མི་ལ་རང་བཙན་གྱིས་བརྩམས།
སྐལ་བཟང་ཟླ་བས་བསྒྱུར།
རྩོམ་ཡིག་འདི་ནི་བོད་དང་རྒྱ་ཡི་སྐོར་མིན་ལ། རང་བཙན་དང་དབུ་མའི་ལམ་གྱི་སྐོར་མིན་པ་མ་ཟད། བཙན་བྱོལ་ནང་གི་མང་གཙོའམ་སྨྲ་བརྗོད་རང་དབང་གི་རྒྱུ་བ་འགོག་པའི་བྱ་སྤྱོད་གྱི་སྐོར་ཡང་མིན། ཀློག་པ་པོ་ཚོར་བརྗོད་བྱ་འདི་དག་དང་འབྲེལ་བའི་དྲི་བ་མང་པོ་ཡོད་སྲིད་ཀྱང་ད་རེས་ཟུར་དུ་བཞག་ཆོག འདི་ནི་སྤྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་འོས་འདེམས་ཀྱིས་ང་ཚོའི་སྒོ་གླེགས་རྡུང་བཞིན་ཡོད་པས། དབུས་གཙང་མི་མང་གཉིད་ལས་སད་དགོས་པའི་འབོད་སྐུལ་ཞིག་ཡིན།།
སྤྱི་ལོ་༢༠༡༦ ལོའི་དབུས་གཙང་སྲིད་དོན་གྱི་ངོ་ཚ།
ངས་མང་པོ་ཞིག་མ་བྲིས་སྔོན་ལ་ང་ཚོ་དབུས་གཙང་པ་ཚོས་ཐོག་མར་ངེས་བར་དུ་གཟབ་ནན་སྒོས་རང་ཉིད་ལ་དྲི་བ་འགའ་ཤས་འདྲི་དགོས་འདུག་སྟེ། ང་ཚོ་དབུས་པ་ཚོར་ང་ཚོ་གང་ནས་ཡོང་བ་དང་སུ་ཡིན་པའི་སྤོབས་པ་ཆུང་ཚགས་ཤིག་ཡོད་པ་རེད་དམ། ང་ཚོ་ལ་རང་བཀུར་གྱི་འདུ་ཤེས་ཅུང་ཙམ་རེ་ཡོད་དམ། ང་ཚོ་ཡང་བསྐྱར་ཁ་འཐོར་ཏེ་བློ་བཟང་སེངྒེ་ཡི་སྐད་ཆ་སྙན་པོ་དང་དམ་བཅའ་ཁོག་སྟོང་གི་རྗེས་སུ་བརྒྱུག་རྒྱུ་ཡིན་ནམ། ང་ཚོའི་ཡབ་མེས་དག་ནི་བཙན་པོ་དམག་གི་རྒྱལ་པོ་སྲོང་བཙན་སྒམ་པོ་ལྟ་བུ་ཡིན། ཁོང་གིས་འཛམ་གླིང་ཡང་རྩེ་ཡི་གཡུལ་འགྱེད་ཁྲོད་ཀྱི་ཚོ་བ་རྣམས་གཅིག་གྱུར་གྱིས་རྒྱལ་ཁབ་ཅིག་བཙུགས་པ་ཙམ་མིན་པར། ད་དུང་ཤར་གྱི་རྒྱ་ནག་དང་ནུབ་ཀྱི་རྒྱ་གར། བྱང་གི་པིར་ཤི་ཡ་ནས་ལྷོ་ཡི་འབར་མ་བཅས་ཚུད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་དབང་བསྒྱུར་བ་རེད།
བཙན་པོའི་རྒྱལ་ཁམས་ནི་དེང་གི་ཨ་ཧྥི་གྷ་ནི་སི་ཐན་དང་བྷང་ལ་ཌེ་ཤི འབྲུག འབར་མ། རྒྱ་ནག རྒྱ་གར། བལ་ཡུལ། པ་ཀི་སི་ཐན། ཀ་རྫ་ཀི་སི་ཐན། ཀ་རྒྱུར་སི་ཐན། ཏ་རྗི་སི་ཐན་བཅས་སུ་ཁྱབ་པ་དང་། གཞི་རྒྱ་ཆེན་པོ་འདི་ཙམ་གཅིག་གྱུར་བྱེད་པར་གཉེན་སྒྲིག་གི་མཐུན་ཕྱོགས་དང་གཞན་རིག་གཞུང་གི་ཤུགས་རྐྱེན་ཁོ་ནས་མ་འཐུས་པར། དཔུང་ཤུགས་བཀོལ་སྤྱོད་བྱེད་པའི་ལུས་ཀྱི་དཔའ་ངར་དང་བཟང་སྤྱོད་ཀྱི་སྙིང་སྟོབས། དྲག་ཤུགས་བཀོལ་སྤྱོད་བྱེད་པའི་སྲིད་དོན་གྱི་འཇོན་ནུས་དགོས་ཡོད་ལ། པིར་ཤི་ཡ་དང་རྒྱ་ནག་གི་ལོ་རྒྱུས་ཀྱིས་འདི་དག་གསལ་བོར་མཚོན་ཡོད།
ཉེ་རབས་ལོ་རྒྱུས་ཁྲོད་དུའང་དབུས་གཙང་གི་ཕོ་སྐྱེས་ཚོས་སོག་པོ་དང་ཀ་ཤི་སྨིར་ཀྱི་རྡོག་ར་སིང་པ། སོའུ་ཏན། འབྲུག་པ། གོར་ཁ། དབྱིན་ཇི། མན་ཇུ། རྒྱ་མི་བཅས་ཀྱི་བཙན་འཛུལ་ལ་སྲོག་དང་བསྡོས་ཏེ་རྒོལ་འཛིང་བྱས་ཡོད་ཅིང་། འདི་ནི་ང་ཚོའི་སྤོབས་པ་སྐྱེ་འོས་པའི་དྲག་ཤུལ་ཅན་གྱི་འདས་སོང་གི་ལོ་རྒྱུས་ཡིན།
འོན་ཀྱང་། ད་ལྟ་ང་ཚོ་དབུས་གཙང་པ་ཚོ་གང་དུ་ཡོད་དམ། ང་ཚོ་བྲག་རི་འགའ་ཞིག་གི་འོག་ཏུ་སྐུང་ཡོད་དམ། གལ་སྲིད་མིན་ཚེ། ད་ལྟ་སྲིད་དོན་གྱི་ཐད་ནས་ང་ཚོ་དབུས་གཙང་པ་ཚོ་གང་དུ་ཡོད་དམ། ང་ཚོ་དབུས་གཙང་པ་ཚོས་ལས་སླ་བོའི་སྒོ་ནས་བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་བདུན་ཅུ་བཟོ་ཐུབ་མོད། ད་དུང་ང་ཚོས་སྤྱི་ལོ་༢༠༡༡ལོའི་སྲིད་སྐྱོང་གི་འོས་འདེམས་ཁྲོད་བཀྲས་མཐོང་བསྟན་འཛིན་ཕམ་དུ་བཅུག་པ་རེད། དེ་ཡང་འོས་མི་ཞིག་དབུས་གཙང་ནས་ཡིན་པ་ཙམ་གྱིས་ང་ཚོའི་འོས་ཤོག་རང་བཞིན་གྱིས་ཁོ་ལ་ཐོབ་དགོས་པར་ལབ་ཀྱིན་མེད། བཀྲ་ཤིས་སྟོབས་རྒྱལ་དབུས་གཙང་ནས་རེད་མོད། ངའི་འོས་ཤོག་ཁོ་ལ་མི་འཕེན། གང་ཡིན་ཟེར་ན་ངས་ཁོ་ལ་དེ་ལྟ་བུའི་ནང་སྙིང་ཞིག་མཐོང་གིན་མི་འདུག