ཤར་ཕྱོགས་ཁུག་རྟ།
༡
སྤྱན་ཤེལ་ཕྱག་གིས་གདོང་ལ་ཐེངས་གཉིས་གཏད་སོང
ཚངས་པའི་དབྱངས་ཀྱི་གསུང་དེས སྔར་བཞིན
སྒོ་ཕྱི་མ་ནས་ཁྱེར་བའི་ངའི་ཞེད་སྣང་ གཟིམ་སྒོ་ནང་མར་ཐོལ་གྱིས་ཡལ
ཁྱེད་སྐུའི་མདུན་དུ ཕྱག་གི་དྲོད་འཇམ་འོག
ངས་རང་ཉིད་ཡུད་ཙམ་ཞིག་ལ་བརྗེད་སོང
ངའི་དྲན་པ་དང་རྣམ་རིག་ཀྱང་མི་འདུག
ངས་སྔར་བཞིན
བོད་མི་རིགས་ལ་ཁྱེད་ཀྱིས་བསབ་ཐབས་མེད་པའི་བཀའ་དྲིན་ཞིག་བཞག་པ་ཚོར་ཞིང
བཀའ་དྲིན་དེའང བཀའ་དྲིན་ཙམ་མ་རེད་ལ
དྲིན་ཆེན་པོའོ་བསམ་ནས བཀའ་དྲིན་ཆེ་བ་རེད་ཅེས་ཀྱང་མི་བསམ་མོད
རྒྱ་ནག་གི་མེ་ཏོག་མ་ལི་ཀར་བྱམས་བརྩེས་གཟིགས་འདུག་ལ
ཞལ་ཕོར་འགྲམ་གྱི་ཞལ་འདོན་སྣ་ཐུང་དེ་ ངས་གློག་བརྙན་ཞིག་ནས་མཐོང་བ་དེ་མིན་ནམ
ངས་བསམ་ན ཁྱེད་ཀྱིས་ངས་མི་མཐོང་པའི་སྤྱན་ཕྱག་མང་པོ་ཞིག་སྒུལ་གྱི་མེད་འགྲོ་བསམ་ལ
ངས་བསམ་ན ཁྱེད་ཀྱིས་ངའི་དྲན་པ་རྣམས་བཀག་སྟེ
མིག་རྡེབ་པ་ཙམ་གྱིས་ང་ལ་གང་ཡང་མ་ལྷག་པར་གསུངས་སོང་
སེམས་བདེ་མོར་བཞུགས ཡང་བསྐྱར་མཇལ་ཡོང་
ཡང་བསྐྱར་མཇལ་ཡོང ང་སྒོ་ཕྱི་མར་སླེབས་སོང
གནའ་བོའི་དགོན་པ་དེའི་དུང་སྦུགས་རྒྱ་གླིང་གིས
ང་རང་ང་དང་མི་འདྲ་བ་དེའི་ཤེད་ཤུགས་ཀྱི་པང་དུ་བསུས་བྱུང
རྨི་ལམ་ཡིན་མིན་ད་དུང་མ་ཤེས་ནའང
ཞོགས་ཀ་ཞིག་གི་མཁའ་དབུགས་ལྟར ཁྱེད་ལ་ག་ལེར་སེམས་འདི་ཐོད་པར་བཅོས་ཏེ
ཐེངས་གསུམ་གཏུག་ན་འདོད
༢
སྐྱིད་དུས་ལྷོད་དུས གནའ་བོའི་རང་གི་རི་ཆུ་ནགས་གསུམ་ཀྱང་ཡོད་ན་བསམ་ཁར
ངའི་ཧོང་ཤ་འདི་རང་གི་ཕ་སས་མི་ཁུར་སུས་འཁུར་ཀྱང་བསམས་མྱོང
ཨ་མ་ ཨ་མ་ལགས ངའི་ཕ་མ་གཉིས་ཀ་ཡིན་པའི་ཨ་མ་ལགས
འདི་རྣམ་རྟོག་ཅིག་ཡིན་ན ངོ་མ་ཞིག་ཡིན་ནམ
ལོ་སར་བཏང་བ་ནི་མ་གཞི་ནས་སྤྲོ་སྐྱིད་རོལ་བ་མིན་ཡང
ལོ་སར་ནི་ཨང་ཀི་ཞིག་ཡིན་པས་ན
ལོ་སར་རོལ་རྒྱུ་ནི་ངའི་ཨ་མ་དང་རྨོ་མོ་ཚོའི་གོན་པ་གྱོན་སྟངས་འདྲ་བོ་ཞིག་ཡིན
དགའ་དང་སྐྱོ་བོའི་གོན་པའང་གྱོན་རྒྱུ་ཡོད་པ་འདྲ་བས
ཅི་མི་སྙམ་པར་ ཁ་སང་གྲོགས་ཤ་བོས་བཤད་པ་ལྟར
ཕ་མ་གཉིས་རིམ་བསྟུད་ཕྱིན་སོང་ཚུལ་གྱི་སྒྲུང་དེས
