང་ཕུགས་བསམ་དེ་བས་ཁ་ཐག་རིང་། རང་ཉིད་ཁ་བ་གངས་ཅན་པ་ཞིག་ཡིན་པའི་སྤོབས་པ་མེད་ལ་མི་རིགས་རིང་ལུགས་ཀྱི་འདུ་ཤེས་མེད་པར། ཕྱིའི་རིག་གསར་དག་ལ་འགྲམ་ཆུ་ལྡང་ཞིང་རང་གི་རིག་གཞུང་གི་རིན་ཐང་མ་རྟོགས་ན། ད་ལྟ་འཚར་ལོངས་འབྱུང་བཞིན་པའི་མི་རབས་གསར་བ་དག་ནི་སང་ཉིན་གྱི་རྒྱལ་ཁབ་འཛུགས་བསྐྲུན་བྱེད་པོ་ཡིན་བརྗོད་པ་ལྟར། དེ་རིང་སོན་རྩ་རུལ་བ་ཤ་སྟག་འཚར་ལོངས་བྱུང་ཚེ། མེས་པོའི་ཤུལ་བཞག་དག་འཛིན་སྐྱོང་ཐུབ་བམ།
ངང་ཚུལ་འདི་དག་མཐོང་ཚེ་ཕྲན་གྱི་ཡིད་ལ་ཡང་ཡང་འཆར་བ་ནི་བོད་མི་རིགས་བསྟན་སྲིད་དང་ལྷག་པར་སྐད་ཡིག་ཐོག་གཅེས་པའི་སྐུ་སྲོག་ཕུལ་ཟིན་པའི་དཔའ་རྒོད་༸པཎ་ཆེན་རིན་པོ་ཆེ་དྲན་འོང་། རླབས་ཆེན་གྱི་དཔའ་རྒོད་ཁོང་གི་མཛད་འཕྲིན་ལ་ཕྱིར་མིག་ཁྲོད་ནས་མིག་མཐའ་མཆི་མས་བརླན་བཞིན། ཁོང་གི་གསུངས་མང་དག་ཅིག་ཡིད་ལ་གཅིག་རྗེས་གཉིས་མཐུད་ངང་འཆར། ‘’གལ་སྲིད་ང་རང་ཚོས་ར་མ་ལུག་གི་སྐད་དེ་དོར་ནས་བོད་སྐད་གཙང་མ་ཞིག་རྟག་ཏུ་བེད་སྤྱོད་བྱས་པ་ཡིན་ན་དེ་ནི་བདག་ཅག་ཁ་བ་གངས་ཅན་པའི་སྐད་ཡིག་སྲུང་སྐྱོབ་ཆེན་པོ་བྱས་པ་རེད།’’ཞེས་གསུངས་མྱོང་།
༤༽ མི་རིགས་ཕན་ཚུན་འདྲིས་སྡོད་ཤུགས་རྐྱེན། འདས་པའི་ལོ་ངོ་ལྔ་བཅུ་ང་གྲངས་རིང་བོད་མི་མང་པོས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་། ཁྲི་འདུ་སོགས་སུ་ལས་དོན་ལ་བྲེལ་ཞིང་ཚོང་ལས་སོགས་གཉེར་བཞིན་ཡོད། ཕྱི་ཡུལ་ཏུ་དཔལ་འབྱོར་གྱི་ཤུགས་རྐྱེན་འོག་ནས་བོད་མི་སྟོང་ཕྲག་མང་པོ་ཨ་རི་དང་། ཡུ་རོབ། ཨོ་སི་ཁྲོ་ལི་ཡ་སོགས་བོད་མི་མང་པོ་དཔལ་འབྱོར་གྱི་བྲན་གཡོག་ཏུ་གྱུར་ནས་འཚོ་བ་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་སྲིད་ཇུས་ནག་པོས་མེ་འཁོར་ལྕགས་ལམ་བཟོ་བསྐྲུན་སོགས་ལ་བརྟེན་ད་ཆ་བོད་ཡུལ་གྱི་ས་གནས་མང་པོར་བོད་མི་ལས་རྒྱ་མི་རིགས་མང་པའི་ད་ལྟའི་དངོས་ཡོད་གནས་སྟངས་འདི། སྐད་ཡིག་ཉམས་ཉེན་གྱི་རྒྱུ་རྐྱེན་ཆེ་ཤོས་ཤིག་ཆགས་འདུག་སྙམ།
