༢༠༠༣ ལོའི་དགུན་ཁ་དེར་རྒྱ་གར་ཅན་དྷི་གྷར་ས་གནས་གཞོན་ལྷན་གྱིས་དྷ་སར་གཞོན་སྐྱེས་ཀྱི་ཚོགས་འདུ་ཆེན་པོ་ཞིག་བསྐོངས་སོང་། ང་ཚོགས་བཅར་བྱས་པ་ཡིན་ལ་སྐབས་དེར་ཆེད་མཁས་པ་མང་པོ་གདན་འདྲེན་ཞུས་པའི་ནང་ནས་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བོད་ནང་གི་མེ་འཁོར་ལྕགས་ལམ་དང་བོད་དོན་གནས་བབས་སྐོར་ལ་གཏམ་བཤད་གནང་སོང་། ཉིན་དེར་ངས་ཁོང་ཐེངས་དང་པོ་མཐོང་བ་རེད།
ཁོང་གིས་བདེ་སྲུང་ལས་ཁུངས་ཀྱི་བོད་གནས་ཉམས་ཞིབ་ནང་དུ་ལས་ཀ་བྱེད་ཀྱི་འདུག་ལ། ཡིག་སྣོད་ཅིག་མཆན་འོག་ཏུ་བཅུག་ནས་མགོ་ཕར་དཀྱོག་ཙམ་དཀྱོག་ཙམ། ཚུར་དཀྱོག་ཙམ་དཀྱོག་ཙམ་བྱས་ནས་ཉམས་དོད་པོས་གངས་སྐྱིད་ཁོར་ཡུག་ཏུ་འགྲོ་སྡོད་བྱེད་མཁན་གྱི་ཕོ་སར་ཞིག་རེད། དེའི་སྐབས་ངའི་མཐོང་སྣང་ལ་མི་ཀྲོག་ཀྲོག་ཚ་བོ་ཡོད་པ་འདྲ་མཐོང་སོང་མོད། ༧གོང་ས་མཆོག་གཙུག་ལག་ཁང་དུ་ཕེབས་པའི་གཞུང་འབྲེལ་མཛད་སྒོ་སོགས་ཀྱི་སྐབས། ཁོང་བདེ་སྲུང་གི་ལས་བྱེད་ཡིན་པས་སྐུ་ཕྱྭ་སྲུང་སྐྱོབ་དང་འབྲེལ་བའི་གཙུག་ལག་ཁང་དུ་མི་མང་སྡོད་སྟངས་དང་ཕེབས་ལམ་དུ་འཚང་ཁ་མ་ཐེབས་ཆེད་ལྟ་སྲུང་བྱེད་དུ་ཡོང་གི་འདུག སྐབས་དེར་ཁོང་མི་མང་ཐོག་ཧ་ཅང་གཤིས་འཇམ་ཞིག་ཡིན་པའི་ཚོར་སྣང་བྱུང་།
རྗེས་སུ་ཁོང་གི་ལོ་རྒྱུས་ཆ་ཚང་ཤེས་དུས་ན་གཞོན་སྐབས་བོད་དུ་སློབ་མཚམས་བཞག་ནས་༡༩༩༠ ལོར་རྒྱ་གར་དུ་སྐྱབས་བཅོལ་དུ་ཡོང་བ་དང་། དེ་ཡང་བོད་རང་བཙན་འཐབ་རྩོད་ཆེད་དུ་ལས་དོན་བྱེད་རྒྱུའི་དམིགས་ཡུལ་བརྟན་པོ་བཟུང་བ་མ་ཟད། རྒྱ་གར་དུ་བོད་ཀྱི་དམག་གི་སྒྲིག་འཛུགས་ཤིག་ཡོད་པ་གོ་ཐོས་བྱུང་བར་བརྟེན། དེ་ལ་རེ་སྙེག་བྱས་ནས་ཡོང་བ་ཡིན་འདུག ཡིན་ཡང་བོད་རང་བཙན་ཆེད་དུ་བསྡུ་བསྐོངས་བྱས་པའི་དམག་སྒར་ཞིག་མིན་པ་ཁོང་གིས་ཤེས་རྟོགས་བྱུང་བ་དང་དམག་མིའི་ནང་འཛུལ་ཞུགས་མ་བྱས་པར། སུ་ཇ་བོད་ཁྱིམ་དུ་སློབ་གཉེར་བྱས་པ་དང་། ༡༩༩༢ ལོར་ཁོང་གིས་དམིགས་ཡུལ་མ་བརླགས་པར་ཕྱིར་བོད་དུ་བསྐྱོད་པ་ནས་བོད་མི་འཐབ་རྩོད་པ་ཁག་ཅིག་དང་མཉམ་འབྲེལ་གྱིས་བོད་མདོ་སྨད་དུ་གསང་བའི་སྒྲིག་འཛུགས་“མདོ་ཁམས་གཞོན་ནུ་འཆི་ཕོད་ཚོགས་པ་”བཙུགས་ཏེ། རྒྱ་རྒོལ་གྱི་ལས་གཞི་བརྩམས་འདུག
སྟབས་མ་ལེགས་པ་ཞིག་ལ་གསང་བའི་སྒྲིག་འཛུགས་རྒྱ་བསྐྱེད་མ་བྱུང་སྔོན་ནས་རྒྱ་རྒོལ་ལས་འགུལ་བ་ཚོ་རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་བྱས་པ་མ་ཟད། དེའི་ནང་ནས་ཁོང་ལ་སྣེ་ཁྲིད་པའི་ནག་ཉེས་འོག་ལོ་༡༨ རིང་བཙོན་འཇུག་ཁྲིམས་ཐག་བཅད། བསམ་བློ་བཏང་ན་ཁོང་ན་གཞོན་སྐབས་ནས་དགྲ་ལ་རྒོལ་བའི་ལས་གཞི་སྣ་ཚོགས་ཡོད་མཁན་ཞིག་ཡིན་ནའང་། གསང་བའི་སྒྲིག་འཛུགས་དེས་ལས་ཀ་ཞིབ་ཚགས་ག་འདྲ་བྱས་པ་དང་རྗེས་ནས་ཆ་ཚང་འཐོར་ཞིག་ཏུ་སོང་ཡོད། ཡང་ན་མུ་མཐུད་ལས་གཞི་སྤེལ་བཞིན་ཡོད་མེད་ད་ལྟ་ང་ཚོས་བཤད་ཚོད་མི་ཐིག་པ་ཞིག་རེད་མོད། རྒྱ་རྒོལ་གྱི་འཆར་འགོད་ཡོད་པའི་འཐབ་རྩོད་ཀྱི་སྣེ་ཁྲིད་པ་ཞིག་རེད།
