གླིང་ཚ་ཚེ་བརྟན་རྡོ་རྗེ།
ངའི་ཤ་ཁྲག་གི་རྒྱུད་དུ་གཏོགས་པའི་གཅེས་ཕྲུག་བུ་མོ་ཐར་མ་མཚོ་དང་བུ་ཆུང་ཁ་བའི་ལྷ་སྲས་གཉིས། ཁྱེད་གཉིས་དྲིན་མ་ལོའི་བྱམས་བརྩེའི་འོག་བདེ་ཐང་དང་བཅས་འཚར་ལོངས་བྱུང་བཞིན་པ་གཞིར་བཅས། ཨ་ཕ་ངས་ཁྱེད་མིང་སྲིང་གཉིས་ལ་འཚམས་འདྲི་ཞུ། ཨ་མས་ཡི་གེར་ཕབ་ཞིང་ཁྱེད་གཉིས་ཀྱིས་ཨ་ཕ་ང་དྲན་པའི་སྐོར་ཡང་ཡང་ཐོས་སྟབས། ཨ་ཕ་ངས་ཁྱེད་གཉིས་ལ་སྐད་ལན་དུ་འཕྲིན་ཡིག་འདི་ཡི་གེ་བྲིས་པ་ཡིན། ཨ་ཕ་ང་། ཕལ་ཆེར་ཁྱེད་ཀྱི་སར་ཕྱིར་ཡོང་ཐུབ་རྒྱུའི་ཉིན་མོ་ཞིག་ཡོད་ཁག་པོ་ཡིན་པས་ཨ་མའི་ཁ་ལ་ཉོན། ཁྱེད་གཉིས་ཀྱིས་ཕན་ཚུན་ལ་བྱམས་པོ་བྱོས།
ཨ་ཕ་ང་ཅིའི་ཕྱིར་ཕྱིར་ཡོང་མ་ཐུབ་པ་རེད་ཟེར་ན། ཁྱེད་གཉིས་ལས་ལྷག་པའི་བུ་ཕྲུག་ཁྲི་སྟོང་མང་པོ་ཕ་མ་གཉིས་དང་ཁ་གྱེས་ཤིང་རང་ཡུལ་ཙམ་ངོ་ཤེས་པ་ཕར་ཟད། ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་རྨི་ལམ་ལ་ཡང་རྨིས་དཀའ་བའི་གནས་སྟངས་ཁྲོད་ལུས་པའི་དྭ་ཕྲུག་དེ་དག་གིས་རང་གི་ཕ་མ་དང་ཉེ་དུ་ངོ་འཕྲད་པའི་ཆེད་དང་། དེ་དག་ལ་རང་གི་ཁྱིམ་ཞེས་ལོགས་སའི་ཡུལ་ཞིག་ཡོད་པ་དེར་འབྱོར་ཐབས་སུ་འབད་ཀྱི་ཡོད་པས་ཡིན། ཨ་ཕ་ངས་ཁྱེད་གཉིས་དེ་དག་དང་མི་འདྲ་བར་ལས་ངན་ནང་གི་ལས་ཅན་ཡིན་པར་ཡིད་ཆེས་བྱས་ཡོད་ལ། མ་ལོའི་ཁྱིམ་དང་ཉེ་དུ་སོགས་ཁྱེད་གཉིས་ཀྱིས་རང་དབང་གི་ཐུག་འཕྲད་དང་གླེང་མོལ་བྱེད་ཆོག་པ་ཡིན་པ་སོགས། ཁྱེད་གཉིས་ལ་ཨ་ཕ་ངས་འབད་བརྩོན་བྱེད་བཞིན་པའི་དྭ་ཕྲུག་ཁྲི་སྟོང་མང་བོའི་སྡུག་བསྔལ་སྐྱོབས་ཆེད་དུ། ཨ་ཕ་ང་དང་ཐུག་འཕྲད་དང་ཨ་ཕའི་བྱམས་སྐྱོང་མ་ཐོབ་ཀྱང་། འཇིག་རྟེན་ན་འགྲན་ཟླ་བྲལ་བའི་དྲིན་མ་ལོའི་བརྩེ་བའི་བཅིངས་ཡོད་སྟབས། ཕ་རྒན་ངས་ཁྱེད་གཉིས་མ་འོངས་པར་བྱིས་པ་ཡ་རབས་གཉིས་དང་འགྲོ་བ་མིའི་མི་སྤུས་ལེགས་པའི་མིང་སྲིང་གཉིས་ཡོང་རྒྱུར་རེ་བ་དང་ཡིད་ཆེས་ཡོད།
