རེབ་ཐོག་མདའ།
ས་སྒང་མཐོན་པོར་གཞིས་ཁྱིམ་ཆགས་པའི་དུས་རབས་ཤིག་གི་སོ་མཚམས་ནས།།
ཡར་ཀླུང་གཞུང་ནས་བཙན་པོ་ཞིག་གི་ཞབས་རྗེས་རྙེད་པའི་སྔ་གཞུག་དེ།།
སྟོབས་འབྱོར་དབང་ཐང་མཁའ་ལ་་བསྒྲེང་བའི་སྒང་བ་བོད་པའི་ཁ་ལས་འདི།།
སྔོ་བསངས་ནམ་མཁའ་ཐད་ཀྱིས་གཅོད་པའི་གཤོག་རྩལ་རྒྱས་པའི་རྒོད་པོ་ཞིག།
མེས་དབོན་རྣམ་གསུམ་གོང་ན་བཞུགས་དུས་ལྷ་སའི་ཁྲོམ་གཞུང་སྣུམ་ཤིག་ཤིག།
དབྱངས་གསལ་སོ་བཞི་བོད་ལ་འདྲེན་དུས་རྒྱལ་འབངས་གདོང་པ་འཛུམ་ལྷུག་ལྷུག།
རྒྱ་བཟའ་བལ་བཟའ་བོད་དུ་སླེབས་པའི་གཏམ་རྒྱུད་ཞིག་གི་སྣེ་མོ་ཡང་།།
སྒང་བ་བོད་པའི་ས་ཁྱོན་འདི་ན་སྙན་པའི་གྲགས་པ་ལྡིར་རི་རི།།
དུས་ཀྱི་འགྱུར་བའི་ལོ་ཟླའི་སྣེ་ནས་གླང་དར་བཀྲོངས་པའི་ནག་ཉེས་དེས།།
ཁ་བའི་རི་ལ་ཆགས་འཇིག་རི་མོ་མ་བྲིས་གཤིས་ལ་བབས་ནས་བྱུང་།།
ནང་འཁྲུག་སློང་བའི་སྐུ་དྲག་དེ་ཚོའི་རང་ཚུགས་ཅུང་ཙམ་བརྟན་ཡོད་ན།།
ཁ་བ་བོད་པའི་ལས་དབང་འདི་ལ་ཟློག་པའི་རེ་བ་ཡོད་པར་སྙམ།།
གྲུབ་མཐའི་ཕྱོགས་ཞེན་ཟུར་ལ་འཇོག་མཁས་བསྟན་འཛིན་སྐྱེས་བུ་གཅིག་ཡོད་ན།།
སྤྱི་དོན་སྤྱི་བོ་གཙུག་དུ་བཀུར་དེ་ཡ་ས་དྲུག་པོ་གླེང་ཡོད་ན།།
དེང་རབས་གསར་བའི་རྗེས་ན་ལུས་པའི་ཁ་བ་བོད་པའི་མི་རབས་འདི།།
མདའ་གྲུ་མདུང་གསུམ་ནང་ལ་བསྐོར་ནས་ཁྲག་གི་གཏམ་རྒྱུད་འབྲི་ཚོད་མིན།།
དམ་པ་དག་གི་ཐུགས་དགོངས་རྟོགས་པའི་མི་བུ་མང་ཞིག་འཁྲུངས་ཡོད་ན།
བྱང་ཕྱོགས་རི་ནས་ནུབ་ཀྱི་གྲུ་དག་མིག་རྒྱང་རིང་པོས་མཐོང་ཡོད་བསམ།།
བླ་སྤྲུལ་ལག་ཟུང་ཁྱིམ་པའི་གྲོང་ནས་ཅུང་ཙམ་ཕྱིར་ལ་བསྐུམ་ཡོད་ན།།
རྗེས་ལུས་མིང་གི་ཕ་རོལ་ཞིག་ནས་མདུན་སྐྱོད་ལམ་ཁ་བཟོས་ཡོད་བསམ།།
གསར་བ་ཐམས་ཅད་བདུད་དུ་མཐོང་བའི་ལྟ་བ་མཁྲེགས་བཟུང་བྱས་མེད་ན།།
གསར་རྙིང་གཉིས་ཀའི་ཁུག་སོ་དེ་ནས་བསམ་བློ་ཅུང་ཙམ་བཏང་ཡོད་ན།།
ཆོལ་གསུམ་བོད་པས་ལག་རྡང་སྦྲེལ་ཏེ་དམར་པོའི་དམག་ལ་རྒོལ་བཞིན་དུ།།
ང་བཅུ་ང་དགུའི་དུས་ངན་སྣེ་ཡི་ཆངས་ཡིག་བཙན་གྱིས་བཞག་མེད་སྙམ།།
དམར་དམག་སྒྱོགས་ཁ་བོད་ལ་བསྐོར་དུས་སྐུ་ངོས་ཐུགས་སྤྲོ་བཏང་མེད་ན།།
