མིག་དམར་ཆོས་སྒྲོན།
དཔེ་སྟོན་ན་ཆུང་ཚགས་པར། རང་ལོ་༡༤ འཛིན་རིམ༨
ཁང་ཆུང་མེས་དཔོན་དཔེ་སྟོན་སློབ་གྲྭའི་ནང།།
བརྩོན་འགྲུས་ཅན་གྱི་སློབ་མ་རིགས་བཟང་མང།།
མ་འོངས་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཆེད།།
བོད་དགེ་བྱེད་རྒྱུ་མི་ཚེའི་དམིགས་ཡུལ་ཡིན།།
དེ་རིང་ཉམ་ཆུང་བུ་མོ་ངས་ཁྱེད་རྣམས་ལ་ཀློག་བདེ་ཞིང་སྙན་ཆ་ལྡན་པའི་རྩོམ་ཡིག་ཅིག་འདི་གར་འབྲི་ཁག་ནའང། སྨན་ཆུང་བུ་མོ་ཞིག་གི་སེམས་པའི་སྙིང་གཏམ་ཡིན་པ་ལས་སྙན་ངག་པ་ཞིག་གི་སྙན་ངག་ལས་བཞུར་བའི་ཚོར་བ་རྫུན་མ་མིན་ལ། ཚན་རིག་པ་ཚོས་མཛད་པའི་འཕྲུལ་ཆས་ཀྱི་གཞུང་ལུགས་གསར་པ་ཞིག་དེ་བས་ཀྱང་ག་ལ་ཡིན། ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་ཁྱིམ་གཞི་ཆེན་པོ་འདིའི་ནང་སྐད་དང་རིག་གཞུང་། ཆོས་ལུགས་སོགས་འདྲ་མིན་ཞིག་ཡོད་པ་དེ་དག་ཚང་མའང་རང་རེའི་དམིགས་ཡུལ་འགྲུབ་སླད་འབད་བརྩོན་བྱེད་བཞིན་ཡོད་ལ། རང་རང་གི་དམིགས་ཡུལ་ཞིག་གི་ཆེད་དུ་འཇེག་རྟེན་འདིར་འཚོ་སྡོད་བྱས་ཡོད། དེ་ཡང་དེ་རྣམས་ཀྱི་མ་རྩའམ་སྲོག་རྩ་ལྟ་བུ་ནི་བོད་ཀྱི་སྐད་ཡིག་དེ་རང་ཡིན། དེར་བརྟེན་ང་ཚོའི་རྒྱལ་ཁབ་དེ་འཛམ་གླིང་ནང་ལ་གནས་མ་གནས་དང་གསོན་མ་གསོན་དེའང་སྐད་ཡིག་དེ་ཡིན་པས་ན་དེ་ནི་མི་ཚེ་ཧྲིལ་པོ་གཅིག་གི་སྲོག་རླུང་དང་མཚུངས། དེར་བརྟེན་སྐད་ཡིག་སྦྱང་རྒྱུ་ནི་ཤིག་ཏུ་གལ་ཆེ། དེང་དུས་དུས་རབས་ཉི་ཤུ་རྩ་་གཅིག་གི་བོད་པ་གཞོན་སྐྱེས་ཚོས་བོད་པའི་སྐད་ཡིག་ལ་མཐོང་ཆུང་བྱེད་པ་དང་དབྱིན་ཇི་ཁོ་ན་སྦྱང་བརྩོན་བྱེད་མཁན་དབྱར་གྱི་ཤ་མོ་ལྟར་དེ་བས་མང། ད་དུང་དེ་བས་བློ་ཕམ་པ་ཞིག་ལ་དེང་གི་ཆར་ན་གཞོན་འགས་རང་ཉིད་བོད་པ་ཡིན་བརྗོད་ཀྱང་བོད་སྐད་ཤོད་རྒྱུ་ངོ་ཚ་ནས་དབྱིན་ཇི་ཁོ་ན་སྤྱོད་པར་བརྟེན་སྐད་ཡིག་ལ་དོ་སྣང་དཀོན་པ་དང་དེ་བཞིན་འཛིན་རིམ་དྲུག་པ་དང་བདུན་པར་བསླེབས་པའི་སློབ་ཕྲུག་ལ་ཆ་བཞག་ན་བོད་ཡིག་ཡག་པོ་ཀློག་མི་ཤེས་པ་དང་སྒྲ་མི་དག་པ་བཅས་ཡོད་པ་ཨ་ཅང་ཅང། འོན་ཀྱང་ཁོང་ཚོ་ལ་ཁག་ཅི་ཡོད། འཛིན་རིམ་བཅུ་གཅིག་བཅུ་གཉིས་ལ་བསླེབས་པའི་སློབ་ཕྲུག་རྣམས་ཀྱང་ཕ་མ་ལ་གཏོང་ཡིག་བཏང་ཤེས་ཀྱི་མེད་ལ་བོད་ཡིག་ཡག་པོ་ཀློག་མི་ཤེས་པར་བོད་ཡིག་འགོ་ལ་དབྱིན་ཇི་བྲིས་ནས་ཀློག་མཁན་ཡང་ཡོད། མཐར་གཏུགས་ནས་བཤད་ན་ཁོ་ཚོ་སྐད་ཡིག་ལ་ཞེན་ཁོག་མེད་པ་དང་ཤ་་ཚ་མེད་མཁན་ཤ་སྟག་རེད་ཅེས་ངས་ཚིག་ཐག་བཅད་ནས་བཤད་ཐུབ་ཀྱི་ཡོད། དེ་ལྟ་བུའི་ཛ་དྲག་དང་གཉན་འཕྲང་གི་དུས་ཚོད་འདིར་རྒྱབ་ཁབ་ལ་ཞེན་པའི་བུ་མོ་ངས་སེམས་གཏིང་ནས་མ་བཟོད་པར་ཞེད་སྣང་དང་དངངས་སྐྲག་སྐྱེས་ཏེ་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆག་འཇིག་གི་སྲོག་རྩ་ལྟ་བུའི་སྐད་ཡིག་དེ་མི་ཉམས་སླར་གསོ་ཡོང་ཆེད་ལས་དོན་ཞིག་བསྒྲུབ་དགོས་པར་བསམས། དེ་ཡང་ཕྱོགས་ག་ས་ནས་བལྟས་ཀྱང་སྐད་ཡིག་དེ་མི་ཉམས་པའི་ཆེད་སྙན་གྲགས་ཅན་གྱི་ཚན་རིག་མཁས་དབང་ཞིག་ཆགས་ན་མི་ཕན་ལ། སྨན་པ་དང་དམག་མི། བཟོ་པ། ཞིབ་འཇུག་པ། ཉེན་རྟོག་པ། བཀའ་བློན་སོགས་ཀྱིས་དེ་བས་མི་ཕན། དེ་ཡི་ལམ་བུ་ཡག་ཤོས་ནི་སྐད་ཡིག་ལ་དང་དོད་དང་ཞེན་ཁོག་བཅས་ཡོད་པའི་བོད་དགེ་ཞིག་བྱས་ན་བཟང་ཤོས་ཡིན། དེར་བརྟེན་། ང་ཡང་རང་གི་རྒྱལ་ཁབ་ཀྱི་ཆེད་མ་འོངས་སོན་རྩ་རྣམས་ལ་བོད་པའི་སྐད་ཡིག་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཞིག་བྱེད་པར་འདོད་ལ། མ་ཟད་བོད་དགེ་ཞིག་བྱེད་རྒྱུ་ནི་ངའི་མི་ཚེའི་དམིགས་ཡུལ་ཡིན་ལ། ངའི་མི་ཚེ་ནང་གི་གནད་དོན་གལ་ཆེ་ཤོས་དེ་ཡང་ཡིན། དེ་ག་ནང་བཞིན་སློབ་གྲྭ་སུ་འདྲ་ཞིག་ཡིན་རུང་བོད་དགེ་ཚོས་མ་འོངས་སོན་རྩ་རྣམས་ལ་བོད་ཡིག་ཡག་པོ་སྦྱངས་ན་ཁེ་ཕན་དང་གཙོ་བོ་སྐད་ཡིག་གང་བྱུང་བསྲེས་ལྷད་རྒྱག་མི་ཆོག་པའི་ཤ་ཚའི་བསླབ་བྱ་བསྐྱོན་རྒྱུ་ནི་བུ་མོ་ངའི་སེམས་གཏིང་གི་རེ་བ་ཡིན་ནོ།།
བོད་རིགས་ཀྱི་བུ་མོ། མིག་དམར་ཆོས་སྒྲོན་ལེགས། ཁྱེད་དགུང་ལོ་བཅུ་བཞི་མ་ཡི་རྩོམ་ཡིག་འདི་འགྲན་ཟླ་མེད་པ་ཞིག་འདུག ཁྱེད་ཀྱི་ལྷག་བསམ་གོང་ནས་གོང་འཕེལ་གྱིས་བོད་སྤྱིའི་སྐད་དང་། རིག་གཞུང་ལ་ཞབས་འདེགས་ཆེན་པོ་ཞུ་མཁན་གྱི་བོད་ཀྱི་དཔའ་མོ་ཞེས་བོད་མི་ཀུན་གྱིས་གུས་བཀུར་ཞུ་འོས་པ་ཞིག་ཏུ་གྱུར་ཅིག་ཅེས་ཡིད་སྨན་བཅས་སོ།།
ཤིན་ཏུ་ལེགས། རེ་བ་ཆེན་པོ་འདུག
རྩོམ་སྒྲིག་པས་དག་བཅོས་སོགས་གནང་མེད་ན་རྩོམ་ཡིག་ཡག་ཐག་ཆོད་ཅིག་རེད། དགུང་ལོ་བཅུ་བཞི་ལས་མ་
སོན་པའི་བུ་མོ་ཞིག་གིས་འདི་ལྟ་བུ་འབྲི་ཤེས་པ་ནི་དངོས་གནས་དགའ་འོས་པ་ཞིག་རེད། ད་དུང་མུ་མཐུད་ནས་འབད་བརྩོན་གནང་རོགས། ཐུགས་རྗེ་་ཆེ།
ད་མདོར་ན་མེས་དབོན་དཔེ་སྟོན་སློབ་གྲྭ་སློབ་གྲྭ་མཚན་ཉིད་པར་ངོས་འཛིན་དང་འབྲེལ། དགེ་རྒན། འཛིན་སྐྱོང་པ། སློབ་ཕྲུག་བཅས་ཚང་མར་བཀྲ་ཤིས་བདེ་ལེགས་དང་རྗེས་སུ་ཡི་རངས་ཞུ།།
ལོ་བཅུ་བཞི་ཡིན་ནམ། ངོ་མ་ལོ་ཆུང་རེད། ལོ་ཆུང་ཆུང་གི་བུ་མོ་ཞིག་གིས་བརྗོད་བྱེད་ཀྱི་ཚགས་དམ་ལ་བརྗོད་བྱའི་དོན་སྙིང་ལྡན་པའི་རྩོམ་ཡིག་འདི་ལྟ་བུ་ཞིག་འབྲི་ཐུབ་པ་ངོ་མ་བློ་ཡུལ་ལས་འདས། དགའ་སོང་། སེམས་བསམ་པའི་གཏིང་ནས་དགའ་སོང་། ཚེ་རིང་རྒྱུའི་མིག་དམར་ཆོས་སྒྲོན། བཀའ་དྲིན་ཆེ།
བཙན་བྱོལ་ནང་བོད་ཕྲུག་ཆུང་ཆུང་དེ་ཚོས་དེང་སང་བོད་ཡིག་ལ་དོ་སྣང་གསར་པ་བྱེད་བཞིན་པ་དངོས་གནས་དགའ་བོ་བྱུང་།འོན་ཀྱང་།རྩོམ་ཡིག་འབྲི་བར་ཆུང་ཆུང་སྐབས་ཆུང་དུས་ཀྱི་མིའི་བསམ་བློ་དང་བསྟུན་ཏེ་བརྗོད་བྱ་གདམས་ཐུབ་ན་ཧ་ཅང་ཡག་པོ་ཡོད་པ་རེད།ཆུང་དུས་ནས་མ་འོངས་ཕུགས་བསམ་ཆེན་པོ་དང་མི་ལ་སློབ་གསོ་བྱེད་པ་འདྲ་བོ།བྱམས་བརྩེ་དང་ཞི་བདེ་དེ་འདྲ་བཤད་ན་རན་པོ་མེད་པ་དང་།བཅོས་མ་ཆགས་འགྲོ་ཀི་རེད།
