ངའི་ཁང་པའི་སྒེའུ་ཁུང་ལ་མཚོན་ན་མི་གཞན་གྱི་སྒེའུ་ཁུང་དང་མི་འདྲ་བའི་ཁྱད་ཆོས་འབུར་དུ་ཐོན་པ་དེ་འདྲ་ཅི་ཡང་མེད་ལ། ཡང་གཞན་གྱི་རྗེས་སུ་ལུས་པའི་མི་འདང་བའི་ཆ་དེ་འདྲ་ཡང་ཡོད་པར་མི་འདོད། སྒེའུ་ཁུང་འདི་བརྒྱུད་ནས་ཕྱི་རོལ་གྱི་སྔོ་བསང་ནམ་མཁའ་དང་སྤྲིན་པ་དཀར་ནག རྒྱང་རིང་གི་རི་ཚོགས་དང་ལྗོན་པའི་ཕྲེང་བ། གླག་རྒོད་དང་བྱེའུ་སྣ་ཚོགས་ཀྱི་གཤོག་གར། ཕྱེ་མ་ལེབ་དང་ནགས་བྱི་སོགས་རང་ཉིད་ཀྱིས་གང་མཐོང་འདོད་པ་དེ་ཚོ་ཕལ་ཆེ་བ་མཐོང་ཐུབ། དེ་ལས་ཀྱང་ཆེས་སྤྲོ་བ་བསྐྱེད་པ་ཞིག་ནི། མིའི་རིགས་ཀྱི་བྱས་རྗེས་དང་ནག་ཉེས་ཡོད་ཚད་ལག་མཐིལ་དུ་བཞག་པ་བཞིན་གསལ་པོར་མཐོང་ཐུབ། སྐབས་རེར་ཕྱི་རོལ་ཏུ་འགྲོ་སྐབས་ཁང་པའི་ལྡེ་མིག་ནང་དུ་ལུས་ཚེ། ལམ་སེང་སྒེའུ་ཁུང་ཕྱེས་ཏེ་ནང་དུ་འཛུལ་ཐུབ་པའི་ཁྱད་ཆོས་ཤིག་ཀྱང་ཞོར་ལ་ལྡན། ཡིན་ཡང་། ཉེ་ཆར་ཞིག་ནས་བཟུང་སྟེ་ངའི་གྲོགས་པོ་མང་པོ་ཞིག་གིས་ངའི་སྒེའུ་ཁུང་དེར་ནག་ཉེས་རྫོགས་མཐའ་བྲལ་བ་ཞིག་བརྗོད་བྱུང་བ་དང་། ཁོ་ཚོས་ངའི་སྒེའུ་ཁུང་དེ་ནི་འཛམ་གླིང་གི་འཇིགས་སྐུལ་བ་ཡོད་ཚད་བསྐུངས་སའི་ཚང་ལྟ་བུ་ཞིག་ཏུ་ཡང་ངོས་འཛིན་བྱེད་ཅིང་། ཐ་ན་ངའི་སྒེའུ་ཁུང་དེ་བརྒྱུད་ནས་ཨ་རིའི་སྲིད་འཛིན་གསོད་འདོད་མཁན་གྱི་ཁ་ཆེ་འཇིགས་སྐུལ་བ་སྐོར་ཞིག་ཀྱང་ནམ་ཡོང་མི་ཤེས་ཞེས་ཞེད་སྣང་ཡང་བསྐུལ་བྱུང་། ཁོ་ཚོའི་མཐའ་སྡོམ་ནི་ངའི་སྒེའུ་ཁུང་དེའི་ཕྱི་ནང་གཉིས་ཀ་ནས་རྡོ་བརྩིགས་ཏེ་སྒེའུ་ཁུང་ཡོངས་སུ་བསྒྲིབས་རྒྱུ་དང་། དཀར་ཆ་རྟ་རྔ་ཙམ་ཡང་མཐོང་རྒྱུ་མེད་པའི་ཁང་མིག་དེ་ཚོའི་བླ་ན་མེད་པའི་དགེ་མཚན་ཡང་ཉིན་མཚན་སྦྲེལ་ནས་བརྗོད་བྱུང་། ཕར་བལྟས་ཚོད་ལ་ངའི་སྙིང་ཉེ་བའི་གྲོགས་པོ་དེ་ཚོས་སྒེའུ་ཁུང་མེད་པའི་ཁང་མིག་ནག་ཁུང་དེ་འདྲའི་ནང་དུ་མི་ཚེ་ཕྱེད་ཀ་རེ་བསྐྱལ་ཡོད་ཚོད་རེད། ཁོ་ཚོ་ནི་སྒེའུ་ཁུང་ལ་ཕ་གསོད་ཀྱི་ལག་དམར་ཇི་བཞིན་སྙིང་ནད་ཤིན་ཏུ་ཆེ་ཞིང་། སྒེའུ་ཁུང་མེད་པའི་ཁང་མིག་དག་ལ་དཔྲལ་བའི་མིག་བཞིན་གཅེས་སྤྲས་ཧ་ཅང་བྱེད། ཁོ་ཚོའི་ང་ལ་ཡི་གེ་དང་ཁ་པར། དངོས་ཐུག་དང་གདོང་གི་རྣམ་འགྱུར་ཚུན་ཆད་ནས་ངའི་སྒེའུ་ཁུང་དེ་རྩ་མེད་བཟོ་དགོས་པའི་སྐུལ་མ་བྱས་ཤིང་། གལ་སྲིད་ངས་སྒེའུ་ཁུང་ལ་རྡོ་རྩིག་རྒྱག་རྒྱུ་དེ་ཁས་མ་བླངས་ཚེ་ཁོ་ཚོས་ང་གྲོགས་པོའི་གྲས་ནས་ཕྱིར་འཕུད་གཏོང་རྒྱུ་དང་། དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་ནི་ང་ལ་སྒེའུ་ཁུང་གི་ཕྱི་རོལ་ཏུ་བལྟས་པའི་ནག་ཉེས་བཙུགས་ཏེ་ཚེ་བཙོན་ནམ་སྲོག་ཁྲིམས་གཅོད་དུ་འཇུག་རྩིས་འདུག ཁོ་ཚོས་སྒེའུ་ཁུང་བརྒྱུད་ནས་ནང་དུ་འོངས་པའི་དྲི་ཞིམ་འཐུལ་བའི་རླུང་བུ་ལ་ནི་ནད་རིམས་བསྐྱེད་པའི་དུག་རྫས་བཞིན་དུ་ལྟ་བ་དང་། སྒེའུ་ཁུང་གིས་བསྐྱེད་པའི་སེམས་ནང་གི་ཞི་བདེའི་ཚོར་བ་དག་ལ་ནི་སྲོག་གཅོད་ཀྱི་རལ་གྲི་ལྟ་བུར་ཆེས་འཇིགས་པར་རྩི། ཁོ་ཚོས་མིའི་རིགས་ཀྱི་ནག་ཉེས་ཡོད་ཚད་སྒེའུ་ཁུང་བརྒྱུད་ནས་འོངས་པ་དང་། སྒེའུ་ཁུང་ཡོད་པས་ད་གཟོད་རླབས་ཆེ་བར་གྲགས་པའི་མི་རྗེ་རྣམས་ལ་ཡང་ཉེས་འཛུག་བྱེད་པའི་བསམ་བློ་ལོག་པ་དེ་འདྲ་བསྐྱེད་པར་འདོད། སྒེའུ་ཁུང་ལས་མཐོང་བའི་འཇིག་རྟེན་འདི་ཤེས་རབ་ཀྱི་མིག་དང་བྲལ་ཞིང་བྱམས་བརྩེ་ཡི་ཟུངས་དང་གྱེས་པར་འདོད་ལ། སྒེའུ་ཁུང