གང་ལྟར་ཁོང་བཙོན་ཁང་ནས་མནར་གཅོད་འོག་འཆི་ལ་ཉེ་བ་བཟོས་ཏེ་བཙོན་འཇུག་གི་དུས་ཚོད་ལོ་ལྔ་འཁོར་བའི་སྐབས་སྨན་བཅོས་ཀྱི་མིང་ཐོག་ནས་བཙོན་གྲོལ་ཐོབ་ཙམ་བྱུང་བ་རེད། ན་ཚ་དྲག་སྐྱེད་ཅུང་བྱུང་སྐབས། བསྐྱར་དུ་བཙོན་འཇུག་གི་ཉེན་ཁ་ཡོད་པས། ༡༩༩༨ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་བསྐྱར་དུ་སླེབས་སྐབས། བཙན་བྱོལ་ནང་གི་གནད་ཡོད་མི་སྣ་རེ་ཟུང་གིས་ཁོང་སྡོད་བཟོད་མི་བདེ་བ་ཡང་བཟོ་མྱོང་འདུག་ཀྱང་། དེ་ལ་ཁོང་གིས་གདོང་ལེན་བྱས་པ་ལས་བོད་དོན་འཐབ་རྩོད་བློས་བཏང་མི་འདུག ཁོང་ལ་བོད་གཞུང་བདེ་སྲུང་ལས་ཁུངས་སུ་བོད་གནས་ཉམས་ཞིབ་ཁང་གི་ཉམས་ཞིབ་པའི་ལས་ཀ་སྤྲད་ནས། རྒྱ་བོད་ཀྱི་གནས་སྟངས་ཐོག་ཉམས་ཞིབ་ལོ་མང་བྱས་པ་མ་ཟད། རྒྱ་གར་གྱི་བོད་མིའི་དམག་སྒར་ཨང་༢༢ པའི་ནང་དགེ་རྒན་བྱས་པ་སོགས་རྒྱ་གར་གཞུང་དང་བོད་གཞུང་གཉིས་ཀས་ཡིད་ཆེས་བྱ་ཆོག་པའི་མི་ཞིག་རེད་འདུག
བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དུ་ཡོད་སྐབས། དྷ་ས་ནས་བོད་ལ་རྒྱ་ནག་གི་རྩ་ཁྲིམས་འོག་ས་གནས་མི་རིགས་རང་སྐྱོང་ཡོང་ཐབས་ཀྱི་བོད་རྒྱ་འབྲེལ་མོལ་ཞིག་འགོ་བཙུགས་སྐབས། ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་རྒྱ་ནག་མཉམ་པོར་འབྲེལ་མོལ་དེས་དོན་དངོས་སུ་བོད་དོན་ལ་ཕན་ཐོགས་གང་ཡང་མེད་སྐོར་གྱི་དཔྱད་བརྗོད་དང་གསར་འགྱུར་བརྒྱུད་ལམ་གྱི་དྲི་བར་ལན་འདེབས་བྱས་པའི་རྐྱེན། བཀའ་ཤག་གིས་ཁོང་ལ་སྐད་ཆ་དེ་ཚོ་བོད་གཞུང་གི་སྲིད་ཇུས་དང་མི་མཐུན་པས། ལས་མཚམས་འཇོག་པའམ། ཡང་ན་བཤད་མཚམས་འཇོག་དགོས་པའི་ཉེན་བརྡ་གཏོང་སྐབས། ཁོང་གིས་དྲང་ཚུགས་ཀྱི་རང་གཤིས་དེའི་འོག་ནས་དངོས་ཡོད་ཉམས་ཞིབ་ཀྱི་གྲུབ་དོན་བཤད་རྒྱུ་བདམས་ཏེ། གཞུང་གི་ལས་གནས་ནས་ཚུལ་མཐུན་དགོངས་པ་ཞུས་འདུག སྐབས་དེར་དྷ་སའི་གསར་འབྱོར་ཞིག་ལ་མཚོན་ན། ལས་གནས་གཡུག་རྗེས་འཚོ་གོས་ཀྱི་དཀའ་ངལ་ཡང་ཡོད་མི་སྲིད་པ་མ་རེད་མོད། ཉིན་རེའི་འཚོ་གོས་དང་ཉམས་ཞིབ་ཀྱི་གྲུབ་དོན་བརྗེ་པོ་རྒྱག་མི་ཐུབ་པའི་མི་བུ་རང་གཤིས་བརྟན་པོ་ཡོད་མཁན་ཞིག་རེད། ཁོང་དགོངས་པ་ཞུས་ཀྱང་བོད་རྒྱ་འབྲེལ་མོལ་ལ་དོན་འབྲས་གང་ཡང་སོན་མ་སོང་།
བར་སྐབས་དེར་ཁོང་གིས་རང་དབང་གི་ཉམས་ཞིབ་བྱས་པ་དང་། ཚོགས་སྡེ་ཁག་མང་པོའི་གཞོན་སྐྱེས་ཚོར་ཟབ་སྦྱོང་སྤྲོད་དུ་གདན་འདྲེན་དང་འབྲེལ་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་བོད་དོན་འཐབ་རྩོད་སྐོར་ལ་གཏམ་བཤད་བྱེད་མཁན་སྐད་གྲགས་ཅན་ཞིག་ཡིན་པར་ངོས་འཛིན་བྱས་འདུག