མཇུག་གཏམ་ཐོར་བུ།
ད་ལྟའི་གཞི་རིམ་སློབ་གྲྭའི་མཐོ་རིམ་སློབ་མའི་སྤྱི་ཚོགས་ཁྱོན་ཡོངས་ནས་ཕྱིར་མིག་ཅིག་བལྟས་ན་ངོ་མ་བློ་འཚབ་ཀྱི་གནས་སུ་གྱུར་འདུག གནས་སྟངས་འདི་ལྟར་བུའི་སྒང་མུ་མཐུད་དེ་ལྷག་པ་ཡིན་ན་དུས་རབས་འདིའི་མཇུག་ཏུ་བོད་ཀྱི་སྐད་དང་ཡི་གེ་འཛམ་གླིང་གི་འགྲེམས་སྟོན་ཁང་དག་ན་མཇལ་རྒྱུ་ལས་མེད་པ་ཆགས་མི་སྲིད་པ་ག་ལ་ཡིན། ༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ཕྱི་ཡུལ་ཏུ་ཕེབས་ཏེ་བཞུགས་གནས་གཏན་འཁེལ་ཞིག་མེད་པའི་དུས་དེར་ཡང་། དཀའ་ངལ་མང་པོ་ལ་གདོང་ལེན་གནང་སྟེ་བོད་པའི་སློབ་གྲྭ་ཟུར་འཛུགས་བྱས་པའི་རླབས་ཆེན་གྱི་དགོངས་གཞི་ང་ཚོའི་སྒྲུབ་ཐུབ་མེད་པ་གསལ་བཤད་བྱེད་ཐུབ་ངེས་རེད།
བོད་ཀྱི་སྐད་ཡིག་ཉམས་ཉེས་གྱི་གནས་འདི་ལྟ་བུའི་མཚམས་སུ་སླེབས་ཡོད་པས། ཁ་སང་དེ་རིང་གི་ཁ་བ་་གངས་ཅན་པ་མི་རེ་རེར་ཡོལ་ཐབས་བྲལ་བའི་འགན་འཁྲི་མཆིས་སམ། དེ་ལྟར་ན་ང་ཚོས་ངེས་པར་ཏུ་བོད་ཀྱི་སྐད་ཡིག་འདི་ནང་བསྟན་དང་གསོ་རིག་ཙམ་ཞིག་མིན་པར་དུས་རབས་དང་འཚམས་པའི་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཡངས་པོར་བསྐྲུན་དགོས་པ། དེ་ཡང་རྒན་རབས་པ་དང་མཁས་པ་སྤྱིའི་སློབ་གསོ་ནི་མི་རབས་གསར་བ་ལ་ཤིན་ཏུ་མཁོ་བ་དང་། མ་མཐའ་ཡང་བོད་པ་ནང་ཁུལ་དུ་གཞན་གྱི་སྐད་ཡིག་དབྱིན་རྒྱ་ཧིན་སོགས་བསྲེས་ལྷད་མེད་པར་རང་སྐད་གཙང་མ་ཞིག་སྐྱོན་པ་དང་བོད་པ་འདུས་སྡོད་ཀྱི་ས་གནས་དེར་བོད་སྐད་གཙང་མའི་ཁོར་ཡུག་ཅིག་བསྐྲུན་དགོས་པ། གཞུང་དང་