ཆབ་མདོ་ཨ་མདོའི་བུ་རྒོད་ཚོ་ཡང་མེ་མདའི་སོ་ཁར་བརྫངས་མེད་བསམ།།
བདག་མེད་ཁེར་རྐྱང་རི་ན་ལྷག་པའི་དམར་བོ་རི་ཡི་ནང་རོལ་ཡང་།།
རྒྱ་སྐད་འཆད་པའི་རྒྱ་དམག་དེ་ཚོས་རང་སྣང་གང་ཤར་བྱས་མེད་སྙམ།།
ལྷ་ས་ལྷ་ཡི་གནས་སུ་སྒོམ་པའི་རྨོངས་པ་ཅུང་ཙམ་སངས་ཡོད་ན།།
ཨ་མདོ་ཁམས་པའི་ཕྱོགས་སུ་མ་གྱེས་ལོ་རྒྱུས་གླེགས་བམ་བཀླགས་ཡོད་ན།།
ཆོལ་གསུམ་ཕུ་ནུ་ལུང་ཚན་བར་ནས་མདེའུ་ཁ་ནང་ལ་བསྐོར་མེད་ན།།
གངས་རིའི་ལྟོ་བ་འཁྱག་གིས་བསྡམ་པའི་གྲང་ངར་དེ་ཡང་ཤེས་ཚོད་ཡིན།།
དབུས་པ་ལངས་པའི་གྱ་དགུའི་ལོ་དེར་དམར་པོས་བསམ་བློ་བཏང་ཡོད་ན།
སྟོང་ལོ་གཉིས་པའི་མི་ཤི་རྟ་འགྱེལ་རྒྱལ་ཚོགས་རྣ་བའི་གསན་ཡོད་ན།།
རང་གི་བདེ་བ་རྒྱབ་ལ་བསྐྱུར་ཏེ་ཨ་རི་ཡུ་རོབ་གཉིད་མེད་ན།།
མགོ་ནག་མི་བུ་མི་བུ་བདུན་ཅུའི་ལུས་སྲོག་མེ་རུ་བསྒྲོན་དགོས་མེད་པ་ཡིན།།
གངས་རིའི་ཕ་ས་དྲོན་མོ་དེ་ལ་ཤར་ནུབ་སེམས་པ་བརྐྱངས་ཡོད་ན།།
མེ་ཕུང་བདུན་ཅུའི་ན་ཟུག་དེ་ལ་དྲང་བདེན་རྒྱ་མ་བཏེགས་ཡོད་ན།
ཀ་ཁ་སུམ་ཅུའི་འཆི་གསོན་དེ་ལ་ཕྱི་ནང་གཉིས་ཀས་འབད་ཡོད་ན།།
ཨ་མའི་སེམས་རྩ་འཁྱག་གིས་བསྡམས་བཞིན་སྦྲ་འདབས་ཙག་གིས་བཟུང་མེད་སྙམ།།
མདོ་ཁམས་སྒང་དྲུག་མེ་རུ་འབར་དུས་དབུས་ཀྱི་ཇོ་བོ་བཤུམས་ཡོད་ན།།
བླ་མའི་མཚན་ནས་ཤུགས་ཀྱིས་འབོད་པའི་ཐ་སྙད་ཕྱི་ནས་ཐོས་ཡོད་ན།།
སྐྱ་སེར་གཉིས་ཀས་རང་དོན་སྣེ་ནས་མགོ་བོ་ཅུང་ཙམ་དགྱེ་ཡོད་ན།།
འདི་དང་ཕྱི་མའི་སོ་མཚམས་འདི་ནས་བསམ་པའི་སྣེ་ཞིག་རྙེད་པ་ཡོད།།
གཞོན་ནུའི་ལང་ཚོ་རྒྱབ་ལ་དོར་ཏེ་མེ་རུ་བསྒྲོན་པ་སུ་ཡི་དོན།།
ཟླ་གསུམ་བུ་ཆུང་དྭ་ཕྲུག་ལྷག་པའི་སྐྱོ་གདུང་དེ་ཡང་སུ་ཡི་ཆེད།།
རྒན་གཞོན་གཞིས་ཀྱི་བོད་པའི་སེམས་པ་གཏད་སོ་མེད་པའིི་དུས་འདི་ལ།།
ཨ་རོགས་བྱེས་ཀྱི་མྱིི་ཚོགས་ང་ཚོ་རང་དོན་སྣེ་མོར་འབྱར་ཕོད་དམ།།
འདུ་ཁང་གསེར་ཁང་མདུན་ན་འདུར་བའི་རྒྱ་ཁྱི་མིག་ལ་མི་རན་ཡང་།།
སྡེ་ཆེན་གྲོང་ནས་བཙན་གཏམ་འཆད་ན་སྣང་བར་དེ་འདྲ་མི་འགྲོ་བས།།
དཔལ་བོ་དཔལ་མོའི་མི་ལུས་རིན་ཆེན་མེ་ཆེན་དཀྱིལ་ན་འབར་བཞིན་དུ།།
ང་ཡི་ཕུ་ནུ་མིང་སྲིང་སེམས་ལ་སྡུག་གི་རྨ་ཁ་འཇོག་གིན་གདའ།།