ཡིན་ནའང་ངས་ཁོང་སྲིད་སྐྱོང་འོས་འདེམས་ཁྲོད་བཞེངས་པའི་སྙིང་སྟོབས་ལ་བསྔགས་བརྗོད་ཞུས་ཡོད། ཆོལ་ཁའི་ལར་ཞེན་ལས་འཇོན་ནུས་གལ་ཆེ་ལ། ལུང་ཚན་གྱི་ཞེན་ཁོག་ལས་དྲང་བདེན་གཙིགས་སུ་འཛིན་དགོས། ཡིན་ནའང་འཇོན་ནུས་ལྡན་ཞིང་དྲང་ཚུགས་ཅན་གྱི་དབུས་གཙང་པ་ཞིག་ཡར་ལངས་དུས་ང་ཚོ་དབུས་གཙང་མི་མང་ཡང་ཡར་ལངས་ཏེ་ཁོ་ལ་རྒྱབ་སྐྱོར་བྱེད་མཁན་དང་འོས་འཕེན་མཁན་དེ་བྱེད་དགོས།
སྲིད་སྐྱོང་འོས་འདེམས་ཀྱིས་བོད་མི་ཡོངས་ཀྱི་མངོན་འདོད་སྒྲུབ་པ་ཙམ་མིན་པར། ད་དུང་དེ་ནི་ཆོལ་ཁའི་སྤོབས་པ་དང་མིང་གྲགས་ཀྱི་གནད་དོན་ཡང་ཡིན་པས། ད་ནི་དེ་ལ་གདོང་གཏོད་དགོས། མི་ཚང་མས་རང་ཉིད་ལ་བདེན་པ་ཡོད་མདོག་དང་དྲང་པོ་ཡིན་མདོག་ཅི་ཙམ་བྱས་ཀྱང་སོ་སོའི་བསྒྲུབ་བྱ་རེ་ཡོད་རེད། དེ་ནི་སྲིད་སྐྱོང་གི་རྐུབ་སྟེགས་ལ་རྔམ་པའམ། བྱ་བ་བཟང་པོ་ཞིག་བསྒྲུབ་སྟེ་རང་ཉིད་སྒེར་ལ་བློ་ཁ་རྫོགས་པའི་བདེ་སྐྱིད་ཅིག་ཐོབ་པར་རེ་བའང་ཡིན་སྲིད། དེ་བས། ང་ཚོས་འཇོན་ནུས་ཅན་གྱི་དབུས་གཙང་གི་སྲིད་དོན་པ་གཅིག་ཀྱང་སྲིད་སྐྱོང་གི་འགྲན་རྩོད་ཁྲོད་དུ་འཇུག་མ་ཐུབ་པ་ནི་དབུས་གཙང་གི་ཆེ་མཐོང་གི་ལྟོ་བར་རྡོག་ཐོས་གཞུས་པ་དང་མཚུངས།
སྤྱི་ལོ་༢༠༠༡ ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ཕྱེད་བགྲེས་ཡོལ་ལ་ཕེབས་པའི་སྐབས་སུ་བཙན་བྱོལ་བོད་མི་རྣམས་ལ་ཆེས་ཐོག་མའི་མི་མང་གི་འོས་འདེམས་ཀྱི་གོ་སྐབས་ཐོབ། དེ་དུས་འོས་མི་གཉིས་ཁོ་ན་ཡོད་པ་ནི་ཟམ་གདོང་བླ་མ་དང་འཇུ་ཆེན་ཐུབ་བསྟན་ཡིན་ལ། སུའང་དབུས་གཙང་པ་མིན། དེ་ནས་སྤྱི་ལོ་༢༠༠༦ ལོར་སྲིད་སྐྱོང་གི་འོས་འདེམས་ལ་འོས་མི་གཉིས་ལངས་པ་ནི་ཟམ་གདོང་བླ་མ་དང་འཇུ་ཆེན་ཡིན་པ་དང་། སུའང་དབུས་གཙང་པ་མིན། ངས་དབུས་གཙང་གི་སྲིད་དོན་པ་འགའ་ཤས་ལ་སྐབས་དེ་དུས་ཁྱེད་རང་སྲིད་སྐྱོང་གི་འོས་མིར་བཞེངས་པར་འདོད་པ་ཡོད་མེད་དྲིས་སྐབས། ངས་ཤེས་རྟོགས་བྱུང་བའི་གནས་ཚུལ་དེ་ཡིས་ང་ད་ལྟ་བར་དུ་ཧོན་འཐོར་བཅུག་སོང་། ཁོང་ཚོས་མི་མང་གི་མགོ་ཁྲིད་རྒྱུ་ཕར་བཞག་ནས་སྲིད་སྐྱོང་གི་འོས་མིར་ལངས་དགོས་བསམ་པར་ཡང་ཞེད་འདུག
ཐེངས་འདིར་སྤྱི་ལོ་༢༠༡༦ ལོར་ཡང་བསྐྱར་དབུས་གཙང་གི་མི་འཇོན་ནུས་ཅན་གཅིག་ཀྱང་སྲིད་སྐྱོང་གི་འོས་འདེམས་འགྲན་རྩོད་ཁྲོད་ཞུགས་མེད། འདི་ནི་ཡིད་ཆེས་དཀའ་བ་ཞིག་ཡིན། འདི་ནི་ང་ཚོ་དབུས་གཙང་གི་སེམས་ནང་གི་ངོ་ཚ་ཞིག་མ་རེད་དམ། མི་འབོར་ཆེ་ཤོས་ཀྱིས་སྲིད་སྐྱོང་གི་འོས་བསྡུའི་རྒྱལ་ཁ་ལེན་རྒྱུ་ལྟ་ཅི། འོས་མི་གཅིག་ཀྱང་འདོན་མ་ཐུབ་པ་ནི་དོན་ངོ་མའི་ངོ་ཚ་རེད། དེ་ཡང་ཆོལ་ཁ་བརྒྱ་མིན་པར་གསུམ་གྱི་ཁྲོད་ནས་རེད། གལ་སྲིད་ང་ཚོ་དབུས་གཙང་གི་སྤོབས་པ་ཁ་སྐྱེངས་བྱེད་ཀྱི་ཁུ་ཚུར་དེ་འདི་མིན་ཚེ། དེ་ནས་གཞན་གང་ཡིན་ནམ། ང་ཚོ་ཕྱིས་མ་དྲགས་པའི་སྔོན་ལ་ངེས་བར་དུ་ག་རེ་ཡིན་ཡང་བསྒྲུབ་དགོས། །
ང་ཚོའི་འགོག་རྐྱེན་གཙོ་བོ་ནི་སྡར་མའི་གཤིས་ཀ་རེད།