ལོ་རྒན་དྲུག་བཅུར་ཕྱོགས་པའི་རྒྱ་གར་ཚང་གི་མགྲོན་ས་ནས
ཨ་མ་ལགས ངས་མགྲོན་པོ་ཚོའི་མི་ཚེ་ལ་འདི་ལྟར་རྣམ་རྟོག་འཁོར
ཨ་མ ཕ་ས བདག་པོ མགྲོན་པོ
༣
ངས་མྱི་སྐད་ཞིག་ཐོས་སོང ང་ལ་ ༼པ་ལགས་༽ཞེས་འབོད་པའི་མཛའ་མོས
ང་ལ་རྟག་ཏུ་མྱི་སྐད་ཁོ་ན་གསུངས
ང་སྔར་བས་མྱི་སྐད་དེས་རང་གི་མཛའ་མོར་འཁྱུད་དུ་བཅུགས་སོང
ངས་དམ་པོར་བསྡམས་པ་ཡིན ག་ལེར་ལྷོད་པ་ཡིན
མཛའ་མོས་༼ པ་ལགས ༽ཞེས་ང་ལ་འཆམ་པོ་བྱས་སོང
པ་ལགས་ནི་མཛའ་མོས་ང་རང་འབོད་སྟངས་རེད
ངས་དོན་དམ་གྱིས་མཛའ་མོ་ནི་ཅི་ཞིག་ཡིན་པ་རྟོགས་བཞིན་པ་འདྲ་ནའང
ངས་སྦི་རག་ཧུབ་རེ་མ་བཏུང་བར་ ཡི་གེར་དགའ་བའི་བློས་གྲོགས་འདི་དག་ལ་ཤོད་ནུས་སམ
ཁོང་ཚོའང ང་ལྟར་ཕ་སྐད་འདིར་འཐམས་དྲགས་ནས་མིས་གླེན་པར་རྩིས་པ་ཞེ་གཅིག་ཡིན་པས
ངའི་ཁ་ནས༼ འདོད་པའི་བསྟན་བཅོས་ ༽ཅི་ལྟར་བྲིས་སམ་ཞེས་དབང་མེད་དུ་ཤོར་སོང
ངའི་ཞེ་འདང་མཐའ་དག་གི་མཛའ་མོ་སྐད་ཅིག་མར་འཁྲིས་སུ་སླེབས་སོང
ངའི་འདང
ང་འདང་ཆེ་བའི་མཛའ་མོ
འདང་ནི་བརྩེ་བ་མ་རེད་ལ ལྟོས་བཅས་ཀྱང་མ་རེད
འདང་ནི་ནམ་ཡང་འདང་རང་རེད ངའི་འདང་གི་བདག་མོ
ངའི་གམ་དུ་ ངའི་བློས་གྲོགས་དང་དཔེ་དེབ་ཚོའི་དབུས་སུ
ཞེ་འདང་གིས་འཁྱིལ་ནས་འདུག
ཞེ་འདང་གིས་འཛུམ་ནས་བཞུགས
ངའི་འདང་ཅན་མ
༢༠༡༡། ༣། ༥། དགུང་མོར་བྲིས།
རྡ་སའི་རི་ངོགས་སུ་གནས་པའི་ཡི་གེ་བ་ཁྱེད་ཀྱི་སྙིང་གི་འདང་ཅན་བཀླགས་པ་ཡིན། སྤྱན་ཤེལ་བསྣམས་པའི་སྐྱེས་ཆེན་དེ་དང་། ཨ་མ་ལགས། སྙིང་སྡུག་གཏན་གྲོགས་མ་གསུམ་བཀླགས་པ་ཡིན།
ལོ་གསར་ལ་བཀྲ་ཤིས་བདེ་ལེགས་གང་བསམ་ཡིད་བཞིན་འགྲུབ་པའི་ལྷག་བསམ་རྒོད།
ཆུང་དུས་རང་ཉིད་ཀྱང་སྙན་ངག་ལ་དགའ་ཚུལ་ལ་བསམ་ན།
ཆུང་དུས་རང་ཉིད་ཀྱིས་ཀྱང་སྙན་ངག་བྲིས་ཚུལ་ལ་བསམ་ན།
ཆུང་དུས་རང་ཉིད་ཀྱིས་ཀྱང་སྙན་ངག་སྒོམ་ཚུལ་ལ་བསམ་ན།
དེ་རིང་གི་སྙན་ངག་འདི་ནི་རང་གི་བླ་སྲོག་ལ་འཐུམ་བདེ་བ་ཞིག་གི་འདང་ཆེན་ཞིག།
ཤར་ཕྱོགས་ཁུག་རྟ་ལགས། ལོ་སར་བཀྲ་ཤིས་བདེ་ལེགས། ལོ་གསར་བའི་ཚིག་གི་འགོ་མ་དབྱངས་སུ་བཀུག་འདུག
