བོད། ལྷ་ཀླུ་གཉན་གསུམ།
འཚོ་བ་ཟེར་བ་འདི འདོད་ཆགས་ཟེར་བ་འདི
བརྩེ་དུང་ཟེར་བ་འདི ཞེན་འདང་ཟེར་བ་འདི
གང་ལྟར མིང་ཚིག་འདི་དག་གི་སྔ་གཞུག་ན
རོ་སྐམ་པོ་ཞིག་ལ་འཐམ་ནས་ངུ་བའི་ང་
ཕྱི་ནང་གི་གཟུགས་རིས་ནི གྲིབ་མ་ལ་འཁེན་པའི་གཤིས་ཤིག
གང་ཞིག་ནས་བཙན་གྱིས་འོང་བ་ཞིག
སུ་ཞིག་ནས་ལྷོད་ཀྱིས་སྤྲད་པ་ལྟར
ཅི་ཞིག་གིས་འཇམ་གྱིས་བསླུས་པ་ལྟར
དོན་དངོས་ཐོག རང་ཉིད་ནི་གསོན་འདྲེ་བཞིན
མིའི་མི་ཤེས་ས་ནས ཁྱིའི་མི་གོ་ས་ནས
ང་ནི་གནམ་འོག་འདིའི་དཀོན་མཆོག་གི་དགྲ་བོ་བཞིན
ཚོས་གཞི་མི་འདྲ་བའི་ཁ་དོག་ལྟ་བུའི་ངའི་ཕྱི་ནང་
ཚུར་ལ་འཁོར་དུས་སེར་བོ
ཕར་ལ་འཁོར་དུས་དཀར་པོ
ནང་ལ་འཁོར་དུས་ནག་པོ
བར་མ་བར་ན་ཁྲ་ཁྲ་ཞིག
སུ་ཞིག་གི་པུར་རྩེ་ན་འཁྱུགས་པའི་ངའི་སེམས་པ་འདི
གང་ཞིག་གི་ལག་ནང་ན་གཡུགས་བཞིན་པའི་ཚོར་བ་འདི
ཅི་ཞིག་གི་འཕྲོག་ན་འདོད་པའི་དངོས་པོ་ལྟ་བུའི་འདོད་ཆགས་འདི
མ་བསམ་ས་ནས ང་ལ་གཟས ང་ཡི་མྱོངས
དུར་ས་ཞིག་ན ང་ལ་འབོད་མཁན་ཞིག་ཡོད་དམ
སྔས་སྟེང་དུ་ངའི་ཆེད་དུ་མཆི་མ་འཕྱོ་མཁན་ཞིག་རེག་གམ
སེམས་ཁོང་དུ་ན་ཟུག་གི་འཚོ་བའི་ང་ལ་གཅེས་པའི་མི་ཞིག་ཡོད་དམ
བཞུར་བཞིན་པའི་ཁུ་ཁྲག་གི་དྭངས་མ་འདི
རིན་ཆེན་མི་ལུས་གསོ་བའི་སྙིང་ནོར་དུ་འདོད་པའི་འགྲོ་བ་མིའི་གྲལ་ན
དར་རྒུད་ཀྱི་རྒས་གཉེར་ལ་ཞུགས་པའི་ཨག་རིང་ཐུང་ཐུང་རེ
སུ་ཡི་ཆེད་དུ་ཡིན་ནམ
མི་གཤིས་ཀྱི་ཕྱི་ནང་ལོག་པའི་སྐྱི་འབག་འདིའི་སྲབ་འཐིག
རྐང་རྗེས་གངས་འདབས་སུ་ལུས་དེ
ལུས་པོ་གཞན་ཡུལ་ན་འཁྱོར་བའི་གསོན་འདྲེ་ངའི་བག་ཆགས་ཟད་པོ
རླུང་ཁར་གཟད་པའི་དར་ལྕེ་ཞིག་གི་མདུད་པ་ཉན་སྲིད་དམ
གང་ཞིག་ནས་བཙན་གྱིས་འོང་བ་ཞིག ཅེས་པ་ཚིག་བརྗོད་འདི་ན་ཡོད་པའི་ འོང་བ། ཞེས་པ་དེ། འོང་བ་ཞེས་པ་ལ་ཡོང་བ་ཞེས་བོད་ཀྱི་བརྡ་ཚིག་འཆལ་འཆོལ་དུ་གཏོང་བ་དག་གིས། འོང་ཞེས་དག་པར་འབྲི་དགོས་པའི་མིག་དཔེར་གཟུང་འོས་པ་ཞིག་ཏུ་འདུག་གོ།
འོན་ཀྱང་འོག་གི་ཚིག་དེ་རྣམས་ཀྱི་དོན་དག་ངས་མ་ཤེས་པས། དེ་དག་ལ་གསལ་བཤད་རེ་ཡོད་ན་གོ་ངེས་ཞེས་ཞུ་བ་ལགས།
ཞེན་འདང་ ་འཁེན་པའི པུར་ ཨག་ གཟད་པའི་
གང་ཞིག་ནས་བཙན་གྱིས་འོང་བ་ཞིག ཅེས་པ་ཚིག་བརྗོད་འདི་ན་ཡོད་པའི་ འོང་བ། ཞེས་པ་དེ། འོང་བ་ཞེས་པ་ལ་ཡོང་བ་ཞེས་བོད་ཀྱི་བརྡ་ཚིག་འཆལ་འཆོལ་དུ་གཏོང་བ་དག་གིས། ཡོང་གི་ཚབ་ཏུ་འོང་ཞེས་དག་པར་འབྲི་དགོས་པའི་མིག་དཔེར་གཟུང་འོས་པ་ཞིག་ཏུ་འདུག་གོ།
འོན་ཀྱང་འོག་གི་ཚིག་དེ་རྣམས་ཀྱི་དོན་དག་ངས་མ་ཤེས་པས། དེ་དག་ལ་གསལ་བཤད་རེ་ཡོད་ན་གོ་ངེས་ཞེས་ཞུ་བ་ལགས།
ཞེན་འདང་ ་འཁེན་པའི པུར་ ཨག་ གཟད་པའི་