རྐ་འོད་ཟེར་གྱིས་བསྒྱུར།
རྫོས་ཌན་ཡོས་སཱ་ཧྥེ་ཡི་གཏམ་བཤད། ༼ངའི་བུ་མོ་མཱ་ལཱ་ལཱ།༽
སྤྱིར་ཕ་རྒྱུད་གཙོ་བའི་སྤྱི་ཚོཊ་དང་རིགས་རྒྱུད་མང་པོའི་ཁྲོད་ཕ་ནི་བུས་གསལ་པོ་ཤེས་ཤིང་རྒྱུས་མངའ་ཆེ་བ་ཡིན། འོན་ཀྱང་ཕྲན་ནི་བུ་མོས་རྒྱུས་མངའ་ཆེ་བའི་ཕ་ཉུང་ཤས་གྲས་ཀྱི་གཅིག་ཡིན། དེ་ནི་བདག་གི་གཟི་བརྗིད་དང་སྤོབས་པ་ཞིག་དུའང་འཁུམས།
(ཉན་མཁན་གྱི་ཐལ་མོ་རྡེབ་སྒྲ)
༢༠༠༧ ལོར་མཱ་ལཱ་ལཱ་ཤེས་ཡོན་དང་རང་ཉིད་ཀྱི་ཐོབ་ཐང་ཆེད་ལངས་བའི་ལས་འགུལ་འདི་འགོ་བཙུགས་པ་དང་། ༢༠༡༡ ལོར་པཱ་ཀི་སི་ཐན་ནང་ཁོ་མོའི་ལས་འགུལ་ལ་གུས་བརྩི་དང་། རྒྱལ་ཡོངས་ན་གཞོན་ཞི་བདེའི་རྟགས་མ་ཐོབ་ནས་ཧ་ཅང་མིང་གྲགས་ཅན་གྱི་ལོ་ཆུང་བུ་མོ་ཞིག་ཆགས་པ་རེད། དེའི་སྔོན་ཁོ་མོ་ངའི་བུ་མོ་ཡིན་ན་ཡང་། ད་ནི་ང་ཁོ་མོའི་ཨ་ཕར་གྱུར་བ་རེད། སྐུ་ཞབས་དང་སྲས་མོ་རྣམས་པ།གལ་ཏེ་ང་ཚོས་འགྲོ་བ་མིའི་ལོ་རྒྱུས་ཁྲོད་འཁྱུག་ཙམ་བལྟས་པ་ཡིན་ན། བུད་མེད་ཀྱི་ལོ་རྒྱུས་ནི་འདྲ་མཉམ་མེད་པ་དང་དྲང་བདེན་མེད་པ་གཡོག་བཀོལ་དང་འཚེ་བའི་ཁེངས་པ་ཞིག་རེད།
ཁྱེད་ཀྱིས་སོམས་དང་། ཕ་རྒྱུད་གཙོ་བའི་སྤྱི་ཚོགས་ཁྲོད་བུ་མོ་ཞིག་སྐྱེས་ན་དང་པོ་ནས་བཙས་སྟོན་མེད་པ་དང་ཁོ་མོར་ཕ་མ་གཉིས་ཀས་དགའ་བསུ་མེད། བུ་མོ་ཞིག་སྐྱེས་ཚེ་ཨ་མ་དེར་ཁྱིམ་མཚེས་རྣམས་ཀྱིས་སེམས་གསོ་བྱེད་པ་དང་ཕ་ལ་སུས་ཀྱང་མཚམས་འདྲི་དང་ཤིས་བརྗོད་མི་བྱེད། བུ་མོ་ཞིག་སྐྱེས་ཚེ་ཨ་མ་དོགས་མི་བདེ་བ་མ་ཟད་ཕྲུ་གུ་ཐོག་མ་བུ་མོ་ཞིག་སྐྱེས་ཚེ་སྐྱོ་སྣང་དང་ཕྲུག་གུ་གཉིས་པའང་བུ་མོ་ཞིག་སྐྱེས་ཚེ་བུ་ཞིག་འདོད་པའི་རེ་བའི་འོག་ཧ་སང་པར་བྱེད་ལ་ཕྲུག་གུ་གསུམ་པའང་བུ་མོ་ཞིག་སྐྱེས་ཚེ་ཨ་མ་དེ་ནི་ཉེས་ཅན་ཞིག་དང་འདྲ་བར་སྣོངས་འགྱོད་བྱེད་པ་རེད།
