ཚེ་རིང་གི་བུ།
ངས་བོད་དོན་འཐབ་རྩོད་ཀྱི་སྐོར་ལ་བསམ་བློ་མང་པོ་ཞིག་བཏང་། ད་དུང་ཡང་གཏོང་བཞིན་ཡོད། སྤྱིར་བོད་འདི་རྒྱལ་རབས་ལོ་རྒྱུས་གང་གི་ཆ་ནས་བལྟས་ཀྱང་། རྒྱ་ནག་གི་ཆ་ཤས་ཤིག་དང་མངའ་ཁོངས་ཤིག་མིན་པ་བསྙོན་མེད་རེད། ཧ་ཅང་གསལ་ཐིང་ཐིང་རེད། འབུ་ཆེ་བས་ཆུང་བ་ཟོས་ཟེར་ནའང་འདྲ། གང་ལྟར། རྒྱ་གཞུང་གིས་བོད་འདི་རྒྱ་ནག་ཆེན་པོའི་མངའ་ཁོངས་ས་ཁུལ་ཞིག་ཏུ་བསྒྱུར་བ་དང་། བོད་མི་མང་རྒྱ་མི་རིགས་ཀྱི་བྲན་གཡོག་ལྟ་བུར་བསྒྱུར་ནས་མི་ལོ་ལྔ་བཅུ་ལྷག་འདས། འདི་ཉུང་ཉུང་ཞིག་མ་རེད། འོན་ཀྱང་། འགྲན་མེད་གཞིས་ལུས་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་གི་གནམ་འོག་འདི་རང་ལ་དབང་ཆེད་ལས་འགུལ་རབ་དང་རིམ་པ་སྤེལ་་ཡོད། འདི་རང་བཙན་འཐབ་རྩོད་ཀྱི་སྒུལ་ཤུགས་གཙོ་བོ་རེད། དེ་དང་ཆབས་ཅིག རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གིས་བོད་དོན་ཁྱབ་བསྒྲགས་དང་བོད་ཀྱི་ཤེས་རིག་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་བ་འདི་ཡང་ལས་སླ་པོ་ཞིག་ག་ལ་ཡིན་མོད། དྲང་མོར་བཤད་ན། ང་ཚོ་ཕམ་ཉེས་བཏང་ཡོད། ད་དུང་ཡང་ང་ཚོ་རྒྱའི་འོག་ནས་ཕམ་བཞིན་ཡོད་པ་རེད།
ང་དགུ་ལོ་ནས་བཟུང་། ང་ཚོས་བོད་རང་བཙན་གྱི་ལྟ་གྲུབ་སྤྱད་དེ་མི་ལོ་མང་པོ་ཞིག་འགོར། དངོས་གནས་ཡག་པོ་རེད། བོད་རང་བཙན་གྱི་ཆེད་དུ་བོད་གངས་ཅན་པ་མང་པོས་རང་གི་ཚེ་སྲོག་རྒྱལ་ཁབ་ལ་མཆོད་པ་རེད་མ་གཏོགས། བོད་འདིར་རང་སྐྱོང་དགོས་ཞེས་ཚེ་སྲོག་མང་པོ་ཙག་རླུང་ལ་བསྐུར་ཡོད་པ་མ་རེད། བདུན་ཅུ་དོན་གྲངས་ལོར། ཏིན་གྱི་སྲིད་ཇུས་ཀྱི་འོག་ནས་རང་བཙན་གྱི་ལྟ་གྲུབ་དེ་ཐང་ལ་འགྱེལ་བ་རེད། སྡོང་རྒན་བཞིན་འགྱེལ་བཅུག་པ་རེད། དེ་མ་ཐག་ལམ་དབུ་མ་ཟེར་བའི་སྐད་གྲགས་ཅན་གྱི་ལྟ་གྲུབ་འདི་རྒྱལ་བ་རིན་པོ་ཆེའི་ཕོ་བྲང་དང་། བཀའ་ཤག