བོད་མིའི་སྒྲིག་འཛུགས་དང་ཨོ་སི་ཁྲུ་ལི་ཡའི་གཞུང་གི་མཐུན་རྐྱེན་འོག ཆབ་སྲིད་བཙོན་པ་དང་། འབྲེལ་ཆགས། འབྲེལ་ཡོད་དང་བཅས་པ་ཨོ་སི་ཁྲུ་ལི་ཡར་རིམ་པས་བླངས་ཏེ། འཚོ་གོས་གནས་མལ་གཞུང་ངོས་ནས་ཕུན་སུམ་ཚོགས་པ་སྤྲོད་ཀྱི་ཡོད་པ་མ་ཟད། སློབ་སྦྱོང་གི་གོ་སྐབས་དང་མ་འོངས་པའི་གནས་བབས་ཆ་ཚང་ལ་ལྟ་རྟོགས་ཡོད་པ་རེད། དེའི་རྒྱན་ཁོངས་སུ་ཞུགས་མཁན་གྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་སྟོབས་ཆེན་རྒྱལ་ཁབ་དེའི་ནང་བླངས་ཚར་ཡང་། ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ཆབ་སྲིད་བཙོན་པའི་མིང་ཐོག་ནས་ཁེ་བཟང་ཟ་རྒྱུ་མིན་ཞེས་དྷ་སར་སྐྱབས་བཅོལ་བའི་འཚོ་བ་རོལ་ནས། བོད་ནང་དུ་འདུག་མ་ཐུབ་ཀྱང་། བོད་ཀྱི་ས་ཆ་དང་ཁ་ཐག་ཉེ་ལ། ཆོས་དང་རིག་གཞུང་གི་འབྲེལ་བ་ཡོད་ས། བཙན་བྱོལ་བོད་མི་ཚོའི་བསྟི་གནས་རྒྱ་གར་ནང་དུ་བོད་དོན་འཐབ་རྩོད་ཆེད་དུ་གང་ནུས་ཀྱིས་ལས་དོན་བསྒྲུབ་དགོས་ཀྱི་འདུག་ཅེས་བཤད་དེ། སྒེར་གྱི་མ་འོངས་ཁེ་ཕན་དང་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་བརྗེ་པོ་རྒྱག་མི་ཐུབ་མཁན་གྱི་འཐབ་རྩོད་པ་ཞིག་རེད།
༢༠༡༥ ལོའི་ཕྱི་ཟླ་༨ ཚེས་༣ ཉིན་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་སྲིད་སྐྱོང་འོས་མིར་ལངས་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་སོང་ལ། གསལ་བསྒྲགས་དེ་ནི་སྲིད་སྐྱོང་འོས་མི་གཞན་ཚོས་བཤད་པའི་གཞིས་ཆགས་ལ་ཁང་པ་རྒྱག་སྟངས་དང། ཉམ་ཐག་ལ་འཚོ་སྣོད་སྤྲོད་ཕྱོགས་ཀྱི་འཆར་གཞི་ཙམ་མ་ཡིན་པར། བཙན་བྱོལ་བོད་མིིའི་སྒྲིག་འཛུགས་དེ་རྒྱ་ནག་ལ་རྒོལ་ཐུབ་མཁན་གྱི་ཁ་ཕྱོགས་འཛིན་རྒྱུའི་འཆར་སྒོ་དང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིིད་ལངས་ཕྱོགས་ལ་བསྐྱར་ཞིབ་ཀྱི་འཆར་སྒོ་ཡོད་སྐོར་བསྒྲགས་པ་རེད། ཁོང་གིས་“ང་སྲིད་སྐྱོང་ལ་ལངས་སྟངས་ནི་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ལངས་ཡོད་མོད། དེ་ནི་ངོ་རྒོལ་ཁོ་ན་ཞིག་མ་ཡིན་པར་ང་དང་ང་ཚོར་བསྐྱར་བསྐྲུན་གྱི་འཆར་སྒོ་ཡོད་པས་ཡིན་”ཞེས་བརྗོད་ཡོད་པ་རེད།
ད་བར་ང་ཚོས་བཙན་བྱོལ་ནང་བླ་མ་དང་མཁས་པ་ཆེ་ཚད་གྲགས་ཚད་ཚང་མ་ཡར་བཞག་རེད་མོད། ༧གོང་ས་མཆོག་གི་དགོངས་གཞིའི་འོག་ཤར་བསྐྱོད་བྱེད་རྒྱུ་ཡིན་པའི་ཁ་གཡེང་སྒྲོག་མཁན་རྐྱང་བྱུང་བ་ལས་དམིགས་བསལ་ཆབ་སྲིད་གནས་བབས་ལ་འགྱུར་བ་གང་ཡང་སོང་མེད། འདས་པའི་དུས་སུ་མཁས་དབང་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་ལོ་བཅུའི་རིང་བདམས་པ་རེད་ལ། དེ་བཞིན་ཁྲིམས་ལུགས་སློབ་དཔོན་ཆེན་པོ་བློ་བཟང་སེང་གེ་བདམས་ནས། དྷ་ས་བསྒྱུར་བཅོས་གཏོང་གི་ཡོང་ཡང་། དྷ་ས་བསྒྱུར་བཅོས་གཏོང་མ་ཐུབ་པར། དྷ་སས་ཁོང་བསྒྱུར་བཅོས་བཏང་བ་ལྟ་བུ་ཆགས་ནས། ཁྲིམས་ལུགས་སློབ་དཔོན་ཆེན་མོ་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་ནང་དུ་འཐོམ་འགོ་ཚུགས་པ་ཟད། ཆོས་ལུགས་ཀྱི་རྙོག་གྲ་ཙག་ཙིག་ནང་དུའང་འཐོམ་ཉེན་འདུག