བཙན་བྱོལ་ནང་གི་མི་འབོར་ལ་གཞིགས་ན་ང་ཚོ་ནི་དོན་དངོས་ཀྱི་རྒྱལ་པོ་བཟོ་མཁན་དེ་ཡིན་ཆོག་ཨང་། ཆབ་སྲིད་པ་ཡོངས་ཀྱིས་ང་ཚོའི་ཞབས་ལ་གཏུགས་ཏེ་འོས་ཀྱི་ཆེད་དུ་རང་གི་རྔ་མ་གཡུག་དགོས་མོད། དོན་དངོས་སུ་ང་ཚོ་དེ་ལས་ལྡོག་ཡོད། ལོས་ཡིན། ང་ཚོས་གང་ཡང་མི་འཇོན་མཁན་གྱི་མདོག་བསྟན་ཡོད། རྒྱུ་མཚན་གང་ལ་ཐུག་གམ། ང་ཚོར་ཤེས་ཡོན་ཅན་དང་འཇོན་ཐང་ཅན། ཉམས་མྱོང་ཅན་བཅས་ཀྱི་དབུས་གཙང་པ་འབོར་ཆེན་ཡོད་པ་རེད་དེ། ད་དུང་སྐབས་བཞི་ནས་ཐེངས་གསུམ་ལ་གཅིག་ཀྱང་ལངས་མེད། རྒྱུ་མཚན་གང་ལ་ཐུག་གམ། དེའི་གནད་འགག་གང་རེད་ཟེར་ན་ང་ཚོས་རང་གི་མི་དེ་ལ་འོས་ཆོས་ཅི་ཙམ་ཚང་ཡང་རྒྱབ་སྐྱོར་བྱེད་ཀྱིན་མེད་ལ། སོ་སོའི་མི་ཡི་ཆེད་དུ་སྐད་ཆ་ཤོད་པ་དང་དྲིལ་བསྒྲགས་བྱེད་ཐུབ་ཀྱིན་མེད། སྤོབས་པ་མེད་པ་དང་བློ་ཁོག་མེད་པ་ནི་ང་ཚོའི་འགོག་རྐྱེན་གཙོ་བོ་དག་རེད། ཁེ་ལི་ཧྥོར་ནི་ཡ་རུ་མགོ་ཁྲིད་བྱེད་མཁན་དབུས་གཙང་པ་འགྲོ་འདུལ་གླིང་པས་ཚོར་ཤུགས་དང་སྙིང་སྟོབས། སྤོབས་པ་བཅས་ལྡན་པའི་སྒོ་ནས་སྒྲ་འཇུག་གིས་སྒེར་དང་ལུང་ཚན་གྱི་སྐོར་བཤད་ཡོད་མོད། དབུས་གཙང་པ་བསམ་མེད་ཁག་ཅིག་གིས་དེ་ང་ཚོའི་སྤྱི་ཚོགས་དཀྲུགས་པའི་རྒྱུ་ཞིག་ཏུ་རྩིས་པ་རེད། ཉམ་ཆུང་དང་རང་ཚུགས་མེད་པ་དག་ནི་ང་ཚོའི་གཟུགས་པོ་ལས་རྩ་བ་ཕྱིར་དབྱུང་དགོས་པའི་འབྲས་སྐྲན་ནོ།།
ངས་ལོ་ན་ཉི་ཤུའི་སྨད་ལ་སོན་པའི་དབུས་གཙང་བ་དྲུག་ཅུ་ལ་བཅར་འདྲི་བྱས་པར་ཁོང་ཚོ་ལས་བརྒྱ་ཆ་ལྔ་བཅུ་ཡིས་ཁོང་ཚོའི་ཕ་མ་རྣམས་བོད་ཀྱི་གྲོང་གསེབ་དང་ལུང་པ་གང་ཞིག་ནས་ཡོང་བ་ཤེས་ཀྱི་མི་འདུག བཀའ་ཟུར་སྐལ་བཟང་རྒྱལ་མཚན་དབུས་གཙང་ནས་ཡིན་མོད། ཁོ་མདོ་སྟོད་ནས་ཡིན་ཁུལ་བྱས་ཡོད། བཀའ་ཟུར་མདོ་སྔགས་བསྟན་འཛིན་ཡང་དབུས་གཙང་ནས་ཡིན་ཀྱང་། ཁོས་རང་ཉིད་མདོ་སྟོད་ནས་ཡིན་མདོག་བསྟན་ཡོད། འཇུ་ཆེན་གྱི་འདྲེན་བྱེད་ཀྱི་ལྕགས་ཀྱུ་ལ་བརྟེན་ནས་ཁོང་ཚོ་རང་ཉིད་ལ་གང་དགོས་པའི་བཀའ་བློན་གྱི་གོ་གནས་ཐོབ་པ་རེད། ཁོང་གཉིེས་ལྟ་བུའི་དབུས་གཙང་བར་ངས་གུས་བཀུར་ཏིལ་འབྲུ་ཙམ་ཡང་མེད། རང་ཉིད་ཀྱི་ཕ་མེས་ཀྱི་ཡོང་ཁུངས་ལ་སྤོབས་པ་མེད་པའི་གང་ཟག་ཞིག་ལ་ཁྱེད་ཀྱིས་གུས་བཀུར་ཇི་ལྟར་བྱེད་ཐུབ་བམ། ཁྱེད་ཀྱི་ཆོས་བརྒྱུད་བསྒྱུར་ཆོག་ཀྱང་ཆོལ་ཁ་བསྒྱུར་མི་ཐུབ། ཁྱེད་ཀྱི་ཆོས་ལུགས་བསྒྱུར་ཆོག་མོད་མི་རིགས་བསྒྱུར་མི་ཐུབ་། ཁྱེད་ཉིད་མིན་པ་གང་ཞིག་ཡིན་པ་བྱེད་མི་ཐུབ་ལ་རང་ཉིེད་ཡིན་པ་གང་དེ་མིན་པ་ཡང་བྱེད་མི་ཐུབ། དབུས་གཙང་པ་རུ་སྐྱེས་ཏེ་དབུས་གཙང་པ་བྱས་ཏེ་ཤི། དེ་འདྲ་སོང་ཙང། ཁྱེད་རང་སྐྱེས་ས་གང་དེ་ནས་གཞི་འཛུགས་དགོས་པ་ཡིན་། ཆེ་མཐོང་ཟེར་བ་དེ་ཁྱིམ་ནས་འགོ་འཛུགས་དགོས།
ངས་མི་ཉུང་ངུ་རེར་ང་ཚོ་དབུས་གཙང་གི་མིའི་སྒལ་ཚིགས་མཁྲེགས་པོ་བྱེད་དགོས་པའམ་དབུས་གཙང་ཟེར་བ་ཙམ་གྱི་སྐད་ཆ་ཤོད་སྐབས། ཚང་མར་དབུས་གཙང་མི་མང་དང་ལྷག་པར་དུ་རྒྱ་གར་དང་བལ་ཡུལ། འབྲུག་བཅས་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་རྣམས་སྐྲག་ནས་ཁ་ཆེན་པོ་རེ་གདངས་ཏེ་འདར་སིག་རྒྱག་པ་དང་། གདོང་པ་སྐྱ་བོ་ཆགས་ཏེ་དབུགས་ཧད་ཀྱིན་འདུག ཁོང་ཚོར་གཞན་གྱིས་ལུང་ཚན་ཕྱོགས་ཞེན་པ་ཞེས་འབོད་པར་སྐྲག་པ་དེ་ནི་བྱབ་ཆུང་རེད། ཁོང་ཚོས་ཆོལ་ཁའི་ལར་ཞེན་དེ་ཆོལ་ཁའི་ཕྱོགས་ཞེན་ལ་ནོར་འདུག གང་ཡིན་ཟེར་ན་ཁོང་ཚོས་དེ་གཉིས་ཀྱི་ཁྱད་པར་མ་ཤེས་པ་རེད། ང་ཚོས་ངན་ཁག་ཡོད་ཚད་ཁོང་ཚོར་དཀྲི་མི་རུང་། གང་ཡིན་ཟེར་ན་ང་ཚོའི་རྒན་རབས་པ་ཚོས་ཁོང་ཚོའི་སྐྱེས་ཁུངས་ལ་སྤོབས་པ་བྱེད་པའི་སློབ་གསོ་གཟབ་ནན་བྱས་མེད། ང་ཚོ་ནི་སྡར་མའམ་ཡ་རབས་ཉམ་ཆུང་དུ་ཆེ་བསྟོད་བྱེད་པར་དགའ།
ལུང་ཚན་གྱི་གནས་བབས་ཤིག་གི་ཐོག་ལ་ཁ་རུ་ཁ་ཐུག་གིས་སྐད་ཆ་བཤད་པའི་སྨྲ་ལྕེ་ཞིག་དགོས་པའི་སྐབས་སུ་ང་ཚོས་གཅིག་གིས་གཅིག་ལ་ལྟ་བ་དང་། དེ་ནས་གཡས་ལྟ་གཡོན་ལྟ་བྱེད་བཞིན་སུ་ཞིག་གིས་ཐོག་མར་སྐད་ཆ་ཤོད་པར་བསྒུག་ལ། སུ་ཞིག་གིས་ཀྱང་མ་བཤད་པའི་སྐབས་སུ་ཚང་མ་ཁྱིམ་ལ་ལོག་སྟེ་ངུ་འབོད་བྱེད་པ་དང་སྐྱོན་བརྗོད་བྱས་ཏེ་དབུགས་རིང་འཐེན་པ་རེད། ཁ་སང་ཕྱི་ཟླ་དགུ་པའི་གྲོས་ཚོགས་འཚོགས་སྐབས་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ནས་དགོས་མེད་ཀྱི་ངར་ཤུགས་ཆེན་པོས་དབུས་གཙང་སྤྱི་འཐུས་སྒྲོལ་མ་ཚེ་རིང་གིས་འགན་འཁུར་ལྡན་པའི་དྲི་བ་ཕུལ་བ་ལ་དགག་རྒྱག་བྱས་པ་དེར། དབུས་གཙང་སྤྱི་འཐུས་གཅིག་གིས་ཀྱང་གདོང་ལེན་གྱི་ལན་འདེབས་བྱས་མེད། བློ་བཟང་སེང་གེའི་ཕ་ཡུལ་གཅིག་པ་འབའ་བ་སྐལ་བཟང་རྒྱལ་མཚན་ཁོང་ཁྲོ་ཆེན་པོས་ཁ་དང་ལག་པ་འདར་འདར་བྱེད་ཀྱིན་ཡོད་པ་ཡུ་ཊུབ་དྲ་བརྙན་ཐོག་གཟིགས་ཐུབ། རྒྱུ་མཚན་ནི་སྒྲོལ་མ་ཚེ་རིང་གི་དྲི་བ་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་གཞུང་འབྲེལ་ཕྱོགས་བསྐྱོད་ཁག་འོས་བསྡུའི་དྲིལ་བསྒྲགས་ཀྱི་སྡིང་ཆར་བེད་སྤྱོད་བྱེད་པར་དམིགས་གཏད་ཡོད། ང་ཚོར་དགོས་པ་ནི་བློ་ཁོག་ཡངས་ཤིང་དྲངས་ཚུགས་ལྡན་ལ་རང་བཞིན་བརྟན་པའི་དབུས་གཙང་སྤྱི་འཐུས་དག་སྟེ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལྟ་བུ་ཡིན།
གལ་སྲིད་དབུས་གཙང་པ་འགའ་ཞིག་གིས་སྐད་ཆ་བཤད་ཀྱང་ང་ཚོས་ཁོའམ་མོ་ལ་རྒྱབ་སྐྱོར་བྱེད་མི་ཐུབ། རང་འདོད་ལས་བྱུང་བའི་སྡར་མའི་རང་བཞིན་ནི་ངས་རང་གི་དབུས་གཙང་མི་མང་ཁྲོད་ནས་ཆེས་མཐོང་མི་འདོད་པ་དེ་ཡིན། ང་ལ་མཚོན་ན་ང་ཚོ་དབུས་གཙང་མི་དམངས་རྣམས་ཀྱིས་གནས་བབ་སྣ་ཚོགས་ལ་ངར་ཤུགས་ལྡན་པའི་ལངས་ཕྱོགས་འཛིན་དགོས་ཚེ། ཞི་འཇམ་ཉམ་ཆུང་གི་འཆལ་གཏམ་འོག་ཏུ་ཡིབ་སྡོདཔའི་ཚོར་མེད་རང་དོན་ཁོག་བཅུགས་ཀྱི་བྲན་གཡོག་ཁྱུ་གཅིག་ཏུ་རྒུད་འགྲོ་བར་བཟོད་སྒོམ་བྱེད་མི་ཐུབ། ང་ཚོར་ལོགས་སུ་ཐོན་ནས་ཕན་ཚུན་ལ་དཔལ་འབྱོར་དང། ཤེས་ཡོན། ཆབ་སྲིད། ཕྱིའི་ལུས་ཤུགས་བཅས་ཀྱི་རྒྱབ་སྐྱོར་སྤྲོད་པའི་སྙིང་སྟོབས་མེད། ང་ཚོ་ནི་ཆབ་སྲིད་ཀྱི་མྱ་ངམ་ཐང་གི་གཡོ་སྐྱོམ་རེ་རེར་འདར་སིག་སིག་བྱེད་ཀྱི་ཡོད། ང་ཚོའི་ཕ་མེས་ཚོར་མངའ་བའི་ཉེན་མཆོང་གི་སྙིང་སྟོབས་དེ་ང་ཚོའི་བོར་ཚར་བ་རེད། ང་ཚོ་ཁྲག་ཐིག་རེ་འཛགས་པ་མཐོང་བ་ཙམ་གྱིས་ཁ་ཆུ་དབང་མེད་དུ་འཛར་ཞིང་མགོ་ཡུག་འཁོར་བ་རེད། ང་ཚོ་རང་ཉིད་ཀྱི་གྲིབ་གཟུགས་ལའང་ཞེད་པ་རེད། སྲོང་བཙན་སྒམ་པོ་དང་མི་དབང་ཕོ་ལྷའི་བུ་དང་བུ་མོ་དག་འདི་ལྟར་འགྱུར་བ་ནི་ཉམ་ང་བ་ཞིག་རེད། ཇི་སྲིད་ང་ཚོའི་རང་ཉིད་ཀྱི་རྒྱུན་རིང་བཅངས་བའི་བསམ་བློ་ནོར་བ་དེ་དག་མ་བཅོས་ན་ང་ཚོ་གཏན་ནས་ཡར་ལ་ལངས་ཐུབ་མི་སྲིད། ད་དུང་ང་ཚོའི་རང་ཉིད་ཀྱི་སྙིང་སྟོབས་དེ་མུར་རྒུད་དུ་འཇུག་ན་རིང་བོར་མ་འགོར་བར་ང་ཚོ་ལ་རང་ཉིད་ཀྱི་གཞི་རྩའི་ཐོབ་ཐང་དང་རང་གི་བུ་མོའི་ཚངས་སྤྱོད་སྲུང་སྐྱོབ་བྱེད་པའི་རྒོལ་འཛིང་གི་ནུས་པའང་མེད་པར་འགྱུར་སྲིད།