ཤར་ཁུག་ལགས་ལ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ། སྙིང་གི་མཛའ་མོ་ཁྱེད་གཉིས་ལ་ཁྱིམ་ཚང་ཚ་གོར་གོར་ཞིག་མི་འགྱངས་པར་ཆགས་ཐུབ་པའི་སྨོན་ལམ་དང་། འགལ་རྐྱེན་བར་ཆད་ཅི་ཡང་མི་འཕྲད་པའི་རེ་བ་ཡོད།
ལོ་གསར་པའི་ནང་ཁྱེད་རྣམ་པའང་དེ་མཚུངས་སྐུ་ལུས་བདེ་ཞིང་དབང་ཐང་རྣམ་དཔྱོད་དར་བའི་སྨོན་འདུན་ཡོད། ལྷག་ཏུ་ཀིརྟི་སྐྱབས་ལགས་ཀྱི་སྨོན་འདུན་དེར་ཐུགས་རྗེ་ཆེ་ཞུའོ། ངས་ཀྱང་དེ་བཞིན་ལོ་སར་ཚེ་གཅིག་གི་ཞོགས་ཀར་རང་གི་འདང་ཅན་གསུམ་ལ་ཕ་ཡིག་ཐོག་མ་བྲིས་པ་འདི་བཞིན་ལགས་སོ།
ཤར་ཕྱོགས་ཁུག་རྟའི་འདང་ཅན་དངོས་ནས་སྙན་པོ་རེད་ལ། དོན་དག་ཡང་དངོས་ནས་གསོན་ཉམས་ལྡན་པ་ཞིག་རེད་འདུག ཤར་ཕྱོགས་ཁུག་རྟའི་སྐད་གསུང་ལོ་སར་བའི་ནང་དུ་རྒྱས་གྱུར་ཅིག
གོ་སྐབས་འདི་བརྒྱུད་ནས་ཤར་ཕྱོགས་ཁུག་རྟ་ལ་ལོ་གསར་ལ་འཚམས་འདྲི་ཞུ།
བོད། ལྷ་ཀླུ་གཉན་གསུམ་དང་ཨ་ཁུ་དགེ་མཐོང་ཚང་རྣམ་པ་གཉིས་ལ་ལོ་སར་བཀྲ་ཤིས་བདེ་ལེགས་ཞུ། རིག་གནས་བྱ་བཞག་སྔར་བཞིན་རྒྱས་གྱུར་ཅིག
ཁྱེད་ལ་༼ པ་ལགས་ ༽་ཟེར་མཁན་གྱི་མཛའ་ན་མོ་དེ་སུ་ཞིག་རེད་དམ། ཁྱེད་ཀྱི་འདང་གིས་སྐྱོམས་སྟངས་དེས། ང་འདྲ་བ་ཚོ་ལ་དབང་མེད་ཕྲག་དོག་ཤོར་འགྲོ་གི ཧཧཧ རྩེད་མོ་ཡིན།
Sharchog Khugta la! Losar la Tashi Delek. My class mate! Have a nice day.
ཁུག་རྟ་ལགས། གསལ་བོར་ཅིག་ཤོད་དང་། སྙན་ངག་ཟེར་བ་འདི་བྲིས་ནས་ཁྱེད་ཁོམས་བསྡད་ཡོད་ས་རེད།
གནམ་མཚོ་ལགས། ལོ་སར་བཟང་། ཁ་སང་དེ་རིང་གཉིས་ཀ་ཤ་བོ་ངེད་གཉིས་ཀྱིས་ཉི་མ་དང་ཁྱེད་གཉིས་ལ་ཁ་པར་བཏང་དགོ་བསམ་ནས་ཨང་གྲངས་བཙལ་མོད། ཁྱོན་ནས་རག་མ་སོང་། ངའི་ཨང་གྲངས་། ༩༨༨༢༥༣༣༧༧༣ ཡིན།
ཆོས་འབྱོར་འདིས་ཨ་ལགས་ཟམ་གདོང་ལ་དབུ་བསྐོར་བྱས་ཏེ་བཙན་བྱོལ་ལོ་རྒྱུས་ལ་མི་ཤེས་འགྲིགས་ཁུལ་བྱེད་དེ་ཡོད།གོ་ཐོས་དམ་ཆོས་དཔལ་བཟང་གིས་ཡང་ལོ་རྒྱུས་མི་ཤེས་པར་འགན་དེ་བླངས་ཏེ་གཞུག་མ་་ཚར་བར་མཚམས་འཇོག་དགོས་བྱུང་ཟེར། གྲྭ་ལོག་འདིས་ཡང་ཉིན་གཅིག་ཁུངས་འཁྱོལ་ལེ་མིན་ཐག་གཅོད་ཐུབ།