—རྫོགས་རྒྱུ་མེད་པའི་ནང་འཁྲུག་གི་གློག་བརྙན་ལ་ལྟ་བཞིན་བྲིས།
ངའི་ཡབ་ཆེན།
གཟི་འོད་འབར་བའི་ཐལ་མོ་ཞིག་དང་འཛུམ་མདངས་ཤིག་ལས་ཅི་ཡང་མེད་པའི་ངའི་ཡབ་ཆེན།
ངེད་ཚང་གི་སྐྱིད་ལ་སྡུག་པའི་ལོ་ཟླ་ཕྲག་ཏུ་བཞེས་པའི་ངའི་ཡབ་ཆེན།
ཁྱེད་ཆུང་དུས་ནས་དཀའ་སྡུག་ལ་གདོང་ལེན་བྱེད་ཕོད་པའི་དཔའ་རྒོད་ཅིག་ཡིན་སྐད།
ཁྱེད་གཞོན་དུས་ནས་ཡོད་ཚད་ལ་འཛུམ་མདངས་ཀྱིས་བསུ་ཕུད་པའི་མི་རབ་ཅིག་ཡིན་སྐད།
ངེད་ཚང་གི་མེད་མུག་ཚང་མ་ཁྱེད་ཁོ་ནའི་འོད་སྣང་གིས་གསོས་ཡོང་ལ།
ངེད་ཚང་གི་བོར་བརླགས་མ་ལུས་ཁྱེད་ཁོ་ནས་བསབ་བཞིན་པ་མ་ཡིན་ནམ།
དེང་སྐབས།
ཁྱེད་ཀྱི་བུ་ཕྲུག་ཚོར་གཉོམ་ལག་རྒྱས་ཤིང་།
བྱ་རྒོད་པོས་ནམ་འཕང་བསྟོད་རན་འདུག
བུ་རྒོད་པོས་ཕ་ཤུལ་འཛིན་རན་འདུག
ཡིན་ན་ཡང་། ངའི་ཡབ་ཆེན་ལགས།
ཁྱེད་ཀྱི་བུ་ཕྲུག་མང་པོ་ཞིག་གིས།
ཁྱེད་ཀྱི་རེ་བ་བཅོལ་སའི་བུ་ཕྲུག་མང་པོ་ཞིག་གིས།
ཁྱེད་བགྲེས་པའི་གོ་སྐབས་དང་བསྟུན་ནས།
ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱེད།
ཕན་ཚུན་ལ་ཚིག་རྩུབ་ཀྱི་གྲི་རིང་བསྣུན།
ཕན་ཚུན་ལ་རྡུང་རྡེག་གི་མདུང་རིང་གཟེར།
ཡབ་ཆེན་ལགས།
ཁྱེད་བགྲེས་ཡོལ་དུ་ཕེབས་ནས་བཟུང་།
འུ་ཚང་ལ་བཀྲ་ཤིས་པའི་ཉི་མ་གཅིག་ཀྱང་མ་ཤར།
འུ་ཚང་ལ་དོན་འགྲུབ་པའི་ལོ་ཟླ་གཅིག་ཀྱང་མ་བསླེབས།
ཡབ་ཆེན་ལགས།
ཁྱེད་ཀྱི་བུ་ཕྲུག་ཚོར་སློབ་གྲྭ་སྐད་གྲགས་ཅན་ཚོའི་ལག་ཁྱེར་ཡོད་ཀྱང་།
ཁོང་ཚོར་མི་གཤིས་བཟང་པོ་ཞིག་ད་དུང་གྲུབ་མི་འདུག
ཁྱེད་ཀྱི་བུ་ཕྲུག་ཚོར་ལོ་མང་པོའི་གཞུང་ཞབས་པའི་བྱས་རྗེས་ཡོད་ཀྱང་།
ཁོང་ཚོར་བབ་ཆགས་སྤྱོད་བཟང་གི་དྲི་བཟང་ཞིག་ད་དུང་འཐུལ་རེ་མི་འདུག
ཡབ་ཆེན་ལགས།
ཉིན་རེར་དགུང་ལོ་བགྲེས་བཞིན་པའི་ཡབ་ཆེན་ལགས།
ཞག་རེར་དབུ་སྐྲའི་ཁ་དོག་འགྱུར་བཞིན་པའི་ཡབ་ཆེན་ལགས།