སྙིང་སྟོབས་ནི་རིག་གཞུང་ཀུན་གྱི་ནང་དུ་ཧ་ཅང་གལ་ཆེན་དུ་རྩིས་ཡོད་ལ། སྙིང་སྟོབས་ཅན་གྱི་མི་ཡིས་བསྐོར་ཡོད་པ་ཚོར་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཆེན་པོ་ཡོད། སྙིང་སྟོབས་ཞེས་པ་ནི་གཙོ་བོ་སྡེ་ཚན་ཆུང་བ་བཞི་རུ་དབྱེ་བ་ཡིན། དེ་དག་ནི་བློ་ཁོག་། སྡུག་རུས། དྲང་ཚུགས། སྤྲོ་སེམས་བཅས་ཡིན། ཕྱི་ཡི་བློ་ཁོག་ནི་ལུས་ཀྱི་ན་ཟུག་དང་། དཀའ་ཁག འཆི་བའམ་འཆི་བའི་ཉེན་ཁ་བཅས་ལ་གདོང་ལེན་གྱི་སྙིང་སྟོབས་དེ་ཡིན། ཆབས་ཅིག་བཟང་སྤྱོད་ཀྱི་སྙིང་སྟོབས་ནི་མི་མང་པོའི་དགག་བྱ་དང། ངོ་ཚ། ཟིང་ཆ། དཀྲོག་རྐྱེན། ཡང་ན་སེམས་ཤུགས་གཅོག་པ་བཅས་ཀྱི་མདུན་དུ་བླང་དོར་མ་ནོར་བར་དྲང་མོར་ཐག་གཅོད་བྱེད་པའི་འཇོན་ནུས་ལ་ཟེར་ཞིང་། ང་ཚོར་གཉིས་ཀ་མཁོ་བ་ཡིན། འཇིགས་སྐྲག་གིས་ང་ཚོ་མཚན་གང་བོར་སྡོམ་ཐུབ་ཀྱང་སྙིང་སྟོབས་ཀྱིས་སུ་ཡང་སྡོམ་དེ་གྲོལ་མཁན་མཆོག་ཏུ་གྱུར་བ་ཞིག་བཟོ་ཐུབ་ཨང་།
སྡུག་རུས་ནི་བློ་ཁོག་གི་དབྱེ་བ་རྒྱ་ཆེ་བའི་ཁོངས་སུ་འདུ་བ་རེད། རྒྱུ་མཚན་དེ་ནི་རྒྱུན་དུ་ཕམ་ཁའམ་ཁ་གཏད་ཅིག་ལ་གདོང་ལེན་བྱེད་ཀྱིན་དུའམ་དེའི་རྗེས་སུ་ད་དུང་མུ་མཐུད་ལམ་ཁ་དེ་མ་གློད་པ་ལ་ཟེར། དྲང་ཚིགས་ནི་མི་ཞིག་གི་མི་ཚེའི་ཆ་ཤས་ཡོངས་སུ་དྲང་པོ་བྱེད་པ་དང་རང་ཉིད་ཀྱིས་རང་ཉིད་ལ་དྲང་པོ་བྱེད་པ། འཇིག་རྟེན་གྱི་གནས་སྐབས་ཐམས་ཅད་དུ་ལས་ཀ་དྲང་པོ་བྱེད་པ་བཅས་ལ་ཟེར། སྤྲོ་སྣང་ངམ་སྤྲོ་སེམས་ནི་ཕལ་ཆེ་བར་དཀའ་ཁག་ཅན་གྱི་གནས་སྟངས་ཤིག་གི་ནང་གཤིས་རྒྱུད་ཀྱི་སྟོབས་ཤུགས་སུ་ཐོན་པ་རེད། བློ་ཁོག་ཅན་གྱི་དབུས་གཙང་པ་ནི་རང་གི་བདེ་སྐྱིད་དང་དགའ་མོས། བྱ་བཞག་ཁག ཚོང་ལས། གོ་གནས། བཟའ་ཚང་། ཚེ་སྲོག་བཅས་ཆགས་འཇིག་གི་ཉེན་ཁ་ལ་མ་འཛེམ་པར་སྐབས་ཐོག་ལ་ཡར་ལངས་མཁན་དེ་ཡིན།
གལ་སྲིད་ཤི་ནའང་ཁོ་ཁེར་རྐྱང་ངམ་ཁོང་ཚོ་འགའ་ཤས་མཉམ་དུ་ཁྲིད་དེ་ཤི་བའང་མིན་པར། ཁོའི་གོད་ཆག་དང་ཐད་ཀར་འབྲེལ་བ་ཡོད་མཁན་ཚང་མ་ཁྲིད་དེ་ཤི་ངེས། འདི་ནི་ངས་མཐོང་འདོད་པའི་དབུས་གཙང་དེ་ཡིན། ཤ་དང་རུས་པའི་འཐབ་མོ་བ་ཞིག་གོ།།
ས་མོལ། ཇཱོ་སོན་གྱིས་སྙིང་སྟོབས་ནི་མཛངས་པའི་ཡོན་ཏན་ཀུན་གྱི་མཆོག་ཏུ་རྩི། གང་ཡིན་ཟེར་ན་མི་ཞིག་ལ་ཡོན་ཏན་དེ་མ་ལྡན་གྱི་བར་དུ། ཁོས་ཡོན་ཏན་གཞན་གང་ཡང་སྲུང་སྐྱོབ་བྱེད་པར་འགན་ལེན་བྱེད་མི་ནུས་གསུངས་པ་རེད།། །།
འབྲེལ་ལམ་མེད་པ།
ཧ་ལམ་བློ་ཁོག་མེད་པ་དེས་མ་འགྲིག་པ་ལྟར་ང་ཚོ་ནང་ཁུལ་འབྲེལ་ལམ་ཡང་མེད། དེའི་རྗེས་འབྲས་ནི་ང་ཚོའི་འབྲེལ་ལམ་བརླགས་པ་དེ་རེད། དབུས་གཙང་སྐྱ་སེར་ཀྱི་བར་འབྲེལ་འདྲིས་མེད་ལ། གཞིས་ཆགས་དབུས་གཙང་དང་གསར་འབྱོར་དབུས་གཙང་ཡང་འབྲེལ་འདྲིས་མེད། དབུས་གཙང་བ་རྒན་གཞོན་གཉིས་ཀྱི་བར་ལ་འབྲེལ་འདྲིས་མེད། དབུས་གཙང་གི་འགོ་ཁྲིད་དང་དབུས་གཙང་མང་ཚོགས་བར་ལ་ཡང་འབྲེལ་བ་མེད། དུས་རབས་མང་པོའི་རིང་ལོ་རྒྱུས་དང་ཆབ་སྲིད། ས་ཁམས། འཛིན་སྐྱོང་། སྐད། རིག་གཞུང་བཅས་ཕྱོགས་གང་ཐད་ནས་དབུས་གཙང་བ་འཁྲུལ་མེད་ཡིན་པ་མངའ་རིས་པ་དང། གཙང་པ། སྟོད་པ། ཀོང་པོ་བ། དབུས་པ་བཅས་ཕན་ཚུན་བར་འབྲེལ་འདྲིས་གང་ཡང་མེད། ཚང་མ་གཅིག་ཡིན་པའི་འདུ་ཤེས་ནི་ཀླད་ཀོར་རེད། དབུས་གཙང་གི་ཤེས་ཡོན་པ་དང་དབུས་གཙང་གི་ཕྱུག་པོ་དུང་ཕྱུར་མང་པོའི་མ་རྩའི་བདག་པོ་བར་ལ་འབྲེལ་འདྲིས་མེད། ཁོང་ཚོའི་མཉམ་རུབ་ཀྱི་འབད་བརྩོན་དང་ཐབས་བྱུས་ལ་བརྟེན་ནས་མཚན་གཅིག་ལ་ང་ཚོའི་དཔལ་འབྱོར་གྱི་གནས་བབ་བཅོས་བསྒྱུར་བྱེད་ཐུབ།