གང་ལྟར་བླ་མ་གཟིམ་ས་ནས་ཡར་བཞེངས་ཐུབ་ལ་མི་ཐུབ་མཁན་ཚོ་ཡང་ཆབ་སྲིད་སློབ་གསོ་གཏོང་མཁན་ལ་ཁྲིད་ཡོང་དགོས་ཐུག་པའི་སྐབས་དེར་རེ་བ་ཆེན་པོ་བྱེད་ས་མི་འདུག
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་སྲིད་སྐྱོང་འོས་མིར་ལངས་པ་དང་ཁོང་གིས་མཐུན་སྒྲིལ་དང་། མང་གཙོའི་ཀ་གསུམ་མཉམ་དུ་ཁྲིད་ཐབས་བྱེད་ཀྱི་ཡིན་སྐོར་གསུང་གི་ཡོད་རེད། མང་གཙོའི་ཀ་གསུམ་མཉམ་དུ་འཁྲིད་རྒྱུ་ཞིག་ཡིན་མིན་ཡང་མི་ཤེས་ལ། ཁོང་གིས་ཚོགས་གཙོ་གནང་རིང་ལ་ཕྱིར་བལྟས་བྱས་ན་བོད་མི་ཚོ་ཆིག་སྒྲིལ་ལམ་དུ་འཁྲིད་ཐུབ་པའི་ཁྱད་ཆོས་དེ་མཐོང་མ་སོང་། ད་དུང་ཁོང་གིས་ས་གནས་མི་རིགས་རང་སྐྱོང་ཡོང་ཐབས་ཆེད་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན་གསུང་གི་འདུག་ལ། ༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་སུ་ཡིན་ཡང་སྡིངས་ཆ་གཅིག་གི་ཐོག་ཏུ་ཡང་འདུག་གི་མིན་ཞེས་བཙན་བྱོལ་ནང་གི་དད་པ་ཅན་ཚོས་སྔུན་ནས་ཁོང་དད་པ་ཆེ་མདོག་བཤད་རེད། ཡིན་ཡང་༧གོང་ས་མཆོག་ལ་མཚན་སྨོད་ཆེ་ཤོས་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོ་རེད་ལ། དེའི་ནང་ནས་ང་ཚོའི་སྐུ་ཚབ་མཉམ་དུ་སྐད་ཆ་བཤད་མཁན་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་འགོ་བ་ཚོ་རེད། དེ་ན་ཁོང་ཚོ་མཉམ་པོར་སྐད་ཆ་བཤད་ཐབས་མི་འདུག་ཨ། གྲོས་མོལ་ག་འདྲ་རྒྱུ་རེད། ཚོགས་གཙོས་ནང་ཁུལ་གྱི་བོད་མི་གཅིག་གཉིས་ནག་པོ་བཟོ་ཆེད་དུ་དམིགས་ནས་སྐད་ཆ་དེ་འདྲ་གསུངས་པ་ཡིན་གྱི་མ་རེད་ཨ།
དེ་ནས་མཉམ་འབྲེལ་འགན་འཛིན་བཀྲ་ཤིས་དབང་འདུས་སྲིད་སྐྱོང་དུ་ལངས་ཡོད་པ་དང་། ཁོང་ལ་རྒྱུས་མངའ་ཆེན་པོ་མེད་མོད། གང་ལྟར་ཤར་བསྐྱོད་ཀྱི་བསམ་ཚུལ་ཞིག་ལས་མེད་པས་ཁོང་ཚོ་དང་ཁྱད་པར་ཆེན་པོ་ཞིག་མི་འདུག ད་ལྟ་བཙན་བྱོལ་ནང་གི་འཛིན་སྐྱོང་གཅིག་པུ་ལ་ལྟ་རྒྱུ་དེ་མི་སུ་ཞིག་ཡིན་ཡང་ཉིན་ལྟར་འགྲོ་སྟངས་ཀྱི་ཁྲིམས་སྒྲིག་དང་། སྒྲོམ་གཞི་ཞིག་ཡོད་པས། ལས་ཀ་དེ་བྱེད་མཁན་མི་བརྗེ་པོ་བརྒྱབ་ཀྱང་། མ་བརྒྱབ་ཀྱང་ཁྱད་པར་ཆེན་པོ་འགྲོ་ཡི་མ་རེད། སྤྱིར་བཏང་གཞུང་འཛིན་གཅིག་རྒྱུན་རིང་བསྡད་རྗེས་ཉམས་ཆག་ཏུ་འགྲོ་བ་འཇིག་རྟེན་ཆོས་ཉིད་འདྲ་ཡིན་པས། སྔོན་ལོ་རྒྱུས་ཐོག་དེ་བཞིན་རྒྱལ་པོ་གཅིག་གིས་གཞུང་རྒྱུན་རིང་བཟུང་རྗེས། ཉམས་ཆག་ཏུ་འགྲོ་འགོ་ཚུགས་པ་དང་། གཞན་