སྤྱི་འཐུས་གྲོས་ཚོགས་སོགས་སུ་བརྡོལ་འགོ་ཚུགས། བཙན་བྱོལ་མི་མང་གིས་ཀྱང་ལམ་དབུ་མར་བརྟེན་ནས་རང་སྲིད་རང་སྐྱོང་ལ་མཁྲེང་། ད་དུང་ཡང་མཁྲེང་བཞིན་ཡོད། འོན་ཀྱང་། དེང་སང་རྒྱ་ནག་ནང་ཁུལ་དུ་འགྱུར་བ་ཞིག་འགྲོ་བཞིན་ཡོད་པ་བདེན་པ་རེད། དེ་དཔལ་འབྱོར་གྱི་འགྱུར་བ་རེད་མ་གཏོགས་སྲིད་ཕྱོགས་ཀྱི་འགྱུར་བ་གང་ཡང་མ་རེད། ཁ་སང་དེ་རིང་གི་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་ཇུས་དང་རྒྱ་ནག་གི་མགོ་ཁྲིད་ཚོའི་བྱེད་བབ་ཚང་མས་ཤེས་གསལ་ལྟར། རྒྱ་ནག་གཞུང་གིས་བོད་དོན་འདི་སྣང་མེད་དུ་བཞག་ཡོད། བོད་རྒྱ་གཉིས་ཀྱི་གྲོས་མོལ་ཟེར་བ་འདི་ཡང་བྱིས་པའི་རྩེད་མོ་ལྟ་བུ་རེད། རྒྱ་ནག་གི་དཔོན་རིགས་ཚོར་བོད་དོན་འདིར་གྲོས་མོལ་བྱེད་པའི་འདོད་པ་ཡོད་ཚེ། རྒྱལ་བ་རིན་པོ་ཆེ་དང་ལྷན་དུ་ཐད་ཀར་གྲོས་མོལ་བྱེད་ཆོག སྐུ་ཚབ་ཚོགས་པ་འདི་དགོས་མཁོ་རྩ་ནས་མེད།
དེ་བཞིན། ཉེ་ཆར་ང་ཚོས་རྒྱ་ནག་གི་མི་རབས་གསུམ་པས་བོད་ཐོག་འཛིན་པའི་ལྟ་གྲུབ་དེ་དག་ཀྱང་རྒྱལ་སྤྱིའི་བརྙན་འཕྲིན་ཁག་དང་། གསར་འགྱུར་ཁག་ལས་མཐོང་བྱུང་བ་དེ་རེད། ལས་སླ་པོ་མི་འདུག མི་རབས་གསུམ་པ་འདི་སང་ཉིན་གྱི་རྒྱ་ནག་གི་རྗེས་འཛིན་པ་རེད། ཅང་མི་འགོར་པར་ང་ཚོས་རྒྱ་ནག་གི་མི་རབས་གསུམ་པ་ཚོ་དང་ལྷན་དུ་གདོང་ལེན་བྱེད་རན་ཡོད། རྒྱ་ནག་གི་མི་རབས་གསུམ་པ་ཚོས་ཀྱང་རང་བཙན་ཕར་ཞོག རང་སྲིད་རང་སྐྱོང་ཙམ་ཡང་སྤྲོད་སྲིད་ཀྱི་མ་རེད། གལ་ཏེ་ང་ཚོ་ད་ལྟ་ནང་བཞིན་མི་ལོ་ལྔ་བཅུ་ནས་དུས་རབས་གཅིག་འགོར་དགོས་བྱུང་ཚེ། ཁ་སང་དེ་རིང་རྒྱ་ནག་གི་མི་འབོར་བོད་ནང་དུ་ཇེ་འཕེལ་ཡིན་སྟབས། ནམ་ཞིག་བོད་གཞིས་ལུས་མི་མང་རྒྱ་རིགས་མང་ཚོགས་ཀྱི་ཁྲོད་ནས་ཤེས་མེད་ཚོར་མེད་ངང་མན་ཇུ་མི་རིགས་ལྟ་བུར་འགྱུར་མུས་དང་། བཙན་བྱོལ་བོད་གཞུང་འདི་ཡང་ད་ལྟ་ནང་བཞིན་སྲ་བརྟན་ཞིག་ཡོང་གི་མ་རེད། གནས་བབ་འདི་དོན་ཐོག་ཏུ་བྱུང་ཚེ། ང་ཚོ་ཕམ་པ་རེད་ལ། མི་རིགས་ཤིག་དང་རྒྱབ་ཁབ་ཅིག་ཀྱང་ཕམ་པ་རེད།
ང་ཚོར་སྟོང་ཆ་ཞིག་ཡོད་པ་ནི། རྒྱལ་བ་རིན་པོ་ཆེའི་འོག་ཏུ་མི་མང་གི་སྣེ་འཁྲིད་པ་དཔེ་མེད་ཅིག་མི་འདུག བཀའ་བློན་ཁྲི་བ་གཙོས་པའི་བཀའ་བློན་རྣམ་པ་ཚོ་ཡིན་ནའང་འདྲ། སྤྱི་འཐུས་རྣམ་པ་ཚོ་ཡིན་ནའང་འདྲ། མི་མང་གི་མགོ་ཁྲིད་དེ་རྒྱ་ནག་གི་ཁ་གཏད་གཅོག་ཐུབ་མི་འདུག