དབུས་གཙང་གི་དགོན་པ་ཚོ་ཡང་ཧ་ཅང་སྐྱོ་བོ་རེད། ལོ་བཅུ་ཕྲག་དྲུག་གི་ནང་ཐེངས་དང་པོར་འདི་ལོར་བཀྲ་ཤིས་ལྷུན་པོ་དགོན་པས་འདུ་ཁང་དང་པོ་དེ་བཞེངས་ཐུབ་པ་བྱུང་ཡོད། དབུས་གཙང་གི་ཚོང་པ་རྣམས་ཀྱང་ཚོང་ཆུང་ཆུང་རྒྱག་མཁན་རེད། དབུས་གཙང་གི་ཚོང་པ་བརྒྱ་ཆ་དགུ་བཅུ་གོ་དགུའི་སྲང་ལམ་དུ་བལ་གོས་འཚོང་བ་རེད། དབུས་གཙང་བ་བརྒྱ་ཆ་དགུ་བཅུ་གོ་དགུ་རྒྱ་གར་ནང་གཞིས་ཆགས་ཁག་ཏུ་ཐོག་རྫ་མ་ཡིན་པའི་ཁང་ཆུང་ནང་དུ་བསྡད་ཡོད། སྐྱོ་པོའི་ནང་གི་སྐྱོ་ཤོས་དེ་རེད། ཆར་པ་འབབ་དུས་ཁང་ཐོག་ནས་ཆུ་ཐིགས་འཛགས་པ་ཡིན། མཚན་གུང་ཁྱེད་ཀྱིས་ཡར་ཁང་པའི་ཐོག་ངོས་སུ་ལྟ་དུས་སྐར་ཚོགས་མཐོང་བ་རེད། ཐོག་པང་བརྒྱུད་ནས་ཙི་ཙི་རྣམས་དུག་སྦྲུལ་ལ་གཡོལ་ཆེད་རྒྱུག་ནས་ཉེ་འཁོར་དུ་འགྲོ་བ་ཡིན། འདི་ནི་འདས་པའི་ལོ་ངོ་བཅུ་ཕྲག་དྲུག་གི་རིང་དབུས་གཙང་བ་བརྒྱ་ཆ་དགུ་ཅུ་གོ་དགུ་སྡོད་སའི་ཁང་པ་ཡིན།
ཤེས་ཡོན་གྱི་ཐད་ནས་བཙན་བྱོལ་གྱི་འདས་བའི་ལོ་ངོ་དྲུག་བཅུའི་ནང་ང་ཚོས་འབུམ་རམས་པ་སྟོང་ཕྲག་བཅུ་གཉིས་བསྐྱེད་བསྲིང་བྱེད་དགོས་མོད། ང་ཚོའི་འབུམ་རམས་པ་བཅུ་གཉིས་ལས་བཏོན་ཐུབ་མེད། ང་ཚོ་དོན་ངོ་མར་འདི་ལྟར་ཁུ་སིམ་མེར་ཆོག་ཤེས་བྱས་ཏེ་སྡོད་ཐུབ་བམ། འདིའི་ཐོག་བསམ་བློ་ཐོངས་དང། འབུམ་རམས་པ་།+སྒོར་མོ།+ཕུག་བསམ་།+སྙིང་སྟོབས=ཆབ་སྲིད་ཀྱི་དབང་ཆ།
དབུས་གཙང་བ་ཕྱུག་ཤོས་རྣམས་དང་དབུས་གཙང་བ་ཉམས་ཐག་བར་ལ་འབྲེལ་འདྲིས་མེད། གལ་ཏེ་ང་ཚོའི་ནང་ཁུལ་ལ་འབྲེལ་བ་རེ་ཡོད་ན་དེ་ནི་གོ་སྐབས་ཡོད་ཚད་ལ་ང་ཚོའི་ཐབས་མཁས་ཀྱིས་གཅིག་གི་རྐང་པ་གཅིག་གིས་འཐེན་པ་དེ་ཡིན། ང་ཚོའི་རི་བོ་བརྒལ་བ་དང་རྒྱ་མཚོ་བཅད། ས་གཞི་བྲུས་སྟེ་རང་གི་མི་དེ་མར་ལ་དབབ་པའི་རྒྱུ་མཚན་འཚོལ་བ་ཡིན།
སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཤར་གླིང་ཟླ་སྒྲོན་དང་ལྷ་རྒྱལ་རི་རྣམ་རྒྱལ་གཉིས་ལ་ཀླུ་མཁར་བྱམས་དང་ངོ་ཤེས་ཀྱི་འབྲེལ་བ་འགའ་ཞིག་གི་ཐོག་སྐྱོན་བརྗོད་བྱེད་ཀྱིན་ཡོད། ང་ཚོི་ནི་བློ་བཟང་སེང་གེ་ཡི་རྒྱབ་སྐྱོར་བའི་ཁ་སྙན་པོ་ལ་ཡིད་ཆེས་ཆོག་ཆོག་གི་མགོ་འཐོམ་རང་མི་རྫོད་པར་དང་པོ་མཆོང་མཁན་རེད། ང་ཚོས་རང་ཉིད་ལ་ཕན་ཚུན་དམའ་འབེབ་བྱེད་ཚུལ་སློབ་པ་རེད། ང་ཚོས་རང་ཉིད་ལ་ཕན་ཚུན་ཡིད་ཆེས་མི་བྱེད་ཚུལ་སློབ་པ་རེད། ང་ཚོ་སྐྲག་སྟེ་གསང་བ་ཤོད་ལ་རང་ཉིད་ཀྱི་སྐྱི་པགས་ལ་ཉེན་ཁ་ཅུང་ཙམ་རེ་བྱུང་ན་འབྲོ་བ་ཡིན། འདི་ནི་ང་ཚོ་ཇི་ལྟ་བུ་ཞིག་ཏུ་འགྱུར་བ་དེ་རེད། བོད་པའི་སྤྱི་ཚོགས་ནང་གི་དགོད་གཏམ་ཞིག་ཨང་།
འོན་ཀྱང་འདི་ནི་གད་མོ་ཤོར་བའི་གནད་དོན་ཞིག་མིན། ངའི་མི་མང་གི་སྡར་གཤིས་འདི་ང་སྒེར་གྱི་མི་གཤིས་ཀྱི་གཏིང་རིམ་དུ་ཟུག་གིན་འདུག་ལ། གལ་སྲིད་ང་ཚོ་ལ་རང་མཐོང་ཅུང་ཙམ་རེ་ལྷག་ཡོད་ན། དེ་འདྲ་ཡིན་དགོས་ངེས་མེད། འབྲེལ་འདྲིས་དང་། སྤུན་གྲོགས་ཀྱི་འདུ་ཤེས། མཐུན་ལམ་མེད་པ་བཅས་ཀྱིས་ང་ལ་ཞེ་མེར་སློང་གིན་འདུག། ང་ཚོ་དབུས་གཙང་པ་ནང་ཁུལ་སྣང་མེད་ངང་སྡོད་རྒྱུ་ཤུགས་དྲགས་པ་འདི་ནི་ངོ་ཚ་དང་མཉམ་དུ་ངའི་སྙིང་གཙབ་པའི་གྲི་ལྟ་བུ་རེད། ང་ཚོས་དེ་ལས་གང་ལེགས་བྱེད་མི་ཐུབ་བམ། འབྲེལ་བ།+ཡིད་ཆེས+ལག་ལེན=དུས་གཏན་གྱི་འབྲེལ་ལམ་མིན་ནམ།། །།