སྒེར་དབྱེ་བ་མེད་པར་བོད་མི་རིགས་འདིའི་འཕྲལ་ཕུགས་ཀྱི་ཉེན་ཁ་ཤིན་ཏུ་ཆེ་བ། བོད་པ་ནང་ཁུལ་བོད་ཡིག་ཐོག་ནས་འབྲེལ་བ་བྱེད་དགོས་པ། བོད་དོན་སྤྱིའི་ཐོག་ལ་དོ་སྣང་དགོས་པ། བོད་ཀྱི་ཐུན་མོང་མིན་པའི་གླུ་གཞས་སོགས་ལ་ཉན་པ། དུས་རབས་འདི་བརྡ་འཕྲིན་གྱི་དུས་རབས་རེད་ཟེར་བ་ལྟར་དུས་ཀྱི་འཕེལ་རིམ་དང་བསྟུན་ཏེ་གདོང་དེབ་སོགས་སུ་བོད་ཡིག་བཀོལ་སྤྱོད་གང་མང་བྱེད་དགོས་པ། དེ་རིང་མགོ་འཇུག་བར་གསུམ་ཏུ་ངས་སྐད་ཆ་མང་པོ་ཞིག་བཤད་ཡོད་ནའང་བོད་ཡིག་དཔེ་ཀློག་གོམས་འདྲིས་ཞན་པ་དང་བོད་སྐད་བཀོལ་སྤྱོད་ཀྱི་ཁོར་ཡུག་ཧ་ཅང་ཆུང་བའི་སྤྱི་ཚོགས་ཤིག་ལ་དོན་དངོས་སུ་གཡོ་འགུལ་འདྲ་ཡོད་དམ། ཡང་ན་ད་དུང་མུ་མཐུད་དུ་ཁུ་སིམ་མེར་ལྷིང་འཇགས་ངང་གནས་སམ། འོན་ཀྱང་། ང་ཚོ་རང་ཉིད་མི་སྒེར་རེ་རེ་ནས་མགོ་བརྩམས་ཏེ་མི་རིགས་ཀྱི་ལ་རྒྱ་དང་བོད་བཙན་པོའི་སྙིང་སྟོབས་སེམས་ལ་བཅངས་ཏེ་མདུན་མཆོངས་བྱེད་དགོས་པའི་དུས་ལ་བབ་འདུག་གོ །
ཡག་པོ་རེད། ཡག་པོ་རེད། མི་རེ་ངོ་རེ་འི་སེམས་ཤུགས་འདི་ད་ཆེ་མེད་དུ་མི་རུང་བའི་སེམས་ཤུགས་ཡིན་པས། སེམས་ཤུགས་རེ་རེ་བའི་སྟོབས་ཤུགས་འདི་ཡོད་ན། ང་ཚོའི་སྐད་འདི། འདི་ནས་དར། དར་ནས་རྩེ་ལ་འགྲོ་བའི་ཡིད་ཆེ་ཡོད། བོད་སྐད་གཙང་མ་བཤད་ནི་ཚང་མའི་ཁ་ལ་མར་སྐུས།
བོད་ཁྱིམ་སློབ་མ་ཞིག་གི་སེམས་ལ་བོད་ཀྱི་སྐད་ཡིག་གི་སྐྱེ་འཆི་ལ་བསམ་བློ་གཏོང་དགོས་པའི་ཚོར་སྣང་བྱུང་བ་ལེགས། མ་ཟད་སྐད་ཡིག་ཐད་དུ་ལ་བསྡུས་ལུང་བསྡུས་བྱས་པ་གཙོ་མི་ཆེ་བར་རང་གི་ཉམས་ཞིབ་ལྟ་བུའི་ཚིག་མང་བ་དེ་ཧ་ཅང་སྣང་བ་འགྲོ།
ཡག་པོ་བྲིས་འདུག་པས་ཧ་ཅང་དགའ་སོང་་་་་གནད་ལ་འཁེལ་བ་ཞིག་བྲིས་འདུག་་་མུ་མཐུད་ནས་འདི་ལྟར་འབྲི་རོགས་ཞུ།