དེ་ལྟར་མ་གཅིག་བུ་ལ་དཀའ་ངལ་ཡོད་པ་ཙམ་མ་ཡིན་དེ། གསར་དུ་སྐྱེས་བའི་བུ་མོ་འང་རིམས་བཞིན་ཆེར་སོན་ནས་ལོ་ལྔ་ཙམ་ན་སློབ་ལོ་ལོན་ཏེ་མོའི་མིང་བོ་རྣམས་སློབ་གྲྭར་སྐྱོད་སྐབས་ཁོ་མོ་ནི་ཁྱིམ་དུ་སྡོད་དགོས་པ་ཡིན། གང་ལྟར་ལོ་བཅུ་གཉིས་བར་དུ་བུ་མོ་དེ་ལ་ཅུང་འཚོ་བ་སྐྱིད་པོ་ཞིག་ཡོད་པ་ནི་ཁོ་མོ་ཕྱེ་ལེབ་ཞིག་དང་འདྲ་བར་ཁྲོམ་སྲང་གང་སར་གྲོགས་པོ་ཚོ་དང་ལྷན་དུ་རྩེད་འཇོར་རོལ་ཐུབ་པ་རེད། བུ་མོ་ཚོ་ལོ་བཅུ་གསུམ་ལོན་པ་ནས་སྐྱེས་པ་ཞིག་མཉམ་དུ་མེད་པར་ཁྱིམ་ནས་ཕྱིར་ཀྱང་སྐྱོད་མི་ཆོག་པ་ཡིན། ཁོ་མོ་ཚོ་ནི་ཁྱིམ་གྱི་གྱང་བཞིའི་བར་ན་བཀལ་སྐྱིལ་བྱས་ཡོད། དེ་ནས་བཟུང་ཁོ་མོ་ཚོ་ནི་རང་དབང་ཅན་གྱི་གང་ཟག་སྒེར་བ་ཞིག་ག་ལ་ཡིན། ཁོ་མོ་ཚོ་ནི་རང་གི་ཕ་མ་དང་གཅེན་གཅུང་ནང་མི་ལ་གུས་བརྩི་ཅན་ཞེས་པ་དེ་ཡིན་དགོས་པ་རེད། གལ་ཏེ་ཁོ་མོ་ཚོ་དེ་དང་རྒྱབ་ཀྱིས་ཕྱོགས་ཚེ་གསོད་ཡང་སྲིད་པ་རེད།
ད་དུང་དབྱིངས་ཡོད་པ་གཅིག་བཤད་ན་གུས་བརྩི་ཅན་ཞེས་པ་དེ་བུ་མོ་ཚོ་གཅིག་པུར་འབྲེལ་བ་ཞིག་མ་ཡིན་ཏེ་དེ་ནི་ནང་མིའི་ཁྲོད་ཀྱི་བུ་ཚོའི་འཚོ་བར་ཡང་ཤུགས་རྐྱེན་ཡོད་པ་ཞིག་ཡིན། ངས་བུ་མོ་སྤུན་བདུན་དང་བུ་གཅིག་ཡོད་པའི་མི་ཚང་ཞིག་ཤེས། བུ་དེ་མཚོ་འབྲེལ་རྒྱལ་ཁབ་ཁག་ལ་སྐྱོད་བཞིན་ཁོ་པའི་ཕ་མ་དང་སྲིང་མོ་རྣམས་ལ་འཚོ་བ་སྒྲུབ་བཞིན་ཡོད། ཁོས་དེ་ལྟར་བྱེད་དོན་ནི་གལ་ཏེ་ཁོའི་སྲིང་མོ་རྣམས་ཀྱིས་ལག་ཤེས་རེ་སྦྱང་ནས་ཁྱིམ་ནས་ཐོན་ཏེ་ཁོ་ཚོའི་འཚོ་བ་བཙལ་ཚེ་ཁ་སྐྱེངས་པོ་ཡོང་གི་རེད་སྙམ་པ་རེད། དེ་ལྟར་གུས་བརྩི་ཅན་ཞེས་བའི་མིང་འོག་ནས་ཁོས་རང་ཉིད་ཀྱི་འཚོ་བའི་སྤྲོ་སྐྱིད་དང་སྲིང་མོ་རྣམས་ཀྱི་འཚོ་བའི་འགྱུར་ལྡོག་གི་བདེ་སྐྱིད་དེ་བློས་གཏོང་བ་རེད།