(སྒྱུར་པ་པོའི་གསལ་བཤད། རྩོམ་ཡིག་འདི་དུས་ཚོད་དང་བསྟུན་གང་མགྱོགས་བསྒྱུར་བར་སོང་། མ་རྩོམ་དང་མི་མཐུན་པའམ་ཆད་པ་སོགས་མཆིས་ཚེ། ཀློག་པ་པོ་ཚོས་གཤམ་གྱི་དྲ་བྱང་བརྒྱུད་དེ་དབྱིན་ཡིག་གི་མ་རྩོམ་ལ་ཁུངས་བཅོལ་རོགས། http://rangzenparty.org/2016/01/10/struggling-against-the-sleep-of-my-people/)
——-༼མུ་འགོད།༽
མ་རྩོམ་དེ་ཡིག་རིགས་གང་གི་ཐོག་ནས་བྲིས་ཡོད་དམ། རྩོམ་དོན་སྙིང་ལྡན་པ་ཅིག་བྲིས་འདུག་གདའ། བརྒྱ་བཤད་ཀྱི་རྩ་བ་རྩོམ་པ་པོ་རང་ཉིད་སྲིད་སྐྱོང་གི་འོས་མིའི་ནང་ལངས་ན་ངོ་མ་ཡག་ཀི་ཡ་་་་་་་ག་རེ་བྱས་ནས་སྲིད་སྐྱོང་གི་རྐུབ་སྟེགས་ལ་མ་བརྩོན་པ་ཡིན་ནམ།
ད་བར་དབུས་གཙང་ཆོལ་ཁའི་མི་མང་གིས་ཆོལ་ཁ་ཆོས་ལུགས་ཀྱི་དབྱེ་འབྱེད་མེད་པར་བོད་མི་ས་ཡ་དྲུག་གི་གནད་དོན་གལ་ཆེར་བཟུང་སྟེ་བཀའ་ཁྲི་དང་། སྲིད་སྐྱོང་གི་འོས་མི་ཤེས་འཇོན་ཡོད་པ་གཉིས་ལ་འོས་འདེམས་རྒྱབ་སྐྱོར་བྱས་སོང་བར་ ང་དབུས་གཙང་ཆོལ་ཁོངས་ནས་ཡིན་པའི་བོད་མི་ཞིག་ཡིན་པའི་ཆ་ནས་དགའ་སྤོབས་ཆེན་པོ་བྱུང་སྟེ་སྐབས་དེ་གར་བསྟོད་བསྔགས་ཀྱང་བྲིས་པ་ཡིན།
ད་རེས་དབུས་གཙང་སྤྱི་འཐུས་རྒན་གྲས་རེ་ཟུང་གི་རྒྱུད་བསྐུལ་འོག་ཚུད་དེ་དབུས་གཙང་ཆོལ་ཁའི་མིང་དང་། མངའ་རེས་ཚོགས་པའི་མིང་འཁྱེར་ཏེ་ལས་དོན་བྱེད་སྟངས་འདིས་སྔར་གྱི་བྱས་རྗེས་རྐང་བརྗེས་ལག་བསུབས་ལྟ་བུ་ཆགས་སོང་། འོན་ཀྱང་དབུས་གཙང་རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློར་བསྒྱུར་བ་གཏོང་ཐུབ་ཀྱི་རེད་བསམ་གྱི་མེད། མ་གཞི་ནས་ཆོལ་ཁ་ཆོས་ལུགས་སོགས་བོད་མི་ནང་ཁུལ་དབྱེ་འབྱེད་འགྲོ་རྒྱུའི་སྐད་དེ་རིགས་ཤོད་མི་དགོས་པ་གཙོ་དོན་གནང་ཐུབ་ན་ཡག་པོ་འདུག། ཞེན་བསྐུལ་ཡིན།
བདེན་ནོ་བདེན་ནོ་མི་ལ་རང་བཙན་བདེན་།
བློ་སེང་གཡོ་རྒྱུས་ལྷ་སའི་བུ་ཡི་མིང་ཐོགས་བྲིས་པའི་གཏམ་བཤད་དེ་ཡང་མགོ་བསྐོར་ཡིན་།
དབུས་གཙང་མི་བུས་ཟམ་གདོང་བླ་མ་དང་བཀྲིས་བསོད་སྟོབས་དང་རྒྱ་རི་སོགས་བྱས་པ་ཅན་ལ་ཆེས་བསྟོད་དོ་ འོན་ཀྱང་བློ་སེང་འཇོན་ཐང་མེད་པའི་མི་བུ་དེ་ད་ཆ་དུས་རིང་བས་དགོས་པ་མེད་།
བྲིས་བ་ཡག་པོ་གདའ་་་་ནངས་དོན་ཕྱུག་པོ་རེད་འགུ་་་་ཡིན་ན་ཡང་སོ་སོས་བསྒྲུབ་མི་ཐུབ་པར་ངུས་ནས་ཅི་ཡོང་ལགས།
ད་ག་རེད་ཏ། ད་མདོ་སྟོད་སྨད་གཉིས་ཀྱིས་ཞེན་ཁོག་བྱེད་ཆོག་སར། དབུས་གཙང་མི་མང་གིས་བྱེད་མི་ཆོག་པའི་རྒྱུ་མཚན་ཅི་རེད།
རྩོམ་འབྲི་མཁན་ལ་བོད་་པའི་སྤྱི་ཚོགས་ལ་རྒྱུས་མངའ་དེ་ཙམ་མི་འདུག་། བཀའ་ཟུར་སྐལ་བཟང་ཡེ་ཤེས་ནི་་་མདོ་སྟོད་ངོ་མ་རེད། ཕ་ཡུལ་གོ་འཇོ་ནས་རེད། བཀའ་ཟུར་མདོ་སྔག་ནི་མདོ་སྟོད་ངོ་མ་རེད།་ ཕ་ཡུལ་ སྨར་ཁམས་ནས་རེད། དབུ་གཙང་མི་མང་ལ་སྤྱི་བསམ་དང་ལྷག་བསམ་ཡོད་པ་སྲིད་འཐུ་གཉིས་ཀྱི་འོས་བསྡུས་ནས་ཏོག་ཐོབ། འདི་རིགས་བྲིས་པ་ལས་མ་བྲིས་ན་བཟང་།
བློ་སེང་སྲིད་སྐྱོང་ལ་སླངས་པའི་ཁོ་བོའི་ལྟ་གྲུབ་ཆེ་མདོག་གསུམ་ཡོད་ཁུལ་ཁྲོད་གཅིག་ཆིག་སྒྲིལ་ཡིན་ཚུལ་འཕྱར་།
ལས་ཡུན་འཁྱུར་རན་པའི་ལས་སྡོམ་ལྟ་བུར་བྱས་རྗེས་ཆེ་ཤོས་དེ་བརྟན་ལྷིངས་ཡིན་ཚུལ་བཤད་།
ནང་དོན་ད་བར་བོད་མིའི་སྤྱི་ཚོགས་ནང་བློ་སེང་འདྲ་བའི་མགོ་ཁྲིད་གཟི་བརྗི་ཁོག་གཏོང་ཞིག་བྱུང་མྱོང་མེད་།