ཞིག་གིས་གོ་སྐབས་དེ་བཟུང་ནས་དམག་འཐབ་ཀྱིས་གཞུང་འཛིན་པ་དང་ཡར་རྒྱས་ཀྱང་གང་མཚམས་ཡོང་གི་རེད། དེང་སྐབས་མང་གཙོའི་ལམ་ལུགས་ནང་དམག་རྒྱག་མི་དགོས་པར་ཆབ་སྲིད་ཚོགས་པ་ཚོས་རེས་མོས་བྱས་ཏེ་གཞུང་འཛིན་པ་དེ་མི་བརྗེ་པོ་ཙམ་མ་ཡིན་པར། རྩ་བའི་གཞུང་འཛིན་ལམ་ལུགས་ལ་བསྐྱར་ཞིབ་དང་བསྒྱུར་བཅོས་འགྲོ་ཆེད་དུ་རེད། རྒྱལ་ཁབ་འཐབ་རྩོད་པའི་གཞུང་ཞིག་ལ་མཚོན་ན་དེ་བས་གནས་སྟངས་དེ་ཚོར་བསམ་བློ་གཏོང་དགོས་པས། གཅིག་གིས་བཤད་བཞག་པ་དེར་གྲུབ་འབྲས་མེད་ནའང་། ཨུ་ཚུགས་མཐའ་སྐྱེལ་བྱེད་རྒྱུའི་དུས་ཚོད་ཅིག་མིན། དེ་བས་བཙན་བྱོལ་མི་མང་ཚོ་གང་བྱེད་འདི་བྱེད་མེད་པར་འཚོ་རྟེན་ཙམ་འཚོལ་བ་ལས། ཆབ་སྲིད་འཐབ་རྩོད་ལ་ཚོར་བ་མེད་པ་ཆགས་བཞིན་པའི་སྐབས་འདིར་འཐབ་རྩོད་ཀྱི་འཆར་སྣང་གསར་པ་ཞིག་བསྐྲུན་མ་ཐུབ་ན། མུ་མཐུད་ཉམས་ཆག་ཏུ་འགྲོ་རྒྱུ་ལས་མི་འདུག
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་སྔ་ཕྱིར་རྒྱ་ནག་ལ་བསྟུན་མཁས་དང་། ངོ་དགའ་བྱས་ཏེ་འབྲེལ་ལམ་ཞིག་འཛུགས་ཐབས་བྱས་ནས། བོད་རང་བཙན་རྩོད་རྒྱུ་ཕར་ཞོག རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་ས་གནས་མི་རིགས་རང་སྐྱོང་ཞིག་དགོས་སྐོར་གྱི་ཡིག་ཆའང་སྤྲད་ཟིན་རེད། འོན་ཀྱང་། རྒྱ་ནག་གིས་དེ་ལས་ཟློག་སྟེ། བོད་ནང་དམ་དྲག་དང་༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ལ་གཞི་མེད་ཀྱི་ཁ་རྡུང་ཤུགས་ཆེ་རུ་གཏོང་བཞིན་པ་མ་ཟད། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་དབུ་མའི་ལམ་ཟེར་བ་དེ་སྔོན་ཡང་ཁས་ལེན་མྱོང་མེད་ལ། མ་འོངས་པར་ཡང་ལེན་མི་སྲིད། ཁ་བྲལ་རིང་ལུགས་ལ་མུ་མཐུད་འཐབ་རྒོལ་བྱེད་རྒྱུ་ཡིན་ཞེས་བསྒྲགས་ཡོད་རེད།
ཏན་ཏན་ང་ཚོའི་འདས་པའི་བོད་དོན་འཐབ་རྩོད་བྱེད་ཕྱོགས་ལ་བསྐྱར་ཞིབ་ཅིག་དགོས་ངེས་ཡིན་པས། ད་ལྟ་སྲིད་སྐྱོང་འོས་མིར་ལངས་མཁན་ཚོའི་ནང་ནས་འཐབ་རྩོད་ཀྱི་འཆར་གཞི་མ་འདྲ་བ་ཞིག་ཡོད་མཁན་ནི་ཨ་ཚོགས་ཀླུ་མཁར་བྱམས་རེད། བོད་མི་ཚོས་དེ་རིང་གི་ཁེ་ཕན་ཙམ་མིན་པར་འཐབ་རྩོད་ཀྱི་ཆེད་དུ་འོས་ཤོག་ཅིག་ཁོང་ལ་འཕེན་དགོས་པ་དེ་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཡིན། དམིགས་བསལ་དུས་རྒྱུན་དུ་བོད་རང་བཙན་འཐབ་རྩོད་དགོས་སྐོར་བཤད་མཁན་དང་། བོད་རང་བཙན་འཐབ་རྩོད་སྐོར་བཤད་ན་དྷ་སའི་མི་ཆེན་ཁག་ཅིག་གིས་གནོན་ཤུགས་སྤྲད་ནས་དཀའ་ངལ་ཡོད་སྐོར་བཤད་མཁན་ཚོས། ད་ཐེངས་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་དཀའ་ངལ་ག་རེ་ཡོད་མེད་ལ་མ་ལྟོས་པར་བོད་རང་བཙན་གྱི་འཐབ་རྩོད་འདི་རྩ་མེད་དུ་མི་འགྲོ་ཆེད་ལས་འཆར་བསྒྲིགས་ཏེ། མདུན་དུ་ཐོན་པ་དེར་གསང་བའི་འོས་ཤོག་གི་རྒྱབ་སྐྱོར་དགོས་ངེས་རེད་ལ། རང་བཙན་འཐབ་རྩོད་ཆེད་དུ་བཙུགས་པའི་ཚོགས་སྡེ་ཁག་གིས་ཀྱང་རང་བཙན་འཐབ་རྩོད་པ་ཞིག་འོས་མིར་ལངས་པར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དགོས་པ་ལས། ཁ་ནས་བཤད་པ་དང་ལག་གི་ལས་ཀ་གཉིས་མ་མཐུན་ན་ཕན་ཐོགས་མེད་པ་རེད།