ད་དུང་ཕ་རྒྱུད་གཙོ་བའི་སྤྱི་ཚོགས་ཁྲོད་ཀྱི་གནས་ཚུལ་གཞན་ཞིག་ནི་ཁ་ལ་ཉན་པོ་ཞེས་པ་དེ་རེད། སྤྱི་ཚོགས་དེའི་ནང་བུ་མོ་ཞིག་ཡིན་ཚེ་ཧ་ཅང་སྙོམས་ཆུང་དང་ཁ་ལ་ཉན་པོ་ཁུ་སུམ་པོ་ཞིག་དགོས་པ་ཡིན། དེ་ནི་བུ་མོ་བཟང་པོ་ཞིག་ཡིན་པའི་ཚད་གཞི་རེད། བུ་མོ་ནི་ཁ་ཁུ་སུམ་པོ་དང་ཐ་ན་ཁོ་མོ་མོས་པ་མེད་ཀྱང་ཕ་མ་དང་ཆེ་བས་ཐག་བཅད་པར་ཉན་མཁན་ཞིག་དགོས། གལ་ཏེ་ཁོ་མོ་མི་དགའ་བའི་སྐྱེས་པ་ཞིག་གམ་རྒན་པོ་ཞིག་དང་གཉེན་སྒྲིག་དགོས་བྱུང་ཡང་དང་དུ་ལེན་དགོས་པ་ཡིན་ཏེ་ཁོ་མོ་མི་ཚེར་ཁ་ལ་མི་ཉན་པའི་བུ་མོ་ཞེས་འབོད་མི་འདོད་པས་སོ། ཁོ་མོ་ལོ་ན་ཆེས་ཆུང་དུས་ནས་གཉེན་སྒྲིག་དགོས་བྱུང་ཡང་ཁ་ལ་ཉན་ན་མ་གཏོགས་མོ་ནི་ཁ་ལ་མི་ཉན་མཁན་ཞེས་འདོགས་པར་འགྱུར་ལ་མཐར་ཆགས་སྤྱོད་ཁོ་ནའི་ཆེད་གཉེན་སྒྲིག་མཁན་ཞེས་འབོད་པར་འགྱུར་ཅིང་བུ་མོ་ལས་བུ་མང་དུ་བཙའ་དགོས། འདི་ལྟ་བུའི་མ་ཞིག་གི་གནས་སྟངས་ལས་ལྡོག་སྟེ་ཁོ་མོས་རང་གི་བུ་མོ་དག་ལ་ཁ་ལ་ཉན་པོ་ཞེས་བའི་སློབ་ཚན་གཅིག་པ་བསླབ་་ དགོས་ལ་བུ་རྣམས་ལ་ཡང་བརྩི་བཀུར་ཅན་ཞེས་བའི་སློབ་ཚན་གཅིག་པ་བསླབ་དགོས་བའི་སྐྱར་འཁོར་གྱི་སྐྱོ་གནས་འདི་མུ་ནས་མུར་མཐུད་པ་ཡིན།
སྲས་མོ་དང་སྐུ་ཞབས་རྣམ་པ། གལ་ཏེ་ང་ཚོས་བལྟ་སྟངས་འདི་བསྒྱུར་ཐུབ་ན། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོའི་ནང་གི་ཕ་རྒྱུད་གཙོ་བའི་སྤྱི་ཚོགས་ཁྲོད་ཀྱི་མི་རྣམས་ཀྱི་བསམ་བློ་འདི་བསྒྱུར་ཐུབ་ན། ཁྱིམ་ཚང་གི་རྒྱུན་སྲོལ་དང་སྤྱི་ཚོགས་ཀྱི་རྒྱུན་སྲོལ་འགའ་ཞིག་བསྒྱུར་ཐུབ་ན། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་འགལ་ཞིང་བུད་མེད་ཀྱི་ཐོབ་ཐང་རྡོག་རོལ་གཏོང་བའི་དབྱེ་འབྱེད་ཀྱི་ཁྲིམས་གཞི་འདི་དག་ཁོ་ཚོའི་རྒྱལ་ཁབ་ནང་མཇུག་བསྒྲིལ་ཐུབ་པ་ཡིན་ན་འདི་ལྟ་བུའི་བུད་མེད་འབུམ་ཕྲག་མང་པོའི་སྐྱོ་གནས་དེར་འགྱུར་བ་གཏོང་ཐུབ་པ་ཡིན།