་མེད་པའི་ཁང་མིག་ནག་ཁུང་དག་གི་ནང་དུ་བླ་ན་མེད་པའི་དག་ཞིང་གི་འཚོ་བ་དང་། ཆེས་རླབས་ཆེ་བའི་མི་རྗེ་རྣམས་ཀྱི་གསེར་ཁྲིའི་གཟི་འོད་ཅི་དགར་འཁྱུག་ཐུབ་པ་མ་ཟད། མི་རྗེ་དེ་དག་གི་འདས་མ་ད་གསུམ་གྱི་བྱུང་བ་དག་ལ་ཡང་ནག་ཉེས་ཀྱི་ཆ་ཕྲ་མོ་ཙམ་ཡང་འགོས་མི་ཐུབ་པར་བཤད། སྒེའུ་ཁུང་ཞེས་པའི་ཐ་སྙད་ཙམ་ལ་ཡང་ངའི་གྲོགས་པོ་ཚོ་ཞེད་སྣང་དང་ཞེ་སྡང་སྐྱེ་བ་དང་། ཐ་ན་སྒེའུ་ཁུང་གི་འདྲ་པར་དང་མིང་ཡིག་ཙམ་ཞིག་མཐོང་ན་ཡང་དམར་པོ་མེ་ལ་བསྲེག་པ་དང་སྔོན་མོ་ཆུ་ལ་བསྐུར་ན་མ་གཏོགས་གྲོགས་པོ་དེ་ཚོ་གཉིད་ཡག་པོ་ཁུག་མི་ཐུབ་ལ་ཟས་ཞིམ་པོར་ཡང་བྲོ་བ་སྤུ་ཙམ་ཡང་མི་འདུག་ཟེར། དེང་སྐབས་ཁོ་བོ་ནི་སྙིང་ཉེ་བའི་སྒེའུ་ཁུང་དང་ཤ་ཚ་བའི་གྲོགས་པོ་དེ་ཚོའི་བར་དུ་ལྷུང་ནས་ཅི་བྱ་གཏོལ་མེད་དུ་གྱུར་ཡོད། སྒེའུ་ཁུང་མེད་ན་མུན་པའི་འཇིག་རྟེན་དུ་འཚོ་གནས་བྱེད་རྒྱུ་དང་། གྲོགས་པོ་མེད་ན་ཁེར་རྐྱང་སུན་སྣང་གི་མི་ཚེ་སྐྱེལ་རྒྱུ་རེད། ཁྱེད་ཀྱིས་ཤོད་དང་། ངས་དོན་ངོ་མར་གང་ཞིག་བདམས་ན་ལེགས།
སྦྲ་གུར་ཞིག་ཕུབ་ན་ལེགས།
ཨ་སྨྱོན་ལ། སུམ་བརྒྱ་དྲུག་ཅུའི་འཁོར་ལ་མཐོངས་ཡངས་བའི་སྒེའུ་ཁུང་ཞིག་མེད་ན། སྒེའུ་ཁུང་ནི་སྔར་བཞིན། གྲོགས་མེད་དུ་འཚོ་བ་ལས། ཁྱོད་ལ་ཡར་རྒྱས་ཀྱི་ངོ་མི་ཤར་བས་སོ། ཧ་ཧ་ཧ།
ཁུ་ལོ་སྣང་བ་ཅན་པོར།
རོགས་ལོ་མེད་པའི་སྡུག་ཞིག།
ཤེས་བྱ་བྱིའུའི་རྟུག་ལ།
རིན་ཐང་མེད་པའི་སྡུག་ཞིག། ཧ་ཧ་ཧ། གླུ་སྐྱིད་པོ་ལེན་ན་སྐྱིད་པོ་ལེན། གླུ་སྐྱིད་པོ་དེ་རིང་ཁ་སང་ལེན། ས་གང་ནས་ཡིན་ན་གོ་ནི་ལེན། གོ་དང་རུང་གོ་བ་མེད་ནི་ལེན། ཧ་ཧ་ཧ། སྐུ་མཁྱེན་སྐུ་རླུངས་མ་ཁྲོ། ཁ་ལ་བདག་པོ་མི་འདུག། རང་ལ་གོམས་པའི་གཤིས་ཀ། བཅོས་བར་ཐབས་ཤིག་མི་འདུག། ཧ་ཧ་ཧ།