ཀླུ་མཁར་བྱམས་ཀྱིས་ཕ་མའི་བྱམས་སྐྱོང་ལ་ཕྱིར་དྲིན་དང་འབྲེལ་ནས་“ཨ་མས་ཕྲུ་གུ་ཚོར་ཅ་དངོས་བགོ་བཤའ་རྒྱག་སྐབས། ཆེ་ཆུང་མ་འདྲ་བ་ཅུང་རེ་ཤོར་སྲིད་ཀྱང་། གང་ལྟར་མཐའ་མར་ཨ་མ་མོ་རང་ལ་ཆུང་ཤོས་དེ་ལས་རག་གི་མ་རེད། དཔོན་པོ་ཞིག་ཡིན་ན་དེ་དང་མཚུངས་པར་གཞུང་རྒྱུ་མི་མང་ལ་བགོ་བཤའ་རྒྱག་དགོས་པ་ལས་རང་གིས་ཆེ་ཤོས་དེ་ཁྱེར་སོང་ན་འགྲིག་གི་མ་རེད་”ཅེས་བཤད་འདུག ངས་མཇུག་བསྡུ་རྒྱུ་ཡིན། དཔྱོད་ལྡན་ཚོས་བསམ་གཞིག་བྱེད་རོགས།།
༢༠༡༦།༨།༢༨
ངོ་མ་ཡག་པོ་གསུངས་འདུག བུ་རྣམ་དཔྱོད་ཅན་གྱི་སྐད་ཆ་རེད།
རྡོག་རྡོག་དེ་གསུང་ཤག བོད་མི་རིགས་ཀྱིས་ཉི་མ་དེ་རིང་བར་དུ་འཐབ་རྩོད་བྱས་པ་འཕྲོ་བརླག་ཏུ་གཏོང་གི་མིན་ན་ཀླུ་མཁར་བྱམས་གདམ་དགོས་ཁོ་ཐག་རེད།
འཆི་ཕོད་ཅན་ཀྱི་མགོ་གཙོ་ཁ་ཕོ་ཅན་དེ། མེ་རྟགས་གང་ས་ནས་འཆད་བའི་ཤུལ་ན། སྐྱིད་དལ་ལེར་ད་དུང་ལུས་འདུག་པ་འདིས། ཁོང་གི་མི་གཞིའི་དམ་བཅའ་ལ་ཐག་ག་ཚོད་ཀྱིས་ཉེ་རུ་ཕྱིན་པ་རེད། ལན་ཞིག་སྤྲོད་དང་། ཧ་ཧ་ཧ།
རང་མི་རང་གིས་བསྟོད་པ་ལ་ཧང་སང་རྒྱུ་ཅི་ཡོད། ཆོས་ཉིད་འོད་ཟེར་ནི་གསར་འགོད་ཀྱི་ལས་རིགས་སུ་བཞུགས་ནས་ལོ་མང་ཕྱིན་པའི་སྐྱེ་བུ་ཞིག་རེད། ཡིན་ནའང་གསར་འགོད་ཀྱི་ལས་རིགས་བཞུགས་མཁན་རྣམས་ཉེ་རིང་མེད་པར་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་དང་ཆབ་སྲིད་ཀྱི་འགྱུར་འགྲོས་སོགས་ཀྱི་ཐོག་ལ་བལྟ་ཐུབ་མཁན་གྱི་མིག་ཅིག་དགོས་མཁན་ཡིན་ནའང། ཁོང་ནི་རྒྱུན་དུ་རང་བཙན་འཐབ་རྩོད་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་གར་འཁྲིད་གང་བྱེད་དུ་འགྱུར་ཟིན་པ་རེད།
ཁོང་ལ་ཉེ་རིང་མེད་པའི་མིག་མི་ལྡན་ལ། གསར་འགོད་ཀྱི་ལས་ལ་འཇུག་ཐུབ་པའི་ཆ་རྐྱེན་ཀྱང་མེད་པ་རེད། དེས་ན་ཁོའི་བརྒྱ་བཤད་སྟོང་བཤད་གང་ཞིག་བྱེད་ནའང་ཉེ་རིང་ཅན་གྱི་གཏམ་ཞིག་ལས་དྲང་བདེན་གྱི་གཏམ་ཞིག་ཏུ་འགྱུར་ཐབས་མ་མཆིས། མའོས་ཟེར་བ་བཞིན། རྫུན་བརྒྱ་བཤད་ན་བདེན་པ་ཅིག་ཟེར་བ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་ཚོད་འདུག
གསར་འགོད་པས་བོད་རང་བཙན་སྐོར་ལ་རྒྱབ་སྐྱོ་དང་འབྲེལ་བའི་གསར་གནས་སྤེལ་བ་ནི་ཡང་ཁྱེད་ཀྱི་ཆེད་ལས་ཞིག་རེད་ལ་བོད་མི་རིགས་ཀྱི་ཁྲག་རྒྱུན་དང་ལོ་རྒྱུས་ལ་ཡང་ཐད་ཀར་འབྲེལ་བ་ཡོད་པའི་བྱ་བཟང་ཞིག་རེད། བོད་མི་རིགས་ཀྱི་བླ་འཚོང་མཁན་དང་རྒྱ་དམར་ཚང་གི་སྐུག་གཡོག་རྒྱུགས་མཁན་ཚོའི་སེམས་ལ་འགྲོ་ནི་མ་རེད། འོན་ཀྱང་ཁྱེད་ལ་ལོ་རྒྱུས་དང་བདེན་པའི་རྒྱབ་སྐྱོ་ནམ་ཡང་བྱེད་ཀྱི་རེད། ཕ་བཟང་བུ།