འདི་འདྲའི་བསམ་ཚུལ་ཡོད་པ་ཡག་པོ་རེད། བོད་ཀྱི་སྐད་ཡིག་ནི་འགྲེམས་སྟོན་ཁང་ལ་བསླེབ་པར་ཅང་མི་འགོར། བཙན་བྱོལ་ལ་མཚོན་ན་བོད་ཀྱི་རིག་གནས་མི་ཉམས་པའི་ཕྱིར་ཐོག་མར་སློབ་གྲྭ་ཁག་གསར་འཛུགས་གནང་བ་རེད། ཡིན་ཡང་ད་བར་གྱི་མཇུག་འབྲས་ནི་དབྱིན་ཡིག་ལ་ཡག་པོ་བྱུང་རབས་ཤིག་མ་གཏོགས་བོད་ཀྱི་བརྡ་སྤྲོད་རིག་གནས་ལ་ཡག་པོ་ཡོད་རབས་ཤིག་གོ་ཡ་མི་འདུག །ཁག་མེད། བོད་ཀྱི་སྐད་ཡིག་ནི་ཉིན་རེའི་འཚོ་བར་ཕན་མི་ཐོགས་པ་དང་དབྱིན་ཡིག་ནི་ཕན་ཐོགས་ཡོད་པ་བཤད་མ་དགོས་པ་རེད། སྤྱི་སྒེར་ཚང་མས་བོད་པའི་སྐད་ཡིག་གི་ཁོར་ཡུག་རང་གིས་བཟོས་པ་རེད།
གཅིག་བྱས་ན་མ་འོངས་པར་བོད་ཀྱི་སྐད་ཡིག་ཉམས་མི་སྲིད། བོད་པའི་རིག་དཔལ་སྲིད་དང་ལ་ཞེན་ཆེ་རུ་འགྲོ་གིན་རེད།
གཉིས་བྱས་ན་ཉམས་ཀྱང་སྲིད་པ་རེད། རྒྱ་གར་ན་འཚར་ལོངས་བྱུང་བ་དག་གིས་བོད་ཡིག་དང་ཁ་ཐག་རིང་ཞིང་། བོད་ནས་འབྱོར་མཁན་གྱི་ཁ་གྲངས་ཧ་ཅང་ཉུང་ཞིང་ད་དུང་ཤེས་ལྡན་པ་མང་དག་ཅིག་བོད་ནང་དུ་འཛུལ་གྱིས་བས་སོ།།
གང་ལྟར་སློབ་ཕྲུག་གཅིག་དྲ་ལམ་ནས་འདི་ལྟར་རྩོམ་ཡིག་སྤེལ་བར་དགའ་སོང་། བསྔགས་བརྗོད་ཡོད།
རྒྱ་རིགས་གྲོགས་པོ་ཚོ་མིན་རྒྱུ་ན་བོད་ཀྱི་དཔེ་དེབ་འདི་འདྲ་མང་པོ་ཞིག་མཐོང་རྒྱུན་གང་ན་ཡོད། ཁོང་ཚོས་སྦྱིན་བདག་བྱས་པ་རེད། བོད་པ་འབྱོར་ལྡན་རྣམས་ཀྱིས་བོད་ཡིག་གི་ཚགས་པར་དང་དུས་དེབ། ཀློག་དེབ། ཆོས་དེབ་སོགས་ཀྱི་དཔར་བསྐྲུན་དགོས་མཁོ་ལ་དཔལ་འབྱོར་གྱི་རོགས་འདེགས་བྱས་པ་དཀོན་པའི་ཚུལ་དུ་སྣང་། ཐེ་ཝན་དང་བོད་ནང་གི་རྒྱ་རིགས་གྲོགས་པོ་འབྱོར་ལྡན་རྣམས་ཀྱིས་རོགས་བྱས་ནས་ད་ཕན་བོད་ཡིག་གི་དཔེ་ཆ་ག་ཚོད་ཅིག་དཔར་ཡོད་པར་ཞིབ་འཇུག་གནོངས་དང་། ཆེན་པོ་རྣམས་ཀྱིས་ཁ་ནས་བཤད་དུས་སྐད་ཡིག་རྩ་མེད་གཏོང་སོང་ཟེར་གི་ཡོད་པ་རེད་དེ། དོན་དུ་རང་གི་སྐད་ཡིག་ལ་བདག་སྤྲོད་ག་ཚོད་བྱས་ཡོད། འཐུས་ཤོར་ག་ཚོད་ག་ཚོད་བཏང་ཡོད། རིན་ཐང་ག་ཚོད་སྤྲད་ཡོད། བློ་གཟུ་བོར་གནས་པའི་སྒོ་ནས་བཤད་ན་བོད་ཀྱི་སློབ་གྲྭ་ཁག་ན་བོད་ཡིག་གཙོ་ཆེའམ་དབྱིན་ཇི་གཙོ་ཆེ། འདིས་ཁ་གྲག་གི་རེད། གཙོ་ཆེ་མི་ཆེ་མི་རིགས་ཤིག་གི་སྐད་ཡིག་གི་ཐད་ནས་མིན་པར་ཉི་ཚེ་བའི་དགོས་མཁོ་ཙམ་རེད། །རང་གི་ཕ་སྐད་ལ་གཅེས་པའི་སློབ་མ་ཚོ་ཁྱེད་ཚོ་ལ་ཁག་མི་འདུག །
ལེགས་བཤད་ལགས།
བློ་གཟུ་བོར་གནས་ན་མ་གནས་ན།
ལྷ་རི་གནས་རི་ཡོད་ཚད་ཀྱི་ཁོག་པ་བསྔོགས་ནས་གཏེར་རྫེས་རྒྱ་མཚོ་འདྲ་བོ་དྲུད་སོང་བ་ལ། རྒྱ་མཚོའི་ཆུ་ཐིགས་ཞིག་གི་ཕྱིར་ཡོང་ལ། དེ་འདྲའི་ངོ་སོ་ཞིག་བྱེད་དགོས་དོན་ཅི་རེད། ཁོ་རེ།
མཁྱེན་ལྡན་རྩོམ་པ་པོ་དང་དྲ་གྲོགས་ཚོས་བསམ་ཚུལ་གནང་བར་བཀའ་དྲིན་ཆེ། རྩོམ་ཡིག་འདི་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་དང་བླངས་ཕ་སྐད་ཞབས་ཞུ་ཚོགས་ཆུང་གིས་བཏོན་པས་”འགན་འཁྲི་དང་འཚོལ་སྙེགས།”དེབ་ཕྲེང་གསུམ་པའི་ནང་བཀོད་ཡོད་ལ། ད་དུང་སྐད་ཡིག་ལ་དུངས་བ་ཟབ་ཞིང་། མི་རིགས་རིགས་ལ་རྒྱ་ལྡན་པའི་སློབ་རོགས་མང་པོའི་སྐད་ཡིག་གི་རྭ་མདའ། ཚེ་སྲོག་གི་གཏུགས་བཤེར། བསྒྱུར་རྩོམ་གྱི་དོ་རྭ་གསུམ་གྱི་བརྗོད་གཞི་ཐོག་དཔྱད་རྩོམ་དང་ལྷུག་རྩོམ་གྱི་ཆེད་དེབ་གསར་མ་སང་ཉིན་རྡ་སྟེང་གླེང་ཁ་དང་བསྟུན་ནས་བཙོང་ངེས་ཡིན་པས། ཁྱེད་རྣམས་ཀྱིས་དེ་དག་ལ་གཟིགས་ཞིབ་གནང་བར་མཁྱེན། ཕ་སྐད་གཅེས་སྐྱོང་དང་བོད་ཡིག་བདག་གཅེས་བྱེད་དགོས་རྒྱུ་ནི་ང་ཚོ་ཚང་མས་འགན་འཁྲི་ལྡོག་ཐབས་བྲལ་བ་མངོན། བོད་ཡིག་ཁྲི་ལོ་ཤོག
