—–རྨེ་རུ།
ངའི་སྙན་ངག
མི་སེམས་འགུལ་བའི་གླུ་སྒྲ་མིན་ཀྱང་།
ང་རང་གི་ཆང་འཐུང་གྲོགས་པོ་ཡིན།
ངའི་སྙན་ངག
གནས་ལ་གཏོང་འོས་པའི་བག་མ་མིན་ཀྱང་།
ངའི་ཚེ་གང་གི་སྙིང་སྡུག་ཡིན།
ངའི་སྙན་ངག
མཁས་པའི་བཞུགས་གྲལ་དུ་ཚུད་པའི་མགྲོན་པོ་མིན་ཀྱང་།
ང་རང་ཐག་རིང་དུ་འགྲོ་བའི་འཁར་རྒྱུག་ཡིན།
ངའི་སྙན་ངག
མིང་གྲགས་རྒྱལ་བའི་ཀི་སྒྲ་མིན་ཀྱང་།
ང་རང་ཁུ་སིམ་དུ་འགྲོ་བའི་གླུ་དབྱངས་ཡིན།
ངའི་སྙན་ངག
འཚོ་བརྟེན་བཟོ་བའི་ཆང་ཁང་མིན་ཀྱང་།
ང་རང་དགའ་བའི་སྙན་ངག་གི་ཇ་ཁང་ཡིན།
ངའི་སྙན་ངག
དཀོན་མཆོག་ལ་འབུལ་བའི་བསང་དུ་མིན་ཀྱང་།
ང་རང་ངལ་དུབ་སྐབས་སུ་ཐ་མག་ཡིན།
ངའི་སྙན་ངག
ཕོ་སེམས་ཤོར་བའི་མཛེས་མ་མིན་ཀྱང་།
རང་སེམས་འགྲོ་བའི་གཏན་གྲོགས་ཡིན།
ངའི་སྙན་ངག
གངས་སྟོད་འགྲིམས་པའི་སེང་གེ་མི་ཀྱང་།
ང་རང་ལ་མཁོ་བའི་སྒོ་ཁྱི་ཡིན།
ངའི་སྙན་ངག
བླེག་བམས་ལ་འཇོག་བའི་རི་ཐང་མེད་ཀྱང་།
ཀ་མད་སུམ་ཅུའི་གོམ་སྒྲ་ཡིན།
ངའི་སྙན་ངག
གཟིམ་ཆུང་ལ་བཤམས་པའི་སྐུ་ཐང་མིན་ཀྱང་།
ངའི་ཐོག་སྟེང་གི་དར་ལྕོག་ཡིན།
ངའི་སྙན་ངག
མི་སྣ་འཛོམས་པའི་གྲོང་ཁྱེར་མིན་ཀྱང་།
ང་རང་ཁུ་སིམ་ལ་འདོད་བའི་རི་གྲོང་ཡིན།
ངའི་སྙན་ངག
ཞོགས་ཀའི་ཉིན་གཞོན་མིན་ཀྱང་།
དགོང་ཁའི་མཚམས་སྤྲིན་ཡིན།