བརྩེ་བའི་གཅེན་གཅུང་རྣམ་པ། དྲང་མོར་བཤད་ན་དང་པོ་མཱ་ལཱ་ལཱ་སྐྱེ་དུས་ང་བྱིས་པ་གསར་དུ་བཙའ་བར་མི་དགའ། ཡིན་ན་ཡང་ཁོ་མོ་བཙས་ཏེ་ངས་ཁོ་མིག་མདངས་མཐོང་རྗེས་ང་ལ་འགོག་མེད་ཀྱི་སྤྲོ་གུས་བརྟས་བྱུང་། ཁོ་མོ་མ་སྐྱེས་སྔོན་གྱི་དུས་ཡུན་རིང་པོ་ཞིག་ལ་ངས་མོ་ལ་མིང་ཅི་འདོགས་རྒྱུར་བསམ་བློ་བཏང་། ཨཱ་ཧྥི་གྷ་ནི་སི་ཐན་གྱི་རང་བཙན་འཐབ་རྩོད་པ་ཞིག་གི་མིང་གིས་ངའི་ཡིད་དབང་འཕྲོག་སོང་། ཁོ་མོའི་མིང་ལ་མཱ་ལཱ་ལཱ་མཱེ་བཱན་ཌ་ཟེར།
དེར་བརྟེན་ངའི་བུ་མོར་ཁོང་གི་མིང་གི་ཆ་ཤས་ཞིག་བཏགས་པ་ཡིན། ངའི་བུ་མོ་མཱ་ལཱ་ལཱ་སྐྱེས་ནས་ཉིན་འགའི་རྗེས་སུ་ངའི་གཉེན་ཉེ་ཞིག་ང་ཚོའི་ཁྱིམ་དུ་འབྱོར་ཞིང་ཁོས་ཡོས་སཱ་ཧྥེ་སྟེ་ང་ཚོའི་མི་ཚང་གི་མི་རྒྱུད་སྡོང་འགྲེམ་ཅིག་ཁྱེར་ཡོང་འདུག་དེ་ནི་སྟབས་ཁེལ་བ་ཞིག་རེད། མི་རྒྱུད་སྡོང་འགྲེམ་དེ་ནི་ལོ་ངོ་སུམ་བརྒྱའི་སྔོན་ཏེ་ང་ཚོའི་མེས་པོ་ཚོར་གཏུག་པ་ཞིག་རེད། ཡིན་ན་ཡང་ངས་མི་རྒྱུད་སྡོང་འགྲེམ་དེར་ཞིབ་ཏུ་བལྟས་ཚེ། ཚང་མ་ཕོའི་མིང་རྐྱང་རྐྱང་རེད། ངས་སྨྱུག་གུ་བཏོན་ཏེ་ངའི་མིང་གི་འོག་ཏུ་འཕྲེད་ཐིག་ཞིག་འཐེན་ནས་མཱ་ལཱ་ལཱ་ཞེས་བྲིས་པ་ཡིན།
མཱ་ལཱ་ལཱ་ལོ་བཞི་དང་ཕྱེད་ལ་སོན་པ་ན་ཁོ་མོ་ངའི་སློབ་གྲྭའི་ནང་སློབ་འཇུག་བྱས་པ་ཡིན། ཁྱེད་ཀྱིས་ང་ལ་བུ་མོ་ཞིག་སློབ་འཇུག་བྱས་པ་འདིར་བརྗོད་དགོས་དོན་ཅི་ཞེས་འདྲི་སྲིད། རེད་ངས་ངེས་པར་དུ་འདི་བརྗོད་པར་རིགས། བུ་མོ་སློབ་འཇུག་བྱེད་པ་ནི་ཁ་ཌའི་དང་ཨ་རི་སོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོའི་ནང་དེ་ནི་ཕལ་ཆེར་གཏན་ཁེལ་བ་ཞིག་དང་རྒྱུན་ལྡན་ཞིག་རེད། ཡིན་ན་ཡང་ཐབས་སྐྱོ་བའི་རྒྱལ་ཁབ་དག་གི་ནང་དུ་སྟེ་ཕ་རྒྱུད་གཙོ་བའི་སྤྱི་ཚོགས་དང་རིགས་རྒྱུད་ཀྱི་ཁྲོད་དུ་བུ་མོ་ཞིག་གི་མི་ཚེར་མཚོན་ན་དེ་ནི་བྱུང་བ་ཧ་ཅང་ཆེན་པོ་ཞིག་རེད། བུ་མོ་ཞིག་སློབ་གྲྭར་ཐོ་འགོད་བྱས་པ་ནི་ཁོ་མོར་མཚོན་ན་ཧ་ཅང་མཐོང་ཆེན་དང་གཙིགས་འཛིན་བྱས་པ་ཞིག་རེད།