མི་བློ་རྩ་ཅན་ཞིག་དང་ལྟ་བ་ལངས་ཕྱོགས་ཅན་ཞིག་ཡིན་ན་དེའི་སྐད་ཆ་ལ་རིན་ཐང་དང་རྟོགས་སད་ཀྱི་རང་བཞིན་སྔོག་གིན་སྔོག་གིན་ཡོང་བ་ཞིག་རེད། ཀླུ་མཁར་བྱམས་ནི། ལྟ་བ་ལངས་ཕྱོགས་ཅན་ཞིག་དང་མི་རིགས་རིང་ལུགས་པ་ཞིག་ཡིན་པ་ནི་རྩོད་མེད་ཡིན། འོན་ཀྱང་། མི་སྐད་རྒྱག་སར་འདྲེ་སྐད་གྲགས་པ་ནི་རྣམ་རྟོག་གི་རྒྱུ་ཞིག་ལས་གཞན་མ་རེད། དེ་ནི་ཆོས་ཉིད་འོད་ཟེར་ཟེར་བ་ཞིག་གིས་སྐད་ངན་སྒྲོག་པ་དེ་རེད།
རྒྱ་ནག་ལ་ཤོད་སྲོལ་ཞིག་ཡོད། དེ་ནི་ནང་རུལ་པའི་མགོ་ལས། རྒྱལ་གཅེས་པའི་སྐྱག་པ་བཟང་། ཞེས་པ་དེ་རེད། ཆོས་འོད་ནང་རུལ་པ་ཟེར་བ་མིན་ཡང་། བྱེད་སྟངས་ལས་སྟངས་དེ་འདྲ་པོ་ཞིག་མཐོང་སོང་། མི་དེ་དག་ལ་ཕྱོགས་གང་ན་ཡང་དོན་གྱི་རྒྱབ་སྐྱོར་དང་ཡི་རང་མེད། ནམ་ཞིག་རྡོག་ཐོ་གཅིག་གིས་གཡུག་ངེས་ཡིན། ཁོས་ཀླུ་བྱམས་ལ་བསྟོད་ཁུལ་བྱས་པ་ཡང་ཁོའི་དགོས་མཁོ་ཞིག་གི་ཆེད་ཡིན་པ་ལས་ཁོའི་སེམས་གཏིང་གི་སྐད་ཆ་ངོ་མ་དེ་མིན། གངས་སྐྱིད་གཡས་གཡོན་ན་དེ་ལྟ་བུ་ཉུང་ངུ་ཞིག་ཡོད་པ་ཞིག་ཡོད་པ་ནི་ཁོ་ནི་གཅིག་ཡིན། དགོངས་དག།སྐད་ཆ་ཁ་ཐུག་ཚ་དྲག་ན་དགོངས་འགལ་མེད་པ་མཁྱེན།
བང་ཆེན་གསར་འགོད་པ་བྱས་བ་ཉིད་ནས་བཟུང་མི་དེ་ལྟོ་གོས་ཆེད་དུ་ཐ་ཤལ་གྱི་ལས་ཀ་བྱེད་མཁན་ཞིག་རེད། བོད་ཀྱི་བང་ཆེན་ཟེར་རྒྱུ་བཞག་ནས་ཁམས་པ་ཞེན་ཁོག་བང་ཆེན་ཟེར་ན་ལེགས། བང་ཆེན་ཟེར་བ་འདི་འགོ་བཙུགས་པ་ནས་བཟུང་ཆོལ་ཁ་བར་དཀྲུགས་ཤིང་རྒྱག་རྒྱུ་འགོ་བརྩམས་པ་རེད། ཧ་ལས་རྒྱུ་ཅི་ཡོད། ཀླུ་མཁར་བྱམས་ཁུ་སིམ་སིམ་བྱས་ནས་བང་ཆེན་ནང་ཕྱིན་ནས་ནང་མོལ་དང་ཇུས་ངན་འཐེན་བཞིན་པ་སུས་མི་ཤེས། ཁ་ནས་བོད་རང་བཙན་ཟེར་མོད་དོན་ལ་ཅི་བྱེད་བཞིན་པ་མི་ཤེས།
བསྟན་ནམ་མིང་ཅན། ཁམས་པའི་ཞེན་ཁོག་བྱས་པར་སྐྱོན་ཆ་ཞིག་དང་ཨ་མདོའི་ཞེན་ཁོག་བྱས་པར་བཟང་ཆ་ཞིག་ཡོད་དམ། ཁམས་པའི་མི་ལ་ཁམས་པའི་ཞེན་ཁོག་ལོས་ཡོད། དེས་ལ་རྒྱ་དང་ཕོ་རྩ་ཡོད་པའི་རང་རྟགས་སྟོན་པ་རེད། ཁྱེད་རང་གི་ལྟ་སྣང་མ་འགྲོ་བའི་མི་ལ་སྐྱོན་ཅན་མ་གཏོགས་མ་མཐོང་མཁན་ཁྱེད་ཚོའི་ཞེན་ཁོག་ནི་འཇིག་རྟེན་མིའི་གཤིས་སྤྱོད་དང་མ་འཚམས་པས་དོར་བྱ་ཡིན་པ་ཤེས་པ་བགྱིས།
ཧ་ཧ་་བང་ཆེན་གསར་འགོད་པ་ཆོས་ཉིད་འོད་ཟེར་གྱི་སྐད་ཆ་དེས་ཁྱོད་ཚོའི་སྙིང་ཁ་ལ་མདའ་བརྒྱབ་པ་ལྟར་ཆགས་པར་འདྲ་་་་རེད་དམ། བླུན་པོའི་མདའ་ལས་མཁས་པའི་ཚིག་གི་རྣོ་ཡི་རེད། ཁག་མེད་ཁག་མེད། བཟོད་སྒོམ་ཏོག་ཙམ་རེ་ཨེ་ཤེས་ལྟོས།་་་ཨོ་་་ཧཧཧཧ་་་་་ཨོ་་་་ཧཧཧཧ
ཡང་ “ཅོ་རི་ཉི་མ་”ཟེར་བའི་བོད་མི་ནང་དཀྲུག་བྱེད་མཁན་ཁོང་ཡང་ཕེབས་འདུག ཕལ་ཆེར་ད་ཁྱེད་ཀྱི་ལས་ཀ་དེ་རང་ཡིན་རྒྱུ་རེད། འཚོ་བའི་མཐུན་རྐྱེན་དེ་ཡང་ཕལ་ཆེར་་་་་་་་་་་་་་་ཡིན་གྱི་རེད།