བོད་ཁྱིམ་སློབ་མས་ཉམས་ཞིབ་འདི་ལ་བསམ་བློ་ཡག་པོ་ཐོངས་ཞོག །བོད་ཡིག་འཛན་གྲྭ་ལ་ཉོབ་ཏོ་འཛིན་གྲྭ་ཞེས་སྐད་ཆ་འདི་འདྲ་ལབ་ཡོང་དུས་རང་གི་སྐད་ཡིག་གི་རིན་ཐང་ཚད་ག་འདྲ་ཞིག་ལ་བསླེབས་འདུག །བསམ་བློ་ཡག་པོ་ཞིག་ཐོངས་དང་ལྷ་རིའི་ཁོག་པ་བསྔོགས་པའི་མཇུག་འབྲས་ཨེ་རེད་མ་རེད། ཁ་ནས་བཤད་པ་དང་ལག་ལེན་མི་མཚུངས་པའི་མཇུག་འབྲས་རེད་དོ། །འདས་ཟིན་པའི་དོན་ཕར་ཞོག་ཅིག །ད་ལྟའི་ཁ་ཡོད་ལག་ཡོད་ཀྱིས་སྤྱི་ནོར་གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་སྟེ་རང་གི་སྐད་ཡིག་འདི་དུས་རབས་དང་འཚམས་པའི་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཡངས་པོར་བསྐྲུན་དགོས་པ་ལ་དེ་ལས་ལྡོག་སྟེ་རང་གི་སྐད་ཡིག་ལ་འདི་འདྲའི་ལྟ་སྟངས་ངན་པ་དང་དམའ་འབེབས་ཤིག་བྱེད་དགོས་དོན་ཅི་རེད། བོད་ཀྱི་སློབ་ཕྲུག་དག་གི་བསམ་བློའི་ཀུན་སྤྱོད་གང་འདྲ་ཞིག་ལ་བསླེབས་འདུག །སློབ་གསོས་མ་འདང་བ་རེད་དམ། སློབ་གྲྭའི་ར་སྐོར་ལ་ལབ་པ་མ་གཏོགས་གཞན་ལ་ལབ་གི་མེད་དོ། །
རྩོམ་པ་པོའི་བསམ་བློའི་ཁྱབ་ཚད་ཆེ་ཞིང་རང་གི་མི་རིགས་འདིའི་མ་འོངས་བར་སེམས་འཁུར་རྒྱ་ཆེན་པོ་ཞིག་བྱེད་ཡོད་པར་རྒྱབ་བསྐྱོར་ཡོད་། ཡིན་ནའང་། ཁོ་བོས་བཤད་པའི་”རང་ཉིད་ཁ་བ་གངས་ཅན་པ་ཞིག་ཡིན་པའི་སྤོབས་པ་མེད་ལ་མི་རིགས་རིང་ལུགས་ཀྱི་འདུ་ཤེས་མེད་པར”ཟེར་བར་བསམ་བློ་ཡང་བསྐྱར་གཏོང་ན་ཡག་པོ་འདུག
རྒྱུ་མཚན་ནི་དེ་རིང་གཞིས་བྱེས་གཉིས་ན་བོད་མི་ཚོས་རང་ཉིད་བོད་བསམ་པའི་འདུ་ཤེས་དང་མི་རིགས་རང་ལུགས་ཀྱི་འདུ་ཤེས་ཟུང་ལ་བརྟེན་ནས་བོད་མའི་རང་དབང་གི་ཆེད་འབད་བརྩོན་གང་འདྲ་བྱེད་ཀྱི་འདུག་།
འདི་གའི་བོད་ཡིག་འཛིན་གྲྭ་ལ་Sleeping Class ཟེར་གི་འདུག སློབ་མ་ལ་ལ་ཞིག་གཉིད་ཁོལ་ནས་སྟུག་དྲི་གཏོང་གི་འདུག་ཟེར། མཚམས་རེར་འཛིན་གྲྭའི་སྐབས་སུ་བོད་དགེ་ཡང་གཉིད་སྐྱོག་རྒྱག་གི་འདུག