བླ་མ་མཇལ་ན་འཆི་དགོས་བྱུང་ཡང་འགྱོད་མེད་སེམས་དེ་གཞིས་ན་ཡོད།།
རང་དོན་ཆེད་དུ་རང་རིགས་བརྗེ་བའི་མྱི་ཡིས་ཚོགས་ཤིག་འདི་ན་ཡོད།།
ཀ་ཁའི་དོན་དུ་གོག་འགྲོ་རྒན་པོའི་ལུས་སེམས་གཉི་ཀ་འབུལ་གྱིན་ཡང་།།
ཕྱི་སྐད་གཉོར་བཞིན་ཕ་སྐད་དོར་བའི་ཕྱི་རོལ་གྲོང་གི་མྱི་ཚོ་ཡ།།
མེ་ལ་འཐིམས་པའི་མི་བུའི་རྣམ་ཤེས་བར་དོའི་གྲོང་ན་འདུར་བཞིན་དུ།
དྲག་པོའི་དམག་གི་མཚོན་ཆའི་སྣེ་ན་དཔའ་བོ་དཔའ་མོ་མཆོངས་བཞིན་དུ།།
ཕ་མས་སྙིང་རྩ་དུམ་བུར་བཅད་ཀྱང་སྤྱི་དོན་ངག་ན་གླེང་བཞིན་དུ།།
སྐྱབས་བཅོལ་མྱི་ལ་རེ་བ་སྟོང་གི་མིག་ཟུང་མཆི་མས་བརླན་དེ་གདའ།།
ཕྱི་ལོ ༢༠༡༢ ཟླ ༡༡ ཚེས།
༡༦་ཉིན་རི་ཁ་བ་ཅན་གི་འཆི་གསོན་གཉིས་ཀར་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་ཕུལ།
ཡོད་ན་བྱུང་ན་འགྲིག་ན་གསུམ།།
སྐད་ཆའི་ནང་གི་ཐ་མ་ཡིན།།
མེ་འདའི་སོ་ཁ་ནང་དུ་བསྒྱུར་ཏེ་རྒྱ་དམག་ནང་དུ་དྲངས་མེད་ན།
གྲུབ་མཐའི་ཞེན་ཆགས་མུག་བློས་བཅིངས་ཤིང་མེས་པོའི་སྐྱེས་ཆེན་བརླག་མེད་ན།
མདའ་གྲི་མཚོན་གྱིས་འབུག་ཐབས་བྲལ་བའི་དཔའ་རྒོད་རེ་འགའ་བསད་མེད་ན།
ལག་དམར་དགྲ་བོ་གདོང་ཐུག་བརྒྱབ་ཉིན་འཕངས་པས་རྗེས་དྲན་བྱ་དགོས་ཅི།
ང་ཚོའི་མིའུ་དུང་དྲུག་གི་རྒྱུད་ལས།
བོད་རིགས་བཙན་པོ་དང་ཆོས་རྒྱལ་འཁྲུངས།
ཆོལ་ཁ་གསུམ་གྱི་བོད་རིགས་ལས།
ངའི་ཕུ་ནུ་དང་མིང་སྲིང་འཁྲུངས།
ཨ་མའི་བུ་ལོ་བསྐྱུར་ནས་མ་ཕེབ་རོག་།
ལོ་ཆུང་ཕ་མ་བཞག་ནས་མ་འགྲོ་རོག་།
ལོ་ལོན་བུ་ཚ་གཡུག་ནས་མི་འབར་རོག་།
གྲ་བའི་དགོན་སྡེ་བསྐྱུར་ནས་མ་ཚིག་རོག་།
གངས་ལྗོངས་ཁ་བར་བཅིངས་བའི་ལྷགས་བསམས་གཅིག་།
ལ་རྒྱ་འབུར་དུ་ཐོན་པའི་སྙིང་སྟོབས་གཉིས་།
སྔོན་མེད་ལོ་རྒྱུའི་བསྲུན་པའི་རྡོ་རིང་གསུམ་།
སྙིང་ནས་མི་བརྗེད་ད་ནི་འཚམ་འཇོག་ཞུ་།
གྲོགས་པོ་ཚོ་འཚམ་འཇོག་གི་རེ་བ་དཀར་བོ་ཞིག་ང་ཡའིི་རེ་་འདོད་དང་ཕུག་བསམ་ཡིན་
ཚིག་ལ་དབང་ཐོབ་པའི་སྙན་ངག་པ་ཟེར་ན་འདི་འདྲི་ཞིག་ལ་ཟེར། ཐེངས་གཉིས་བཀླགས་ཀྱང་་་ད་རུང་གྲོད་ཁོག་མ་རྒྱག་ཐལ་་་དེ་རིང་ཉིན་གང་བོར་བཀླག་དགོས་ཐུབ་སོང་ང་།