ཆབ་མདོ་ངག་ཕུན།
ངའི་ནམ་ཡང་བརྗེད་ཐབས་མེད་པ་ནི།
སྐྱེད་མའི་ལུས་ཐོག་ལ་དཀའ་སྡུག་གང་ཞིག་འཕྲད་ཀྱང་།
ད་དུང་སུན་སྣང་དང་། འགྱོད་གདུང་སྤུ་ཙམ་མེད་པའི་འཛུམ་མདངས་དེ་རེད།
དྲིན་ཅན་གྱི་སྐྱེད་མ་ལགས།
གངས་ལྗོངས་ཀྱི་ཕ་ས་ཡོངས་རྫོགས་དར་དམར་གྱིས་བཙན་གྱི་གཡོག་ཅིང་།
གངས་རི་དཀར་པོ་ཡོངས་རྫོགས་ཁྲག་དམར་ལ་བསྒྱུར་དུས།
སྐྱེད་མ་ཁྱེད་ལ་ལོག་སྤྱོད་པའི་ཞྭ་མོ་ནག་པོ་བཙན་གྱིས་གཡོག་ཅིང་།
ད་དུང་དེ་ལས་ག་ལ་ཚད།
ཟླ་བོ་ལ་ཡང་མ་ཉེས་ཁག་གཡོགས་ཀྱིས་ལོག་སྤྱོད་པའི་ཞྭ་མོ་ནག་པོ་བཙན་གྱིས་གཡོག་ཅིང་འཐབ་འཛིང་དང་།
བརྙས་བཅོས་དང་དམའ་འབེབས་སོགས་ཀྱི་ལུས་ཐོག་ལ་ཐོག་ཆར་དྲག་ཏུ་ཕབ་ཅིང་།
གཏམ་ལ་མདའ་མོ་མེད་ཀྱང་མི་སྙིང་དུམ་བུ་བཏང་ཟེར་བའི་གཏམ་དེ་ཅི་མ་བདེན།
ལུས་ཐོག་ལ་བྱ་རྒོད་ཤ་ལ་རུབ་ལྟར་རྡུང་རྡེག་བཏང་།
དེ་འདྲ་སྙིང་རྗེ་མེད་པའི་མི་ཚོགས་འགའ་མ་རེད་དམ།
དྲིན་ཅན་གྱི་སྐྱེད་མ་ལགས།
ཁ་རྗེ་དབང་ཐང་ཡོངས་རྫོགས་གཞུང་བཞེས་བཏང་སྟེ།
ཐ་ན་ནང་ལ་ཕོར་པ་ལས་མེད་པ་བཟོས།
ཡིན་ན་ཡང་། ད་དུང་སུན་སྣང་དང་སྡུག་ཡུས་མེད་པར་ཨ་མས་བུ་ཕྲུག་རྣམས་བརྩེ་བས་བསྐྱངས།
དྲིན་ཅན་གྱི་སྐྱེད་མ་ལགས།
ཞལ་ནས་མ་ཎི་ཚིག་རྐང་གཅིག་ཀྱང་འདོན་མི་ཆོག་པའི་ལོ་ཟླ་ནག་པོ་དང་།
རང་རེའི་ཀླད་མེད་ཡར་ཐོན་ལ་རློམ་མཁན་འགས།
ཁྲོ་གཉེར་གྱིས་རྣམ་འགྱུར་སྟོན་ཞིང་།
སྤྱང་ལྟོག་ཤ་ལ་རུབ་ལྟར་རྡུང་།
དྲིན་ཅན་སྐྱེད་མ་གཡས་དུད་གཡོན་དུད་བྱས་ཀྱང་།
ད་དུང་ཉམས་སྣང་ཙམ་ཡང་མེད་པའི་འཛུམ་གཉེར་གྱི་བསུ་བར་བྱེད།
རང་ལ་གནོད་པ་བྱེད་མཁན་ལ་འཛུམ་གྱིས་བསུ་བ་ནི།
གཟི་བརྗིད་མ་རེད་དམ།
དྲིན་ཅན་གྱི་སྐྱེད་མ་ལགས།
ཀླད་མེད་ཡར་ཐོན་པ་དེ་ཚོ།
བོད་རིགས་སྤུན་ཟླ་ཡིན་པ་བརྗེད་དེ།
སོ་སོ་སུ་ཞིག་གི་བེད་སྤྱོད་བྱེད་ཀྱི་ཡོད་པ་མི་ཤེས་མཁན་གྱི་བླུན་པོ་ལས་གཞན་ཅི།
ནང་ཁུལ་དགྲ་བོ་མདངས་མར་ངོས་འཛིན་གྱིས་ཉེས་རྡུང་དྲག་པོ་བཏང་།