བུ་མོ་ཞིག་ལ་མཚོན་ན་སློབ་འཇུག་བྱས་པ་ནི་ཡུན་རིང་རེ་ཞིང་སྒུག་པའི་རྨི་ལམ་གྱི་ཞིང་དུ་བསྐྱལ་བ་ཡིན་ལ་དེར་ཁོ་མོས་རང་ཉིད་ཀྱི་མ་འོངས་བའི་ཆེད་དུ་རང་ཉིད་ཀྱི་འཇོན་ནུས་སྟོན་ཐུབ་པ་རེད། ང་ལ་སྲིང་མོ་ལྔ་ཡོད་ཡིན་ན་ཡང་ཁོ་མོ་ཚོའི་གྲས་ནས་གཅིག་ཀྱང་སློབ་གྲྭ་འགྲོ་ཐུབ་མེད། ངས་འདི་ལྟར་བཤད་ཚེ་ཁྱེད་རང་རྦད་དེ་ཧ་ལས་འགྲོ་ངེས། བདུན་ཕྲག་གཉིས་ཀྱི་སྔོན་ངས་ཁ་ཎ་ཌའི་མཐོངས་མཆན་འགེང་ཤོག་ལས་ནང་མི་སྐོར་སྐོང་སྐབས་ངས་རང་ཉིད་ཀྱི་སྲིང་མོ་འགའ་ཤས་ཀྱི་རུས་མིང་དྲན་གྱི་མི་འདུག
རྒྱུ་མཚན་ནི་ངའི་སྲིང་མོ་དག་གི་མིང་ནི་ཡིག་ཆ་གང་ཡང་རུང་བ་ཞིག་གི་ཐོག་དུ་གཏན་ནས་བཀོད་མྱོང་དང་མཐོང་མྱོང་མེད་པས་རེད། དེར་བརྟེན་དེ་ནི་ངས་རང་ཉིད་ཀྱི་བུ་མོ་གལ་ཆེན་བྱེད་དོན་དེ་ཡིན། ངའི་ཨ་ཕས་རང་ཉིད་ཀྱི་བུ་མོ་ཚོར་སྤྲོད་མ་ཐུབ་པའི་རྒྱུད་རིམ་དེ་ད་ནི་ངའི་ངོས་ནས་ངེས་པར་དུ་བསྒྱུར་དགོས་པར་འདོད།
ངས་རང་ཉིད་ཀྱི་བུ་མོའི་སྤྱང་གྲུང་དང་རིག་སྟོབས་ལ་བསྔགས་བརྗོད་བྱས་པ་ཡིན། ངའི་གྲོགས་པོ་ཚོ་ངེད་ཚང་ལ་ཡོང་སྐབས་ཀྱང་ངས་རང་གི་བུ་མོ་ང་དང་མཉམ་དུ་འདུག་དུ་བཅུག་པ་ཡིན། ད་དུང་ངས་ཁོ་མོ་ང་དང་མཉམ་དུ་ཚོགས་འདུ་མི་འདྲ་མང་པོར་འགྲོ་བར་བསྐུལ་མ་བྱས་པ་ཡིན། ངས་གལ་ཆེ་པོ་དང་རིན་ཐང་ཡོད་པ་ཚང་མ་ཁོ་མོའི་གཤིས་རྒྱུད་ལ་འཇགས་ཐབས་བྱས་པ་ཡིན། ངས་འདི་ལྟར་རང་ཉིད་ཀྱི་བུ་མོ་གཅིག་པུའི་ཆེད་སྒྲུབ་པ་འང་མིན་ཏེ་ངའི་སློབ་གྲྭའི་ནང་གི་སློབ་ཕྲུག་བུ་བུ་མོ་ཚང་མར་འདི་ལྟར་བྱས་པ་ཡིན། ངས་ཤེས་ཡོན་དེ་རང་དབང་གི་ཆེད་དུ་བཀོལ་བ་ཡིན། ངས་སློབ་མ་བུ་མོ་ཚོར་ཕ་རྒྱུད་གཙོ་བའི་སྤྱི་ཚོགས་ཁྲོད་ཀྱི་ཁ་ལ་ཉན་པོ་ཞེས་པའི་སློབ་ཚན་དེ་སློབ་མི་དགོས་ཚུལ་བསླབས་པ་ཡིན་ལ་ངས་སློབ་མ་བུ་ཚོར་བརྩི་བཀུར་ཅན་ཞེས་པའི་གནས་ལུགས་མེད་པ་དེ་སློབ་མི་དགོས་ཚུལ་བསླབས་པ་ཡིན།