སྤྱིར་མི་སུ་འདྲ་ཞིག། ལས་རིགས་ཅི་འདྲ་ཞིག་གི་ནང་བཞུགས་ཡོད་རུང་། སྤྱི་ཚོགས་གཅིག་ནང་གནས་པའི་མི་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་གནད་དོན་གང་སྤྱིའི་ཐད་སྒེར་གྱི་བསམ་ཚུལ་ཡོད་ཆོག་ལ་མེད་ཅེས་ན་ཟེར་ན་ཧ་ལམ་རྫུན་རེད། ཡིན་ནའང་རང་གི་ལྟ་ཕྱོགས་དང་བསམ་ཚུལ་དེས་སོ་སོའི་ལས་རིགས་ལ་ཤུགས་རྐྱེན་མ་ཐེབས་པ་བྱ་རྒྱུ་དང་རང་གི་ཕྱོགས་རིས་གསལ་པོ་བཟོ་རྒྱུ་དེ་ལས་རིགས་དེའི་བཟང་སྤྱོད་དང་འབྲེལ་བས་གལ་ཆེན་པོ་རེད། གང་ཅི་ཐུབ་སོ་སོའི་བསམ་ཚུལ་དེས་སོ་སོའི་ལས་རིགས་ལ་མ་བསླད་པའི་འབད་བརྩོན་བྱ་རྒྱུར་ངེས་པར་དུ་འབད་དགོས།
བང་ཆེན་ཚང་གི་ནང་མི་འཁོར་དང་བཅས་པས་ཀླུ་ལ་རྒྱབ་སྐྱོར་བྱེད་ཀི་རེད། བང་ཆེན་ཚང་འཇུ་ཆེན་གྱིས་བཙུགས་པའི་ཚོགས་པ་རེད། ཁོང་ཚོའི་དམིགས་ཡུལ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་གཅོད་རྒྱུ་དེ་རེད། ཀླུ་ཁ་གཏད་ལ་ལངས་ཡོང་དུས་བང་ཆེན་ཚང་རྗེས་ལ་གོག་ནས་ཡོང་རྒྱུ་ཡིན་པ་བཤད་ཅི་དགོས། སྤོ་སྤོ་ཆོས་ཉིད་མ་བསླེབས་ཚར་འདུག་ག
ཀླུ་མཁར་བྱམས་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་ངའི་རྩོམ་ཡིག་དེའི་འོག་མཆན་འདེབས་མཁན་ཚོར་དགའ་བསུ་ཞུ། དུས་རྒྱུན་དུ་གསར་འགོད་པ་ཡིན་ན། གསར་འགྱུར་དང་བསམ་ཚུལ་བསྲེ་བསྲེ་མ་ཐེབས་པ་ཞིག་དགོས་ངེས་རེད། ཕྱོགས་གཉིས་ཀྱི་གསར་འགྱུར་ནུས་ཚོད་རྙོབ་ཚོད་ཀྱིས་གཏོང་དགོས་རེད། དེ་མིན་གསར་འགོད་པ་ཡིན་པ་ཙམ་གྱིས་སྤྱི་ཚོགས་དཔྱད་བརྗོད་བྲིས་མ་ཆོག་གང་ནས་ཡོད། དེ་བས་གསར་འགོད་པའི་ལས་ཀ་དེ་སྤྱི་ཚོགས་དཔྱད་བརྗོད་འབྲི་རྒྱུ་དང་། གསར་འགྱུར་འབྲི་རྒྱུ་གཉིས་ཀ་རེད། དེ་མིན་མང་པོ་ཞིག་ལ་དམིགས་བསལ་ལན་འདེབས་དགོས་པ་མ་མཐོང་།
ཆོས་ཉིད་ལགས་ཀྱིས་ཀླུ་བྱམས་ཀྱི་སྐོར་ཇི་མ་ཇི་བཞིན་དང་རང་ཉིད་ཀྱི་བསམ་ཚུལ་ཡང་ཕྱོགས་ཞེན་གྱི་དྲི་མས་མ་གོས་པར་བརྗོད་འདུག་སྙམ།
ཆོས་ཉིད་འོད་ཟེར་གྱི་རྩོམ་ཡིག་དེའི་འོག་ཏུ་ཡོང་མཁན་གང་འཚམས་ཤིག་ཡོད་ནའང་མང་ཤོས་ཀྱིས་ཆོས་ཉིད་འོད་ཟེར་གྱི་རྩོམ་ཡིག་བཞག་ནས་སྒེར་ནས་ཕན་ཚུན་ལ་ལན་རྒྱག་རེས་བྱེད་པ་ནི་བསམ་བློ་དོགས་དྲགས་པས་སྐྱོན་རེད། རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་ག སྤྱིར་བཏང་སྤྱི་ཚོགས་དཔྱད་བརྗོད་འབྲི་དུས་དང་པོ་ཉམས་ཞིབ་དང་རྒྱས་ལོན་བྱེད་རྒྱུ་གལ་ཆེན་རེད། ཁོས་རྒྱུས་ལོན་བྱས་པའང་ཉུང་ཉུང་མ་རེད། དཔྱད་མཆན་འོག་ཏུ་རྩོམ་ཡིག་ལ་ཁ་གཏད་ནས་སྐད་ཆ་བཤད་པ་ལས། ཉེ་དགའ་ཕྱོགས་ཞེན་གྱི་དབང་ལ་སོང་ནས་དོན་ངོ་མ་དེ་ཁྱོད་ཀྱིས་དུས་ནམ་ཡང་མཐོང་མི་ཐུབ།