སྐྱོ་བྲག་དགའ་དབང་།
ང་ནི་བོད་ཆེན་པོའི་ལྗོངས་ཁམས་ནང་ཆེན་སྐྱོ་བྲག་ཏུ་འཚར་ལོང་བྱུང་བ་ཞིག་རེད། ངས་འཐུང་བའི་ཆུ་བོ་ནི། ཡ་གླིང་ཤར་ལྷོའི་རྒྱུད་ཀྱི་གཙང་ཆེན་ཨང་དང་པོ་མེའི་ཀོང་ཧྥུའི་ཆུ་མགོའི་ཉེ་ལོགས་རེད། གཙང་པོ་དེ་ནི།
རྣོན་པོའི་རྭ་དང་སྡེར་མོ་མཆུ་ཏོ་སོགས། །
འབིག་པར་ནུས་པའི་ཆ་ཤས་ཀུན་སྤངས་ཀྱང་། །
འཇམ་པོར་གསང་ལམ་འགྲིམ་པའི་ཐབས་མཁས་ཀྱིས། །
ནོར་འཛིན་བུ་མོའི་ཕང་བར་ལྷང་གིས་ཐོན། །
ཀེ་ཏ་ཀ་སོགས་རྫས་འཕྲུལ་ནུས་པ་ཡིས། །
བགྲུང་པར་མ་བྱས་དྭངས་པའི་མཐར་རྩེན་པས། །
འཆི་མེད་བུ་མོས་སྤྱོད་པའི་བཏུང་བ་ཡང་། །
སྐྱེངས་པས་མི་ཡི་ཡུལ་ནས་བྲོས་སམ་སྙམ། །
བསིལ་བའི་ལང་ཚོ་མཆོག་ཏུ་ན་དར་བས། །
ག་པུར་ཟླ་འོད་ཙནྡན་བཅོམ་པའི་ལྷན། །
ས་གསུམ་ཟ་བ་དུས་མཐའི་མེ་ཆེན་ཡང་། །
གཞོམ་པའི་ནུས་པ་ཁྱོད་ཉིད་ཁོ་ནར་དབང་། །
ཤིན་ཏུ་འཇམ་པ་ཡང་བར་སོང་བ་ཉིད། །
ཞིམ་པའི་རོ་ལྡན་ལུས་ལ་ཕན་བྱེད་པ། །
ཐམས་ཅད་གཅིག་ཏུ་སྤུངས་པ་ལྟ་བུ་འདི། །
བདག་ཅག་ལས་ཀྱིས་ཆེད་དུ་བསྐོས་པ་བཞིན། །
སྙན་པའི་སྒྲ་སྒྲོག་ཡོམ་ཡོམ་སྐྱོད་པ་ན། །
དབུ་བའི་ཕྲེང་བ་རྩེ་དགས་འགྲོགས་པ་ནི། །
མཐོ་རིས་བུ་མོ་མུ་ཏིག་དོག་པ་བཅས། །
ཀུན་དགའི་གར་གྱི་ཟླ་བོར་རིངས་པར་ཆས། །
རང་ཉིད་བསྐྱེད་པའི་ཨ་མ་མཐའི་རྒྱ་མཚོའི་རུམ་ནང་དུ་སླར་ཡང་གཟིམ་པར་འདོད་པས་ལྗོངས་དང་གྲོང་ཁྱེར་མང་པོ་ཉུལ་ནས་གྱ་གྱུའི་ཉམས་ཀྱིས་འགྲོ་བ་ན། ལམ་ཟུར་དུ་ཡོད་པའི་དངོས་པོ་མཐའ་དག་གི་རེ་འདོད་སྒྲུབ་པ་ནི།
ཉ་ཡི་རིགས་གྱུར་ཉམ་ཆུང་ཤའུ་ཅན། །
ནམ་ཡང་མ་བཏང་བཟུང་བའི་ངང་ཚུལ་འདིས། །
ཕྲུག་གུ་ཡུན་རིང་ཁུར་སྙམ་ཨ་མའི་སེམས། །
ངོ་ཚའི་མལ་དུ་བདེ་བར་ཉལ་དུ་བཅུག །
འགྲོ་བ་སྐོམ་པས་མནར་བའི་གདུང་བ་ནི། །
མེ་ལྟར་འབར་ལ་ཁྱོད་ཀྱི་ཐིག་པ་རེ། །
ལྷུང་ཙམ་ཉིད་ནས་བདེ་བའི་རོ་སྦྱིན་ཕྱིར། །
འཆི་མེད་བདུད་རྩི་ཁྱོད་ལས་གཞན་ཡོད་མིན། །
རབ་གནག་དྲི་མས་གོས་པའི་དངོས་པོ་ཡང་། །
གང་གི་ཟེག་མས་རེག་པས་མུན་པ་ལ། །
ཉི་མའི་འོད་བཞིན་སྔར་ལས་གཙང་གྱུར་པས། །
དག་བྱེད་ཅེས་པའི་ཡི་གེས་ལྷག་པར་མཛེས། །
འབྲུ་དང་མེ་ཏོག་རྩི་ཤིང་སྐྱེ་བའི་རིགས། །
སྐྱེད་པའི་བྱ་བ་ཁྱོད་ཀྱིས་བཟུང་བས་ན། །
ཕྱི་ནང་སྐྲུན་པའི་འཇིག་རྟེན་མེས་པོའི་སྒྲ། །
ཁྱོད་ཀྱི་ཕང་དུ་འབྲལ་མེད་འཛེགས་པར་གྱུར། །
རེ་བ་མེད་པར་གཞན་དོན་དགའ་བ་ནི། །
བྱང་ཆུབ་སེམས་དཔའི་ཆོས་སུ་གྲགས་པ་ཡང་། །
ཁྱོད་ཀྱི་ངལ་མེད་མཛད་པའི་འོད་རིས་འདིས། །
མོག་པོའི་གནས་སུ་བཀོད་པར་མ་བྱས་སམ། །
ད་དུང་དོན་ལ་ཕོངས་པ་མ་མཆིས་ཀྱང་། །
ཆོག་ཤེས་མེད་པའི་སྐྱོན་གྱིས་རེག་དོགས་ནས། །
སྨྲ་བའི་ལྕེ་རྩེ་རང་ཤོང་ཁང་པ་རུ། །
རེ་ཞིག་ངལ་གསོའི་གཉིད་ཆུང་གྲོགས་སུ་བཀུག །
༅༅། གླུ་སང་སང་རྒྱ་རྗོང་ནགས་ནས་ལེན། བྱ་ཁུ་བྱུག་གསུང་སྐད་སྙན་སེ་སྙན།
སྤང་མེ་ཏོག་བཞད་པའི་རྟེན་འབྲེལ་ལ། ལུས་ལང་ཚོ་དར་བའི་སྨོན་ལམ་འདེབས།
༅༅། གླུ་སང་སང་རྨ་ཆུའི་འགྲམ་ནས་ལེན། ཉ་གསེར་མིག་གཤོག་རྕལ་འཁྱུགས་སེ་འཁྱུགས།
ཆུ་ལྷུང་ལྷུང་འབབ་པའི་རྟེན་འབྲེལ་ལ། རྒྱུ་ལོངས་སྤྱོད་འཛོམས་པའི་བཀྲིས་ཤོག།