བྱིས་པའི་སེམས་ཁམས་ཀྱི་སྟེང་ནས་རྩོམ་བྲིས་ན་འཚམས་ལན་རེར་ངོ་མ་མི་རྒན་ཚོ་ངོ་མཚར་སྐྱེ་གཞི་དེ་འདྲ་ཡོང་གི་རེད།
དཔེར་ན།ང་རང་སློབ་ཆུང་སྐབས་ངའི་སློབ་གྲོགས་ལོ་༡༡ཅན་ཅིག་ནས་(ང་ལ་དབང་བའི་སྒེའུ་ཁུང་)ཟེར་བའི་རྩོམ་ཡིག་ཅིག་བྲིས་ཏེ་བརྗོད་གཞི་གཙོ་བོ་སློབ་ཁྲིད་སྐབས་འཛིན་ཁང་དུ་ཁོ་རང་གི་ཐད་ཀྱི་སྒེའུ་ཁུང་ལས་ཕྱིའི་གནས་ཚུལ་མང་པོ་མཐོང་ཐོས་དང་དེ་ལ་རྣམ་གཡེང་ལ་བྱེད་ཚུལ་བྲིས་ཡོད་པར།དགེ་རྒན་དང་ཕྱིས་སུ་ཁུལ་སློབ་གསོ་ཅུས་ཀྱི་བོད་མི་རྩོམ་པ་བོ་འགའ་ཡང་ཧ་ལས་ལས་བྱས་སོང་།
ཡག་པོ་ཞེ་དྲག་རེད་་་་
ཆུང་དུས་ཀྱི་རྩོམ་ཡིག་བཟང་ངན་ག་འདྲ་ཡིན་ཡང་་རང་སོར་འཇོག་དགོས་པ་ལས་་གཞན་པས་ཞེ་དྲག་བཅོས་མི་ཉན།
ཁྲི་རལ་པའི་སྐད་ཆ་དེ་སྙན་སོང་།
ཚེ་རིང་རྒྱུ་མ་་་ཁྱོད་འདྲ་རེ་མཐོང་ན་བོད་གངས་ཅན་པ་ད་དུང་ཚེ་ཐག་རིང་ཙམ་ཡོང་བའི་རེ་བ་ཞིག་འབུས་ཡོང་གི་འདུག
དམིགས་ཡུལ་བཟང་བྱུང་དམིགས་ཡུལ་བཟང་། །
རང་སྐད་སློབ་དགེའི་དམིགས་ཡུལ་བཟང་། །
དགའ་བསུ་ཡོད།
གོང་གི་མིག་དམར་ཆོས་སྒྲོལ་གྱི་རྩོམ་ཡིག་ལ་བལྟས་ན་བུ་མོ་ཆུང་ཆུང་འདི་འདྲ་ཞིག་གིས་རྩོམ་ཡིག་སྤུས་དག་ཅིག་བྲིས་པ་དེས་ལ་དྭགས་བློ་བཟང་འཇམ་དཔལ་ལྟ་བུའི་ཁ་བརྡར་དྲ་བ་ཀློག་མཁན་འགའ་ལ་སྙིང་རླུང་ཡོང་ཉེན་ཡོད་རྒྱུ་རེད། དཔྱད་བརྗོད་པ་བློ་བཟང་འཇམ་དཔལ་དང་སློབ་མ་ཆུང་ཆུང་མིག་དམར་ཆོས་སྒྲོན་གཉིས་ལ་མ་འདྲ་བའི་ཆ་ཧ་ཅང་མང་གི་ དཔེར་ན་ མིག་དམར་ཆོས་སྒྲོན་གྱི་རྩོམ་ཡིག་ལ་ཡིག་སྐྱོན་ཉུང་ལ་ལ་དྭགས་བློ་བཟང་གི་བསམ་ཚུལ་ན་ཡིག་སྐྱོན་ཧ་ཅང་མང་ནོ་ཆ་མ་འདྲ་བའི་ཆ་གཅིག་དང་། མིག་དམར་ཆོས་སྒྲོན་གྱི་རྩོམ་ཡིག་ལ་དོན་སྙིང་ལྡན་ལ་བློ་བཟང་གི་བསམ་ཚུལ་ལ་གོ་རྒྱུར་མེད་པ་ཡང་མ་འདྲ་བའི་ཆ་སོགས་ཧ་ཅང་ཆ་མང་པས་ མདོར་ན་རྗེས་སོར་དྲ་ཀློག་པ་ཡོངས་ཀྱིས་དོ་ཁུར་ཆེར་བཞེས་གནང་རྒྱུ་ཧ་ཅང་གལ་ཆེ་འདོད་སྙམ།