བཤད་ན་བོད་སྐད་ནང་གཏམ་བཤད་ཡིན་སོང་བསམ་པ་ཞིག་བཤད་མི་ཤེས་།
འབྲི་ནང་དབྱིན་ཡིག་ནང་ནོར་འཁྲུལ་མེད་པར་ཡིག་ཕྲེང་(sentence)
ཆ་ཚང་བ་ཞིག་འབྲི་མི་ཤེས་།
གསར་འགོད་པས་བཅའ་འདྲི་བྱ་རྒྱུར་དུས་ཚོད་བཟོས་པ་ཡིན་ན་འདྲི་བ་ཡིག་ཐོག་ཏུ་སྔ་ས་ནས་ཕུལ་དགོས་ཁུལ་དང་དྲི་བ་ཁག་ལ་དོན་གཅོད་སྐལ་རྡོར་གྱིས་ལན་བྲིས་པའི་རྗེས་གཞི་ནས་ལན་འདེབས་བྱས་།
སྐལ་རྡོར་མེད་ན་བློ་སེང་ལག་ལྡུམ་བྲག་ལ་འཛེགས་པ་འདྲ་། སྐལ་རྡོར་གྲོགས་པོ་དག་གིས་གྲགས་པ་ཡོངས་གྲགས་སོ་།
ཧ་ཧ་ཧ་། དབུས་གཙང་གཙོས་མདོ་དབུས་ཁམས་གསུམ་གཉིད་ལས་སད་ཚར་ཡོད། རྨོངས་གཉིད་ལ་ཤོར་བསྡད་པ་དག་བོད་སྤྱི་སེམས་མེད་པའི་ཆོལ་ཁའི་ཕྱོགས་འཐེན་ལ་ཞེན་པ་དང། སྲིད་དབང་སྒེར་སྤྱོད་བྱེད་ནས་གཞུང་རྒྱུ་སྒེར་བདག་བྱེད་མཁན་དག་རེད། འདས་ཟིན་པའི་པོ་རྒྱུས་ལ་ལྟོས་གདའ། སྐུ་དྲག་དེ་ཚོས་སྒེར་སྤྱོད་ན་བྱས་ནས་མདོ་དབུ་ཁམས་གསུམ་གྱི་མི་མང་སྡུག་ལ་སྦྱར་ལྐོག་ཟ་རུལ་སུངས་ཁོ་ན་སྐྱེད་བོད་རང་བཙན་ཤོར་སོང་བ་རེད། ད་ལྟ་ཟླ་བ་ཚེ་རིང་གི་བོད་གཞུང་གི་སློབ་གྲ་སྒེར་བདག་དང་སྡ་སའི་རྒན་གོག་འགའ་ཡི་སྡོད་ཤག་ཁ་སླུ་གཏོང་ནས་སོ་སོས་མིང་ཐོག་བསྒྱུར་ནས་ད་རུང་དབུས་གཙང་མི་མང་གཉིད་ཁུག་འདུག་ལབ་ན་ངོ་ཚ་ཁྲེལ་མེད་ཀྱི་སྐད་ཆ་རེད།
དབུས་གཙང་མི་མང་ལ་ཞེན་ཁོག་ལོས་ཡོད་དེ་དགོས་པ་ཞིག་རེད། ཡིན་ཡང་དབུས་གཙང་གི་མགོ་ཁྲིད་མཁན་ཡིན་ཟེར་མཁན་རེ་འགའ་ཞིག་གི་དབུས་གཙང་མི་མང་སོ་སོས་སྒེར་དོན་སྒྲུབ་བྱེད་བད་སྤྱོད་ལོག་པ་གཏོང་གི་འདུག་དེ་ཡག་པོ་མ་རེད། དབུས་གཙང་ནང་དུ་སྲིད་སྐྱོང་བྱེད་ཐུབ་མཁན་མི་ཤེས་འཇོན་ཅན་ག་ཚོད་དགོས་དགོས་འདུག། ད་ལོ་སྲིད་སྐྱོང་བཞེངས་མཁན་སྐུ་བཀྲ་ཤིས་དབང་འདུས་ལགས་རེད། དེ་ལ་དབུས་གཙང་ཚོགས་པའི་ངོས་ནས་རྒྱབ་བསྐྱོར་བྱས་མ་སོང་བ། ད་དབུས་གཙང་མི་མང་གཉིད་ཁུག་འདུག་ཟེར་བ་དང་ཞེན་ཁོག་དགོས་ཟེར་བ་དེ་ཚོ་རྫུན་གཏམ་ཁོ་ན་འགྱུར་སོང་བ། དེ་མིན་གཞན་བདེ་སྲུང་བཀའ་བློན་དངོས་གྲུབ་སོགས་མི་མང་པོ་འདུག་བ། དེ་ཚོ་ལ་རྒྱབ་བསྐྱུར་བྱེད་མི་དགོས་པའི་རྒྱུ་མཚན་ག་རེ་རེད། དབུས་གཙང་མི་མང་བད་སྤྱོད་ལོག་པར་གཏོང་གི་ཡོད་པ་མི་མང་གི་ཧ་གོ་འདུག་བ། མི་འདི་དག་རྗེས་མ་དབུས་གཙང་ཚོགས་པའི་མགོ་ཁྲིད་མཁན་མི་ཡོང་བ་ཁོ་ཐག་རེད།
དོན་དངོས་རེད་འདུག་
ངའི་དབུས་གཙང་མི་མང་་་་ཞེས་བྲིས་འདུག་ཁྱོད་སུ་ཡིན་དེ་འདྲ་དབང་ཆེན་ཞིག། ༧གོང་ས་མཆོག་གི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་གསུང་པ་ལས་གཞན་གོ་མ་མྱོང་། ཁྱོད་ཧམ་པ་ཚ་པོ་དེ་འདྲ། ངས་ལྟས་ན་ཁྱོད་ཀྱི་ཁམ་བུ་ཟ་འདོད་མིན་པ་སྡོང་བོ་བཅག་འདོད་རེད་འདུག། དབུས་གཙང་མི་རིགས་ལ་ཤ་ཞེན་ཡོད་ན་སྐུ་ངོ་་་བཀྲ་ཤིས་དབང་འདུས་་ལ་རྒྱབ་རྩ་མི་བཟོ་ག་རེ་ཡིན། སྐུ་ངོ་བཀའ་བློན་དངོས་གྲུབ་ལ་རྒྱབ་རྩ་མི་བཟོ་ག་རེ་ཡིན། ངས་ལྟས་ན་་་མི་ལ་རང་བཙན་གྱིས་བརྩམས།
སྐལ་བཟང་ཟླ་བ་་་གཉིས་རྨོངས་འོག་ལྷུང་འངུག་བསམ།
ལྷུང་འདུག།
བྱས་ཙང་་་་དབུས་གཙང་ནང་ནས་འཇམ་ནོར་དང་མདོ་སྟོད་ནང་ཨྱོན་སྟོབས་རྒྱལ་རིན་པོ་ཆེ་མཆོག་་་མདོ་སྨད་ནང་འབྲོག་ཁྱི་འདྲ་བའི་ཕོ་རྒོད་བླུད་ཁ་བཤད་གསུམ་ཡོད་འགུ་ན་བོད་མིའི་རྩ་དོན་ཆོལ་གསུམ་གཅིག་ཏུ་མི་གནས་བར་ག་ལ་འགུ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