ད་ཐེངས་ཁ་བརྡ་འདིར་བསམ་བློ་གཏོང་རིན་ཡོད་པའི་རྩོམ་ཡིག་མཐོང་བྱུང་། ངོ་མ་འདི་ཅིས་གཏིང་ཟབ་ལ་གོ་བ་ལོན་རྒྱུ་ཡོད་པའི་རྩོམ་ཡིག་ཀློག་བཟང་པོ་ཅིག རྩོམ་འདི་སྐར་ཁུང་ཐོག་བཀལ་ཐུབ་ན་ཡང་ལེགས་ལ། ངེས་པར་དུ་གཞིས་ཀྱི་དྲ་རྒྱ་དེ་ཚོའི་སྟེང་སྐོན་རོགས།
ང་ལ་ཉམས་མྱོང་སྙིང་གས་པ་ལྟ་བུ་ཞིག་བྱུང་མྱོང་བ་ནི། ང་རང་རྒྱ་ནག་ནས་ཐོན་ཀར། ཕ་ཡུལ་གཅིག་པའི་ཚོང་པ་ཞིག་བཙོན་ནས་གློད་མ་ཐག་ཡིན་པ་དང་། ང་དང་ངའི་གྲོགས་པོ་འགའ་ཁོང་ཐུག་པར་ཕྱིན། ཁོང་གིས་ང་ཚོར་བཙོན་ཁང་ནང་གི་ལོ་རྒྱུས་བཤད་པ་དང་། སྐབས་དེ་དུས་ཁོང་ལྟར་ན། བཙོན་ཁང་ནང་ལ་བོད་མི་བློ་རྩེ་བརྟན་ཤོས། སྲོག་ལ་ཐུག་ཀྱང་མི་གཞན་རྩིས་སྤྲོད་མ་བྱེད་མཁན། རྒྱའི་བཙོན་བཟུང་བ་རྣམས་ཆེས་སྐྲག་ཡུལ་གྱི་བཙོན་པ་ནི་གྲགས་ཅན་གྱི་ངེད་ཚོའི་ཕ་ཡུལ་གྱི་བཙོན་པ་གྲགས་ཅན་ཚོ་མ་ཡིན་པར། གྲོང་གསེབ་ཁུ་ཀྱོག་གི་ཨ་ནེ་ལོ་ཆུང་དེ་ཚོ་ཡིན་པ་དང་། ཁོང་ཚོས་གོ་སྐབས་ཡོད་ཚད་ལ་མགོ་ཁྲིད་ནས་ངོ་རྒོལ་བྱེད་པ་འདི་རེད།
ཕྱི་སྣང་ལས་ལྡོག་ཏེ། དོན་དངོས་ལ་བཙོན་ཁང་ནང་ཞབས་འདྲེན་ཞུ་མཁན་གཙོ་བོ་ནི། སློབ་གསོ་ཐོབ་མྱོང་བ་དང་། གཞུང་གི་ལས་ཁུངས་ཡོད་པའི་གྲགས་ཅན་གྱི་བཙོན་པ་རྣམས་རེད། ངེད་ཚོའི་ཕ་ཡུལ་གྱི་བཙོན་པ་མང་ཆེ་བ་འདིའི་ཁུངས་སུ་གཏོགས། འོན་ཀྱང་། ང་ཚོ་ཁ་འགྱེས་སྐབས། ངའི་ཕ་ཡུལ་གྱི་མི་གཉིས་པོས། སྒོར་མོ་སྟོང་འགའ་ཤས། བཙོན་ཟུར་དེ་ལ་སྤྲད་ནས། རྗེས་མ་གནས་ཚུལ་འདི་སུ་ལ་ཡང་མ་ཤོད། ཕ་ཡུལ་གྱི་ཞབས་འདྲེན་རེད། ང་ཚོ་ཕར་ནས་ཁྱེད་ལ་ལྟ་རྟོག་དང་རོགས་རམ་ལྷད་མེད་བྱས་ཆོག