ཁྱེད་འཆི་མེད་རྒས་མེད་ཀྱི་ཚེ་དཔག་མེད་ཅིག་ཡིན་ན་ཅི་འདྲའི་དགའ་བ་ལ།
ཁྱེད་འགྱུར་མེད་ནུབ་མེད་ཀྱི་ཉི་མ་སེར་པོ་ཞིག་ཡིན་ན་ཅི་འདྲའི་སྤྲོ་བ་ལ།
ཡབ་ཆེན་ལགས།
ཁྱེད་ཀྱི་གཟིགས་ས་འདི་ནས།
འུ་ཚང་གི་སྦྲ་ནག་འདི་འགྱེལ་བཞིན་པ་ཀྱེ་ཧུད།
ཁྱེད་ཀྱིས་གསན་ས་འདི་ནས།
འུ་ཚང་གི་ཕུ་ནུ་དག་འཐོར་བཞིན་པ་ཨུ་ཧུ།
ཡབ་ཆེན་ལགས།
ངས་ཁྱེད་མ་བཞུགས་པའི་ལོ་ཟླའི་ཕྱོགས་ལ་བསམ་བློ་གཏོང་མི་ཕོད།
ངས་ཁྱེད་མ་བཞུགས་པའི་འུ་ཚང་གི་ལས་དབང་ལ་བསམ་གཞིག་བསྐོར་མི་ནུས།
ཡབ་ཆེན་ལགས། ཁྱེད་ཀྱིས་ལོ་རྒན་དྲུག་ཅུར་དྲུད་མྱོང་བའི་ཤིང་རྟ་དེའི་ནང་།
ད་དུང་ཡང་མི་རབས་གསར་རྙིང་མང་པོ་ཞིག་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་བཟི་སྨན་བཏུང་ནས་གཉིད་ཁུག་འདུག
ད་དུང་ཡང་སྐུ་དྲག་གསར་རྙིང་མང་པོ་ཞིག་དབང་ཆའི་འཐབ་རྩོད་ཀྱི་ཨ་རག་བཞེས་ནས་ར་བཟི་འདུག
ཡབ་ཆེན་ལགས།
ངས་ཁྱེད་ལ་ཅི་ཞིག་ཞུ་དགོས་སམ།
ཡབ་ཆེན་ལགས། ཁྱེད་ཀྱིས་འགྲོ་བ་རིགས་དྲུག་ལ་སྙིང་རྗེ་སྒོམ་བཞིན་པ་ཡིན་ཡང་།
ངས་ཁྱེད་གཅིག་བུར་སྙིང་རྗེ་སྒོམ་བཞིན་ཡོད།
དབུ་སྐྲ་དུང་ལྟར་དཀར་བའི་ཁྱེད།
ཞལ་རས་བགྲེས་གཉེར་བཞེས་པའི་ཁྱེད།
འུ་ཚང་གི་བླ་མཁར་ཡིན་པའི་ཁྱེད།
ཁྱེད་བཞུགས་ས་རུ།
ཕུ་ནུ་ཚོས་ནང་འཁྲུག་གི་འཁོར་ལོ་སྐོར་བཞིན་ཡོད་ན་ཡང་།
ངའི་སེམས་ཁོང་ན་ད་དུང་ཁྱེད་ཀྱི་དྲོད་ཐིགས་ཤིག་ཡོད།
སྐུ་དྲག་ཚོས་རུལ་སུངས་ཀྱི་དྲི་ངན་གཏོར་བཞིན་ཡོད་ན་ཡང་།
ངའི་སྤྱི་གཙུག་ན་ད་དུང་ཁྱེད་ཀྱི་ཉི་མ་ཞིག་ཡོད།
ངའི་ཡབ་ཆེན། བྱིན་རླབས་འབར་བའི་ཡབ་ཆེན།
ངས་ཁྱེད་ལ་ཞུ་རྒྱུ་མང་ཡང་།
གཡས་གཡོན་གྱི་ཚེར་མ་དག་ཧ་ཅང་རྣོ་བས།
མཐའ་སྐོར་གྱི་དྲ་འབུ་དག་ཧ་ཅང་ངན་པས།
ཞུ་བྱ་འདི་ཙམ་གྱིས་ཆོག་པར་ཞུ།
མིག་ཆུ་འདི་ཙམ་གྱིས་འཐུས་པར་བྱ།