ན་གཞོན་གྱི་བུ་མོ་ཆུང་ཆུང་། །མི་ཚེའི་དམིགས་ཡུལ་ལེགས་པ། །རྩོམ་བྲིས་ནི་སྙན་འཇེབས་ལྡིང་བ། །དམིགས་ཡུལ་བཞིན་འགྲུབ་པ་སྨོན་ཆོག། །།
སྦྲ་དཔལ་ལྡན་ལེགས།
ཁྱེད་ཀྱིས་ཡི་གེ་བྲིས་པ་ན་ལ་དྭགས་འཇམ་དཔལ་ལ་ཡིག་སྐྱོན་ཧ་ཅང་མངཞེས་པ་བདེན། མིག་དམར་ཆོས་སྒྲོན་གྱི་རྩོམ་ཡིག་མཐོང་ནས་། རྗེས་སུ་ཡི་ཡིད་རངས་དགོས་པ་ལས་སྙིང་རླུང་ལངས་ན། ང་རང་གི་སྡུག་སྦྱོང་ལས་ཕན་པ་གཞན་མེད། ཁྱེད་ལ་བོད་སྤྱི་དང་གཞན་ལ་ཕན་པའི་བསམ་བློ་ཡོད་ན། ལ་དྭགས་འཇམ་དཔལ་གྱི་སྐྱོན་ལ་དག་བཅོས་བྱེད་པ་ལ་བདག་རང་ལ་མ་ཟད་བོད་སྐད་སྤྱི་ལ་ཕན་པས། བདག་གི་སྐྱོན་གང་ཡོད་གསལ་སྟོན་མཛད་དགོས་གལ་ཆེ། དེ་ཙམ་ཡིན། ལས་གཞན་མང་བས་དུས་ཀྱིས་མི་ལྡང་ངོ་།
། མིག་དམར་ཆོས་སྒྲོན་གྱི་རྩོམ་ཡིག་འདི་བོད་ཁྱིམ་སློབ་མ་ཚོས་མཐོང་ངོ་མ་ཀོང་ཚོར་ངོ་ཚ་པོ་ཆགས་ངེས་རེད། དེང་སང་དཔེ་སྟོན་སློབ་གྲྭའི་སློབ་མ་ཚོས་ངོ་མ་དཔེ་བཟང་པོ་སྟོན་གྱི་འདུག ངོ་མ་དགའ་འོས་པའི་གནས་ཚུལ་རེད། འདི་ལྟ་ཡིན་ན་མིང་དོན་མཚུངས་ངེས་ཞེས་པའི་སློབ་གྲྭ་ཞིག་ཆགས་འདུག ད་དུང་ཡར་རྒྱས་ལ་མཐའ་མེད་པའི་གཟིགས་ཚུལ་དང་བཤད་སྲོལ་གཞིར་བཅོལ་ནས་ཧུར་བརྩོན་བྱོས། ཁྱེད་ཚོ་དགེ་སློབ་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་། བྱ་བ་ལམ་འགྲོ་ཡོང་བས་སྨོན་འདུན་ཞུ།
མིག་དམར་ཆོས་སྒྲོན་གྱི་རྩོམ་ཡིག་འདི་བོད་ཁྱིམ་སློབ་མ་ཚོས་མཐོང་ན་ངོ་མ་ཁོང་ཚོར་ངོ་ཚ་པོ་ཆགས་ངེས་རེད། དེང་སང་དཔེ་སྟོན་སློབ་གྲྭའི་སློབ་མ་ཚོས་ངོ་མ་དཔེ་བཟང་པོ་སྟོན་གྱི་འདུག ངོ་མ་དགའ་འོས་པའི་གནས་ཚུལ་རེད། འདི་ལྟ་ཡིན་ན་མིང་དོན་མཚུངས་ངེས་ཞེས་པའི་སློབ་གྲྭ་ཞིག་ཆགས་འདུག ད་དུང་ཡར་རྒྱས་ལ་མཐའ་མེད་པའི་གཟིགས་ཚུལ་དང་བཤད་སྲོལ་གཞིར་བཅོལ་ནས་ཧུར་བརྩོན་བྱོས། ཁྱེད་ཚོ་དགེ་སློབ་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་། བྱ་བ་ལམ་འགྲོ་ཡོང་བས་སྨོན་འདུན་ཞུ།