འོན་ཀྱང་ང་ཚོར་བཤད་ཟིན་པའི་སྐད་ཆ་དེ་ད་ཕྱིན་ཆད་སུ་ལ་ཡང་མ་ཤོད་ཟེར་ནས། སློབ་གསོ་གཏིང་ཟབ་བཏང་། ཕྱི་ལ་འབྱོར་རྗེས། གཞན་ཚང་མར་ངེད་ཚོའི་ཕ་ཡུལ་གྱི་བཙོན་པ་རྣམས་ཀྱིས་མགོ་ཁྲིད་ནས་བཙོན་ཁང་ནང་ལ་ལས་འགུལ་ག་གེ་མོ་ཞིག་སྤེལ་བ་དང་། བཙུན་མ་མང་པོའི་སྲོག་སྐྱོབ་པ་ཤ་སྟག་བཤད་ནས། ང་ལ་ཡང་ཡང་། ཁྱོད་དྲང་པོ་བཤད་ན། ཕ་ཡུལ་གྱི་མི་ཚང་མས་ཁྱོད་ལ་ཁང་ར་དང་ཁྱོད་ཀྱི་ཕ་མ་ངོ་སྟོན་མི་ཐུབ་པ་བཟོ་ངེས་ཟེར།
འདི་རྩོམ་འདི་བཀླགས་པའི་མྱོང་ཚོར་འདི་རེད། ཁྱེད་རྣམ་པར་ཚོར་བ་ཨེ་བསླེབས། རྒྱུ་མཚན་འདི་ལ་བརྟེན་ནས། ང་ལ་རྩོམ་འདི་སྙིང་ལ་ཟུག་བྱུང་།
གྲོགས་པོ། གསུངས་དང་། ངའི་སེམས་ལ་འཁུར་པོ་ལྗིད་པོ་མིན་འདུག་གམ།
སྒེའུ་ཁུང་འདིའི་བརྒྱུད་དུང་སེམས་དང་དངོས་པོ་གང་ཙམ་ཞིག་མཐོང་ཐུབ་པ་ནི་ལུས་བདེན།
འོན་ཀྱང་མི་རིགས་དང་ལ་རྒྱའི་རྒྱབ་མདུན་ཡོད་ཚད་མཐོང་དུ་འདོད་ན་་་
ཁྱེད་ཀྱི་སྒེའུ་ཁུང་ཆུང་ཆུང་འདི་ནས་མཐོང་ཐབས་བྲལ།
དེ་ལས་མཐོ་ཁར་ཕེབས་ནས་ཕྱོགས་བཞི་མཚམས་རྒྱད་ལ་གཟིགས་དང་།
དེ་ནས་མཐོང་ཡོང་།
གཞན་མ་གཏོགས་ད་དུང་ཡང་རྗེས་ལུས་རང་དུ་མངོན།།
ཀློག་སྤྲོ་བའི་རྩོམ་ཞིག་རེད།ཡིན་ཡང་། སྒེའི་ཁུང་གླེང་པ་དང་མཉམ་དུ་སྔོན་ལ་ཁང་པ་དེའི་སྒོ་ཕྱེ་ཆོག་ཆོག་ཅིག་ཡིན་མིན་དང་། ཡང་ནང་ལ་འཛུལ་རྒྱུ་དང་ཕྱི་ལ་བཏོན་རྒྱུར་རང་དབང་ཡོད་དང་མེད་སོགས་གླེང་ཡོད་ན་རྩོམ་འདི་རྒྱ་ནག་གི་སྐད་གྲགས་ཅན་གྱི་རྩོམ་པ་པོ་ལོའུ་ཞིན་གྱི་རྩོམ་སྟངས་དང་ཆ་འདྲ་ས་འདུག་བསམ།