མྱི་ལྟིག
—ཆུང་དུས་གོ་སྐབས་མ་རེག་ཅིང་ན་ནིང་གཞིས་ནིང་འདྲོགས་ཤིང་ཁ་སང་དེ་རིང་ཉེ་བར་བཅར་བཞིན་པའི་སྨན་ཤར་ཞིག་ལ།
ཀ་མད་སུམ་ཅུའི་སྦྱོར་བ་བསྒྲིགས་ནས་ཁྱོད་ཀྱི་གཤིས་ཀར་མ་བསྔགས་ལ།།
ཁ་ཡག་ཚིག་གི་ལྷན་པ་བརྒྱབ་ནས་ཁྱོད་ཀྱི་སེམས་རྒྱུད་མ་གཏོར་མོད།།
ག་པར་སོང་ཡང་སེམས་ཀྱི་གཏིང་ན་ཁྱོད་ཀྱི་འཇོ་སྒེག་ལྡེམ་པ་འདི།།
ང་རང་ཉིད་ལ་དམ་པར་འཁྱུད་པའི་ཡིད་ཀྱི་རང་མདངས་མིན་ནམ་ཅི།།
ཅ་ནེ་བཟུང་བའི་ཁ་མདོག་དེ་དུས་ཁྱོད་ཀྱི་མིང་བྱང་གཟན་སྣེར་འབྱར།།
ཆ་ལུགས་གཅིག་པའི་ལོ་ངོ་དེ་ལ་ཁྱོད་ཀྱི་རུམ་ཁ་གཞན་གྱིས་འཐེན།།
ཇ་རྐྱང་ཞིག་གིས་སེམས་ཁ་གསོ་ཞོར་ཁྱོད་ཀྱི་མིང་ནས་བོས་ནའང་།།
ཉ་མ་ཁྱོད་ལ་རོགས་ཤིག་འདུག་པས་ཨ་ལན་གཏན་ནས་གོ་མ་ཐུབ།།
ཏ་ཀུ་དབྱུག་པ་བརྟེན་ལ་རན་ནས་གོམ་ཁ་འཁྱར་འཁྱོར་མ་ལོན་བར།།
ཐ་མག་འབུམ་གྱི་ཚེ་སྲོག་སྒྲོན་ཞོར་ཁྱོད་ཀྱི་གྲིབ་མར་ཅེར་རྒྱུ་ཡིན།།
ད་དུང་དེ་རིང་ཁྱོད་གཟུགས་སྒོམ་ནས་སྔར་བཞིན་མལ་ན་འཕགས་ཀྱིན་དུ།།
ན་སོ་ཉེར་ལྔའི་གོང་ཁར་འབུད་ནས་ཁྱོད་ལ་སྒུག་པ་མི་མཚར་རམ།།
པ་ཏྲ་ཞིག་གིས་སེམས་པ་བཟོས་ཏེ་ཁྱོད་ཀྱི་ཕྱོགས་སུ་སྤུར་དང་ན།།
ཕ་ལམ་ཞིག་གི་བསམ་པ་བཟུང་སྟེ་དམར་པོ་སེམས་སུ་སྦས་ཆོག་གམ།།
བ་མ་ཞིག་ལས་ཁྱིམ་ཆས་མེད་སའི་བས་མཐའི་རི་སུལ་འདི་ཕྱོགས་ནས།།
མ་ལོ་དྲན་ཞོར་སེམས་པའི་ཕུག་ན་ཁྱོད་ལས་ཡོད་ན་མནའ་ཞིག་བསྐྱལ།།
ཙ་ཡུས་གྲོགས་པོའི་ལབ་གླེང་གསེབ་ནས་སྡུག་གི་ཉི་མ་གཏུབ་ནའང་།།
ཚ་བུན་ཆེ་བའི་སེམས་པ་དམར་པོས་ཁྱོད་ལ་སྣ་ཁུག་ཁ་འཐེན་བྱེད།།
ཛ་ཧུའི་བུ་མོའི་བཞུར་རྒྱུན་དེ་ནི་ཁྱོད་ལ་བཅིངས་པའི་སེམས་རྒྱུན་ཡིན།།
ཝ་ལེ་ཝལ་ལེར་སེམས་སུ་གཡོ་བ་སྙིང་གི་ཁྱོད་མིན་སུ་ཞིག་ཡིན།།
ཞ་བོ་ཞ་ར་གང་མིན་བསམས་ན་ལན་རེརཁྱོད་ལ་སྙིང་ཡང་ལངས་།།
ཟ་བེ་ཟོ་བེ་ཡིན་པ་བདེན་མོད་བརྩེ་བ་རྣམ་དག་ལྷད་མེད་ཡིན།།
འ་ཆད་འུ་ཐུག་འགྱེལ་རེག་བར་དུ་ཁྱོད་ཀྱི་གྲིབ་མ་གཏོང་རྒྱུ་མིན།།
ཡ་རབས་བུ་མོ་ཐུགས་རྒྱལ་མ་བཞེངས་ད་དུང་རྗེས་ཕྱོགས་འབོད་ཀྱི་ཡིན།།
ར་ལུག་འཚོ་ཞོར་འབྲོག་ཏུ་འདུག་ན་ཁྱོད་ཀྱི་འདོད་པ་ལོས་སྐོང་ལ།།
ལ་རྒྱབ་འདི་རུ་འདུག་འདོད་མེད་ན་ཡུལ་དུ་སོང་ན་ལོས་ཀྱང་ཆོག།
ཤ་དར་ཁྲག་དར་གཉི་ཀ་ཡིན་པས་འཇིག་རྟེན་འཁོར་བར་སྐྲག་དགོས་སམ།།
ས་ཕྱོགས་འདི་ནས་ང་དང་ཁྱོད་གཉིས་ལས་ཀྱིས་འཛོམས་པ་ལྷོད་ཀྱི་མིན།།
ཧ་ལམ་ཁྱོད་ཀྱང་ཅི་བཤད་ཡིན་པས་ང་རང་གཏན་དུ་འགྱོད་མི་སྲིད།།
ཨ་རོགས་ཁྱོས་ཀྱང་ངའི་སེམས་ཤེས་པས་ང་དང་རྒྱང་ལ་གྱར་མི་སྲིད།།
ཧ་ཅང་ཟབ་པའི་བརྩེ་བའི་ཀློང་ནས་འུ་གཉིས་གཏན་དུ་འབྲལ་མི་སྲིད།།
ཨ་ཉོག་ཅིག་ལ་རེ་བ་བཏེགས་ཏེ་དམ་པོའི་ལག་འཇུ་གློད་མི་སྲིད།།
ཧཧཧཧཧཧཧཧ
དཀའ་ལས་འདི་ཚོད་བརྒྱབ་ན་ཡང་། །
ཁ་འཇམ་འདི་འདྲ་བཤད་ན་ཡང་། །
ག་དུས་ཁྱོད་དང་འཕྲད་དུས་ཡོད། །
ངའི་སྙིང་དམར་པོ་འདི་ཟོས་ཀྱང་། །
ཞྭ་ལྟར་བཀུར་ཡང་མི་ཉན་ན། །
ཟླ་བ་སྒྲོན་མ་མོ་རང་འདོམས། །
འ་ཆད་འུ་ཐུག་དགོས་དོན་མེད། །
ཡ་མེད་ཟླ་སྒྲོན་དགོད་ལ་སོམས། །