ལྷག་པར་དུ་གོང་རིམ་གྱི་མི་འདི་ཚོར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཤེས་བྱ་མེད་པ་དང་། རང་ཉིད་ལ་ལངས་ཕྱོགས་ཤིག་ཀྱང་མེད་སྟབས། རྒྱལ་བ་རིན་པོ་ཆེ་གཅིག་པུར་འཁེན་ནས་བསྡད་ཡོད། འདི་གནད་འགག་ཅིག་རེད། ལྷག་པར་དུ་རྒྱ་རི་བློ་གྲོས་རྒྱལ་མཚན་ལྟ་བུའི་མི་ཁ་ཤས་ཀྱིས་རང་གི་གོ་གནས་ཧམ་འཛིན་གྱིས་བོད་མི་མང་གི་སེམས་འཕྲུལ་འཇུག་གི་འདུག ནམ་རྒྱུན་ཁོའི་ཁ་ནང་དུ་རྒྱ་ནག་གི་རྣམ་འགྱུར་ཡག་པོ་འདུག་ཟེར་བ་ལས་གཞན་མེད་པ་རེད།
ཡང་ཕྱོགས་གཞན་ནས་བཤད་ན། ང་ཚོས་ལམ་དབུ་མའི་ལྟ་བ་འདི་འདོར་དགོས། གཞིས་ལུས་མི་མང་གིས་རང་བཙན་རྩོད་ཀྱི་ཡོད་པ་མ་གཏོགས། རང་སྲིད་རང་སྲིད་རང་སྐྱོང་ཁ་ནང་དུའང་ལེན་གྱི་མེད། ལྷག་པར་དུ། ང་ཚོ་བཙན་བྱོལ་དུ་སྡོད་མི་འོས། ང་ཚོས་བདེན་པའི་ཨུ་ཚུགས་རྒྱབ་ལ་འཁུར་ནས་རང་རེའི་བོད་དུ་ལོག་དགོས། རང་གི་རྒྱལ་ཁབ་ཀྱི་འཐབ་རྩོད་འདི་རང་གི་ས་ཐོག་ཏུ་བྱེད་དགོས་པ་མ་གཏོགས། མི་ཡི་ལུང་པ་ནས་ཡོང་གི་མ་རེད། བོད་རྒྱ་ཆེའི་མི་མང་བོད་དུ་ཡོད། ང་ཚོ་བཙན་བྱོལ་དུ་སྡོད་དགོས་དོན་མེད། བཙན་བྱོལ་བོད་གཞུང་དང་གཞིས་ལུས་མི་མང་གཉིས་ཀྱི་དབར་ལ་འབྲེལ་ཐག་མེད་སྟབས། བོད་དོན་འཐབ་རྩོད་འདིར་སྟོབས་ཤུགས་མེད་པ་རེད། ང་ཚོས་སྡར་མའི་ལས་ཀ་བྱེད་ཀྱིན་འདུག མིའི་ས་ཐོག་ཏུ་གནས་པ་ལས་རང་གི་ས་ཐོག་ཏུ་གཅིན་པ་ཚ་བོ་ཞིག་གཏོང་ཐུབ་ནའང་དེ་བདེ་སྐྱིད་མ་རེད་དམ། གང་ལྟར། ང་ཚོས་རང་སྲིད་རང་སྐྱོང་དོར་ཏེ་རང་བཙན་རྩོད་དགོས་ཀྱི་འདུག མི་རིགས་འདི་ཉམས་རྒུད་དུ་གྱུར་ནའང་མི་རབས་འདིས་རང་སྲིད་རང་སྐྱོང་བརྩད་དེ་ཉམས་རྒུད་དུ་གྱུར་འདུག་ཅེས་པ་ལས། རང་དབང་རང་བཙན་བརྩད་དེ་ལོ་རྒྱུས་ཀྱི་མཇུག་བསྡུས་པ་རེད་ཅེས་ལབ་ན། དེ་ཉིད་གཟི་བརྗེད་ཆེ་བ་ཡོད།
ད་དུང་ང་ལ་སེམས་གཏམ་མང་པོ་ཡོད་མོད། འདིར་མང་པོ་ཞིག་འབྲི་དགོས་དོན་མེད། ལོ་འདིའི་ཟླ་༡༡པའི་རྗེས་ནས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་གསར་པ་ཡིན་མིན་ཤེས་སྲིད་པ་རེད། གང་ལྟར། འབྲི་མཚམས་འདིར་ཐོན་དུས། ངའི་སེམས་སྐྱིད་པོ་མི་འདུག
ལེ་གདན་ཁྱེད་གང་བཤད་ངོ་མ་རེད།
ཡིན་ནའང་ཁ་སང་སྤྱི་མཐུས་ཚོགས་གཙོས་གསུངས་བཤད་ལ་ཉན་ན་གང་ལྟར་ཟླ་༡༡ ཚེས ༡༧ ནང་ལ་ཚོགས་འདུས་ཚགས་ཡ་རེད་མ་གཏོགས་དེ་ལས་ལྟ་གྲུབ་འགྱུར་བ་འགྲོ་ཨེ་ཐུབ་བསམ་བྱུང་།