དེ་འདྲའི་ཐབས་སྐྱོའི་གནས་སྟངས་ཤིག་མ་རེད་དམ།
ང་ནི་མི་ཚོགས་ཀྱི་དཀྱིལ་ལ་མགོ་བོ་སྒུར་ཏེ་བསྡད་རྒྱུ་ལས་ཅི་ཡང་མི་ནུས།
སྐབས་དེའི་སེམས་ངོགས་ཀྱི་རྨ་ཁ་དེ།
ལོ་དང་ཟླ་བ་སོང་ཡང་སེམས་ནས་གསོས་ཐབས་གཏན་ནས་མི་འདུག།
དྲིན་ཅན་གྱི་སྐྱེད་མ་ལགས།
ཁྱེད་ལ་མི་ཚོས་དེ་ཙམ་མནར་གཅོད་བཏང་ཡང་། ད་དུང་སྐྱེད་མ་ལ་སུན་སྣང་དང་། ཁྲོ་གཉེར་ལས་ཡོངས་སུ་ཟློག་སྟེ།
ཞལ་རས་ལ་འཛུམ་མདངས་འཕྱུར་བཞིན་གནས།
དངོས་གནས་ཁྱེད་ནི་གངས་ལྗོངས་ཀྱི་མཛངས་མ་ཞེས་བརྗོད་ན་མི་ཆོག་རྒྱུ་ཅི་ཞིག་ཡོད་སྙམ།
དྲིན་ཅན་གྱི་སྐྱེད་མ་ལགས།
སྐྱེད་མ་མི་ཚོགས་དཀྱིལ་ལ་དྲན་མེད་དུ་བརྒྱལ།
འདུ་ཚོགས་ཀྱང་རིམ་གྱིས་གྲོལ་རྗེས་ང་ནི་ཚམ་ཚོམ་མེད་པའི་ཨ་མ་ལག་པ་ནས་བཟུང་ཞིང་ས་ནས་འཐེན།
མཁུ་ཚོན་གཡས་གཡོན་ནས་མིག་ཆུ་ཕྲེང་རྡོག་ཆད་པ་ལྟར་སར་ཟགས་པ་དང་།
ཨ་མས་བུ་ཆུང་མིག་ཆུ་མ་གཏོང་།
སྐྱེ་བ་སྔོན་མའི་ལས་འབྲས་ད་ལྟའི་ལུས་ཐོག་འདིར་སྨིན་པ་ཡིན་རྒྱུ་རེད་ཟེར།
བུ་ཆུང་སེམས་སྡུག་གཏན་ནས་བྱེད་མི་ཉེས་གསུང་ཞིང་།
ངའི་མགོ་ལ་བྱིལ་བྱིལ་ཐེངས་མང་བྱས་པ་དང་།
ངའི་སེམས་ནང་བདེ་བའི་འོད་སྣང་རེ་སྦྱིན་འོང་།
ཀྱི་ཧུད། སྐྱེད་མ་ལགས། ཁྱེད་ཉིད་ཕྱི་མའི་ལམ་དུ་གཤེགས་ཀྱང་ཁྱེད་ཀྱི་བསླབ་བྱ་རྣམས་བུ་ངས་སེམས་གཏིང་དུ་ཉར་བཞིན་ཡོད།
དྲིན་ཅན་གྱི་སྐྱེད་མ་ལགས།
ཁྱེད་ཉིད་བསྙུང་དུས་སྨན་ཆུ་ཕོར་གང་བླུགས་མ་ཐུབ་པ་དེ།
བུ་ང་བློ་འགྱོད་ཧ་ཅང་ཆེ། ཡིན་ནའང་ལས་དབང་གི་བསྐོས་ཐང་ལ་ཟློག་ཐབས་ཅི་ཞིག་ཡོད།
དྲིན་ཅན་གྱི་སྐྱེད་མ་ལགས།
དེང་སྐབས་དངོས་གནས་ཧ་ཅང་དྲན་གྱིན།
ཁྱེད་ཀྱི་བརྩེ་སེམས་ནི་ཡུལ་ཕྱོགས་གང་དུ་ཕྱིན་ཡང་མ་རྙེད།
དྲིན་ཅན་གྱི་སྐྱེད་མ་ལགས།
ཁྱེད་དངོས་གནས་དྲན་གི།
དེ་རིང་(༢༠༡༥/༩/༢༦)ཉིན་མོར་ཞོགས་པ་བརྙན་དཔར་ཞིག་ལས་རྐྱེན་བྱས་ཏེ་སྐྱེད་མ་དྲིན་ཅན་དྲན་ནས་མྱུར་སྟབས་སུ་རྗེས་དྲན་ཚུལ་དུ་བྲིས་པ་ཞིག་ཡིན་པས་སོ།