ཚུལ་ཁྲིམས་ཟླ་བ།
ན་ཆུང་མེ་ཏོག་དེ་སྤང་ལ་བཞད་དུས།།
བེའུ་ཆུང་ལུག་ཆུང་ཚོའི་གར་རྩེད་ཁྲོད་ནས།།
ཟོལ་མེད་འཛུམ་མདངས་དང་ཧབ་དགོད་གྱེར་བཞིན།།
ལང་ཚོའི་མཆོམ་རྒྱུག་གིས་རྩྭ་ཐང་བཤགས་མྱོང་།།
སློག་པ་དྲོན་མོ་ཡི་རུམ་ཁུག་ཅིག་ཏུ།།
བྱམས་བརྩེའི་ཕྱག་ཟུང་གིས་ལུས་དྲོད་གསོ་ཞིང་།།
མ་སྐྱེས་ཨ་མ་ཡི་སྤང་གི་སྟེང་ནས།།
རྔུར་པ་དིར་དིར་ངང་སྐྱིད་ཉལ་བྱེད་མྱོང་།།
སྤུས་མོ་བུག་རལ་གྱི་དོར་མ་གྱོན་ནས།།
བསྣབས་དང་གདོང་དྲེག་གིས་རང་མདོག་བཀབ་ཀྱང་།།
བྱམས་ལྡན་ཕ་མ་ཡི་དྲོད་ཁོལ་དེ་ཡིས།།
ནོམ་ཆེན་སུ་ལ་ཡང་ཡིད་སྨོན་མ་ཤོར།།
ཟོལ་མེད་བྱིས་དུས་སུ་འཚུབ་ཆ་རྒོད་པས།།
ལེགས་ཉེས་བླངས་དོར་གྱི་གདམས་པའི་ཚུལ་དུ།།
འཛུམ་དང་ཁྲོ་གཉེར་གཉིས་རེས་མོས་རེས་མོས།།
དྲིན་ཆེན་ཕ་མ་ཡིས་བསྙོར་སྐྱོང་གནང་མྱོང་།།
དབྱར་དུས་ཆར་ཆུ་ཡིས་བརླན་པར་དོགས་ནས།།
སྲབ་མོའི་རས་གོས་ཀྱིས་རྒྱབ་ནས་གཡོག་ཅིང་།།
དགུན་དུས་ལྷག་པ་ཡིས་གྲང་བར་དགོངས་ནས།།
ལུ་གུའི་སྤགས་པ་ཡི་སློག་པ་བསྐོན་མྱོང་།།
བདུན་ཚིག་ལོ་ངོ་དེ་དགུང་ལ་ཚེས་དུས།།
མ་འོང་ཕུགས་རིང་གི་མདུན་མར་དགོངས་ནས།།
རྔམ་ཞིང་ཟིལ་པོ་ཡི་དགེ་རྒན་མདུན་དུ།།
ཀ་ཁའི་དབྱངས་རྟ་དེ་གྱེར་བར་མངགས་མྱོང་།།
རྩེད་མོའི་བྱ་བ་རེ་རྫོགས་མ་ཐག་ནས།།
རང་ཁྱིམ་དྲོན་མོ་རུ་ཁ་ལོ་བསྒྱུར་དུས།།
མར་སྤགས་ཞིམ་པོ་དེ་ལག་ཏུ་བཞག་ནས།།
བྱམས་པའི་ཚིག་འཇམ་གྱིས་བསུ་མ་གནང་མྱོང་།།
བསྣབས་དང་ཁ་ལུད་ཀྱིས་ཁ་སྣ་སྦྲེལ་ནས།།
དགོད་དང་ངུ་སྔངས་ཀྱིས་རྙོག་གྲ་མང་དུས།།
བྱམས་དང་བརྩེ་བ་ཡིས་གཉོར་སྐྱོང་ཞིག་གིས།།
ཐབ་ཁའི་ཡ་སྒྱེད་སྟེང་མཆོད་མེ་སྦར་ཏེ།།
མིག་བཙུམ་ཐལ་གྱིས་ཕྱག་རྒྱ་བཅའ་བཞིན།།
སྙིང་གི་བུ་ཆུང་དེའི་མི་ཚེའི་ནང་དུ།།
གེགས་མེད་ནད་མེད་ཀྱི་སྨོན་ལམ་གྱེར་མྱོང་།།
དམར་སྨུག་ངོ་གདོང་ལ་བྲེག་པས་གཡོག་དུས།།
འཇམ་རྩུབ་ལྷན་འཛོམས་ཀྱི་ལག་ཟུང་གཉོམ་པོས།།
མར་གྱི་སྣུམ་ཁུ་ཡི་བྱུག་བྱུག་བྱེད་བཞིན།།
བྱིས་པའི་ལང་ཚོ་ལ་གསོན་ཉམས་སྦྱིན་མྱོང་།།
རི་མགོ་མཐོན་པོ་རུ་རྫི་བོ་སོང་རྗེས།།
དགོང་ཁའི་ཉི་མ་དེ་ཆུ་ལ་ཕོག་དུས།།
གཅེས་པའི་བུ་ཆུང་དེ་གར་ཡོང་འཚོལ་ཏེ།།
རྒས་གཉེར་འོག་རོལ་ནས་རྒྱང་མིག་འཕེན་མྱོང་།།