བརྩེ་བའི་མིང་སྲིང་རྣམ་པ། ང་ཚོས་བུད་མེད་ཀྱི་ཐོབ་ཐང་ཇེ་ལེགས་སུ་འགྲོ་ཆེད་དུ་འཐབ་རྩོད་བྱས་པ་ཡིན། ང་ཚོས་སྤྱི་ཚོགས་ཁྲོད་བུད་མེད་ལ་གོ་སྐབས་མང་ནས་མང་དུ་ཡོངས་རྒྱུར་འབད་པ་ཡིན། ཡིན་ན་ཡང་ང་ཚོ་དོན་རྐྱེན་གསར་བ་ཞིག་དང་ཕྲད་བྱུང་། དེ་ནི་འགྲོ་བ་མིའི་ཐོབ་དང་འགལ་ཞིང་ལྷག་པར་བུད་མེད་ཀྱི་ཐོབ་ཐང་ལ་འཁུ་བ་ཞིག་རེད། དེ་ནི་ཐྲ་ལའེ་བྷན་ཚོགས་པ་ཟེར་བ་དེ་རེད། ཁོ་ཚོས་ཆབ་དཔལ་གཉིས་ཀྱིས་མཚོན་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་རྣམས་སུ་བུད་མེད་མཉམ་ཞུགས་བྱེད་པར་ཁྱོན་ཡོངས་ནས་བཀག་འགོག་བྱེད་པ་རེད། བུ་མོ་ཚོ་སློབ་གྲྭར་འགྲོ་རྒྱུ་བཀག་འགོག་བྱས་ཤིང་སློབ་གྲྭ་བརྒྱ་ཕྲག་མང་པོ་རྩ་བརླག་བཏང་། བུད་མེད་ཚོར་གདོང་ཡོལ་གྱོན་རྒྱུར་བཙན་བསྐུལ་བྱས་པ་དང་ཁྲོམ་དུ་འགྲོ་བ་ཡང་བཀག་འགོག་བྱས། བུ་མོ་རྣམས་གཅར་རྡུང་བཏང་ཞིང་གཞས་པ་དག་བསད། རོལ་དབྱངས་སྒྱུ་རྩལ་བ་དག་ཀྱང་དགུན་གྱི་ཁུ་བྱུག་གི་ཟླ་རུ་བཏང་། མི་ས་ཡ་མང་པོ་སྡུག་བསྔལ་གྱིས་མནར་བའི་ཁྲོད་རེ་ཟུང་གིས་ཤེས་ཡོན་དང་ཐོབ་ཐང་གླེང་བར་བྱེད། གསོད་ཅིང་རྡུང་བའི་མི་རྣམས་ཀྱིས་མཐའ་ཡོངས་སུ་སྐོར་བའི་དབུས་ནས་རང་ཉིད་ཀྱི་ཐོབ་ཐང་གླེང་བ་ནི་ཅི་འདྲིའི་འཇིཊ་ཡེར་བ་ཞིག་ཡིན་ངེས། དེ་ནི་ངོ་མ་ཆེས་འཇིགས་སུ་རུང་བ་ཞིག་རེད།
མཱ་ལཱ་ལཱ་ལོ་བཅུར་སོན་པ་ན་ཤེས་ཡོན་རང་དབང་གི་ཆེད་དུ་ལངས་བ་རེད། ཁོ་མོས་བྷེ་བྷེ་སི་པོད་ཁུག་ནང་ཉིན་ཐོ་བྲིས་པ་དང་ནེའུ་ཡོག་དུས་བབ་ཁག་ཏུ་རྩོམ་འགོད་རྒྱུ་དང་དུ་བླངས། ཁོ་མོས་སྡིངས་ཐོབ་ཚད་ཚང་མ་ནས་སྐད་ཆ་བཤད་པས་ཁོ་མོའི་འབོད་སྒྲར་སྟོབས་ཤུགས་ཀུན་ནས་རྒྱས་ཤིང་འཛམ་གླིང་གི་ཕྱོགས་ཡོངས་སུ་གྲགས་པ་རེད། ཐྲ་ལའེ་བྷན་གྱིས་ཁོ་མོའི་ལས་འགུལ་ལ་བཟོད་སྲན་མི་ཐུབ་རྐྱེན་ཡང་དེ་ཁོ་ན་ལས་མ་འདས། གཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་བའི་ཚེས་དགུར་ཁོ་མོའི་མགོར་མེ་མདའ་རྒྱབ་པ་རེད།
དེ་ནི་ང་དང་ངའི་ནང་མིར་མཚོན་ན་ཆེས་མི་ལེགས་པའི་ཉིན་མོ་ཞིག་སྟེ་འཇིག་རྟེན་ཧྲིལ་བོ་མུན་ནག་གི་གོང་བུར་གྱུར་སོང་། ངའི་བུ་མོ་ཤི་གསོན་གཉིས་ཀྱི་མཚམས་སུ་ལུས་སྐབས། ངས‘‘ངེད་གཉིས་ཀྱི་བུ་མོར་བྱུང་བའི་དོན་རྐྱེན་དེར་ང་ལ་ལེ་གདའ་བྱར་འོས་སམ”ཞེས་ངའི་ཆུང་མའི་རྣ་བར་ཤུབ་བུར་དྲིས་ཚེ། ཁོ་མོས་མགྱོགས་མྱུར་ངང་‘‘ཁྱེད་ཀྱིས་རང་ཉིད་ལ་ལེ་གདའ་གཏན་ནས་མ་བྱེད་རོགས། ཁྱེད་ཀྱིས་མི་ཚེའི་ཉེན་ཁར་མ་འཛེམས་པར་ཐོབ་ཐང་དང་དྲང་བདེན་ཞི་བདེ་ཤེས་ཡོན་བཅས་ཀྱི་ཆེད་དུ་ལངས་བར་བུ་མོས་མིག་དཔེ་བལྟས་པ་རེད། ཁྱེད་རང་གཉིས་ཀྱི་ལམ་ཀ་དེ་མ་ནོར་བ་ཞིག་རེད་དཀོན་མཆོག་གིས་ཁྱེད་གཉིས་ལ་མགོན་སྐྱབས་མཛད་ངེས་རེད་ཟེར།” ཚིག་འབྲུ་འདི་དག་ང་ལ་མཚོན་ན་ཧ་ཅང་རྩ་ཆེ།
དེ་ནས་བཟུང་ངས་དྲི་བ་འདི་སྐྱར་དུ་གཏན་ནས་མ་དྲིས། མཱ་ལཱ་ལཱ་ཡི་གདོང་གི་རྩྭ་བཅད་འདུག་པས་ཁོ་མོ་སྨན་ཁང་དུ་སྡོད་སྐབས་ན་ཟུག་དང་མགོ་གཟེར་དྲག་པོ་སྐྱེས། ངའི་ཆུང་མའི་བཞིན་རིས་ནག་རོག་གེར་གྱུར་ན་ཡང་ངའི་བུ་མོས་ནམ་ཡང་སྡུག་སྐད་མ་བཏོན། ད་དུང་ཁོ་མོས་བཤད་རྒྱུར་ང་ལ་སྐྱོན་མི་འདུག ངའི་ཚོར་བ་མེད་པའི་བཞིན་གྱི་འཛུམ་མདངས་འཁྱོག་པོ་ལས་ང་རང་འགྲིག་འགྲོ་ཀི་རེད་ཐུགས་ཁྲལ་མ་གནང་རོགས་ཟེར། ཁོ་མོ་ནི་ངེད་ཀྱི་སེམས་གསོ་ཡིན། ཁོ་མོས་ངེད་ཅག་བག་ཕེབས་སུ་བཅུག་བྱུང་།
བརྩེ་བའི་མིང་སྲིང་རྣམས་པ། ང་ཚོས་ཁོ་མོ་ལས་ཆེས་ཆེ་བའི་དཀའ་ཁག་ལ་གདོང་ལེན་བྱེད་སྟངས་ཤེས་བྱུང་། མཱ་ལཱ་ལཱ་ནི་བུད་མེད་དང་བྱིས་པའི་ཐོབ་ཐང་གི་ཚོན་དཔེ་ཞིག་ཡིན་པ་ལས་གཞན་ཁོ་མོ་ནི་ལོ་ན་བཅུ་དྲུག་ཅན་གྱི་བུ་མོ་ཞིག་དང་གཅིག་མཚུངས་ཡིན་ཏེ་ཁོ་མོ་ནང་སྦྱོང་བྲིས་མ་ཚར་ན་ངུ་བ་དང་། ཁོ་མོས་མིང་པོ་ཚོར་ཁ་རྩོད་རྒྱག་པ་རེད། མོས་དེ་ལྟར་བྱས་པར་ང་ཧ་ཅང་དགའ།
མི་ཚོས་ང་ལ་ཁྱེད་ཀྱིས་འདི་ལྟར་མཱ་ལཱ་ལཱ་ཧ་ཅང་འབུར་དུ་ཐོན་པ་ཞིག་དང་བློ་སྤོབས་ཅན་ཞིག་བཤད་ཕོད་པ་དང་སྒྲུབ་ཕོད་པོ་ཞིག་ཡོང་བའི་མཛུབ་སྟོན་ཅི་ཞིག་བྱས་པ་ཡིན་ཟེར། ངས་ཁོ་ཚོར་ཁྱོས་ཚོས་ངས་ཅི་ཞིག་བྱས་པ་མ་འདྲི། ངས་ཅི་ཞིག་མ་བྱས་པ་ཕྲིས་དང་ཅེས་བཤད་པ་ཡིན། ངས་ནི་ཁོ་མོའི་གཤོག་པ་དག་མ་གཏུབ་པ་ཁོ་ནའོ།། །།
བཀའ་དྲིན་ཆེ།
(ཉན་མཁན་གྱི་ཐལ་མོ་རྡེབ་སྒྲ) བཀའ་དྲིན་ཆེ།
གཏམ་བཤད་འདི་ནི་བུ་མོ་འདིའི་ཨ་ཕ་དངོས་དེས་གཏམ་བཤད་རེད་དམ།གལ་ཏེ་ཡིན་ན་བུ་མོ་ཐོབ་ཐང་གི་སྙིང་སྟོབས་སྐྱེས་པ་ཨ་ཕས་གནང་འདུག་པས་ཨ་ཕ་ལ་གུས་བརྩི་ཡོད།
བུ་མོ་མ་ལ་སྐད་གྲགས་ཆན་པོ་བཟོ་མཁན་ཏ་ལི་ཝན་རེད་དངོས་འབྲེལ་བྱས་ན་་
ཏ་ལི་ཝན་ལ་ཐུགས་རྗེ་ཆེ་ཞུ་་དགོས་པ་རེད་་།
འཛམ་གླིུང་ནང་མི་སྐད་གྲགས་ཆེ་བ་ཚང་མ་གཞན་གྱི་བྱེད་ལས་དང་་འབྲེལ་
ནས་བཟང་པོའི་སྐད་གྲགས་དང་ངན་པའི་སྐད་གྲགས་་བཟོ་བ་རེད་།
ཏ་ལི་ཝན་མེད་ན་བུ་མ་ལ་པ་ཀི་སི་ཏན་གྱི་གཟྲོང་གསེབ་གྱི་བུ་མོ་མ་ལ་་རང་རེད་།བུ་མོ་མ་ལ་ངང་འབྲེལ་ཆགས་ཚང་མས་ཏ་ལི་ཝན་ལ་ཐུགས་རྗེ་ཆེ་ཞུ་དགོས་་པ་
རེད་དེ་ལ་ངོ་ཚ་དགོས་པ་མ་རེད་་ཤེས་་སོང་ངམ་།
ང་ཚོའི་སྤྱི་ཚོགས་ཁྲོད་ན་ཡང་བུ་མོ་སློབ་གྲྭར་སྐྱེལ་མ་ཐུབ་ཀྱང་དེ་ཙམ་སྐྱོན་མེད་འདོད་པའི་ལྟ་ཚུལ་གྱི་ན་རོ་ཞིག་ད་དུང་སང་དྲག་ཏུ་སོང་མི་འདུག འདི་ན་ཕ་ཞིག་གི་སྙིང་སྟོབས་དང་མཁས་མཛངས་མ་ཞིག་གི་བརྩེ་བ་དང་ཐུགས་ཁུལ་བཅས་འཁྱིལ་འདུག་པར་འདོད།
ངའི་ཨ་ཁུ་དང་ཨ་ནེ་ཚོའི་ཁྲོད་ནའང་ཕ་རྒྱུད་གཙོ་བའི་སྤྱི་ཚོགས་ལྟར། གནས་ཚུལ་དངོས་མ་ཤེས་པའི་སྐྱོ་གར་རེ་ཡོད་མོད། དེར་ལེ་གདའ་བྱེད་ན་མི་འདོད། རྒྱུ་མཚན་ནི། ཁོང་ཚོས་མ་ཤེས་པ་རང་རེད། འོན་ཏེ། ཤེས་ནས་བསམ་ཤེས་མི་ཐུབ་པ་ཚོ་ངོ་མ་སྙིང་ལངས་སྤྱད་ཅིག་རེད། ཡིན་ཡང་། ད་སྐབས་ཀྱི་སྤྱི་ཚོགས་ཁྲོད་བསམ་ཤེས་མེད་པས་ཁེངས་ནས་ཡོད་པས། སུ་སུ་ལ་སྙིང་ལངས། འཚིག་པ་ཟ། ལེ་གདའ་བྱེད། ད་དུང་ཆེད་དུ་གནག་མཁན་མང་པོར་མཆིས་པས། དེར་ཅི་བྱ། ངོ་མ་བྱ་བཙོག་གི།