གཅིག་བྱས་ན། ང་ཚོ་ངོ་རེ་འཕྲད་སྲིད་ཀྱང་། ཨ་ཕ་ང་ཕ་རྒན་གཞན་དག་དང་འདྲ་བར་ཁྱེད་གཉིས་ཀྱི་གམ་ནས་ཉིན་མཚན་མེད་པར་བསྡོད་པའི་དུས་ཚོད་མེད་པ་དང་ཡོད་པ་ཞིག་བྱེད་རྒྱུའི་དབང་ཚད་དེ་ཡང་སྔ་ས་ནས་དྭ་ཕྲུག་ཁྲི་སྟོང་མང་པོ་ཕ་མེད་མ་མེད་དུ་གྱུར་ཚར་བ་དང་འགྱུར་བཞིན་པའི་དཀའ་སྡུག་ལ་བསམ་ནས། ཁྱེད་གཉིས་ཨ་མ་དང་ལྷན་དུ་མི་སྐྱུར་ཐབས་མེད་བྱུང་བ་ཡིན་པས། ཨ་ཕ་ངས་ཁྱེད་གཉིས་ལ་དགོངས་དག་ཞུ། གཅིག་བྱས་ན། ཁྱེད་གཉིས་ཆེན་པོ་ཆགས་རྗེས། ཨ་ཕ་ངས་གདམ་པའི་ལམ་ཁ་འདི་ལ་ཡིད་སྨོན་མ་བྱས་ཀྱང་འཁང་ར་མེད་པ་ཞིག་ཏན་ཏན་ཆགས་ངེས་ཡིན། བུ་ཕྲུག་ཁ་ཤས་ཤིག་དུས་དེ་རིང་ཐ་ན་རང་གི་ཕ་མ་གང་རུང་ལ་སྐད་ཆ་ཙམ་དང་ཐུག་འཕྲད་ཙམ་བྱེད་འདོད་ཀྱང་། འཇིག་རྟེན་ན་གསོན་པོར་གནས་མེད་པའི་དཀའ་སྡུག་མྱོང་བཞིན་ཡོད་པ་མ་ཟད། ཕ་མིང་མ་མིང་ཙམ་ཡང་བཤད་རྒྱུ་མེད་པའི་དྭ་ཕྲུག་བྱུང་དང་འབྱུང་བཞིན་པ་འདི་དག་གི་དཀའ་ངལ་བརྗོད་ལས་འདས་པ་དག་མུ་མཐུད་དུ་བུ་ཕྲུག་གཞན་དག་གི་མགོ་ཐོག་ཏུ་མི་འོང་ཆེད། ཨ་ཕ་ང་ཁྱེད་གཉིས་ཀྱི་སར་ཡོང་ཁོམ་མེད་པར་དེ་ཡི་ཆེད་དུ་ལས་ཀ་ཚར་རྒྱུ་མེད་པ་ཞིག་བྱེད་དགོས་པ་ཡིན་དུས། ཁྱེད་གཉིས་ཀྱིས་ཨ་མའི་ཁ་བླང་། ཚིག་བརྩིས་ཏེ་ཨ་མ་རྒན་མོ་དང་ཉེ་དུ་སོགས་ལ་བརྩི་བཀུར་ཡོད་པའི་བྱིས་པ་གཉིས་ཆགས་ཐུབ་པ་བྱོས་ཤིག མཚམས་རེར་ཨ་ཕ་ངས་ཁྱེད་གཉིས་ལ་ལག་སྐྱེས་རེ་སྐུར་བསམ་ཡང་། ད་ལྟ་ཨ་ཕ་ང་ལ་དབང་བའི་སྒེར་དངུལ་གང་ཡང་མེད་པ་དང་གང་ཡོད་པ་དེ་དག་དྭ་ཕྲུག་ཏུ་ལུས་པ་དང་ལུས་བཞིན་པ། ལུས་སྲིད་པ་དེ་དག་སྐྱོབས་ཆེད་དུ། མི་གཞན་གྱིས་གནང་བའི་ཞལ་འདེབས་རྐྱང་རྐྱང་ཆགས་ཡོད་པ་དེ་དག་གི་ཁྲོད་ནས་སྒེར་དོན་ལ་གཏོང་ཐབས་མེད་པ་རེད། དེ་ཡིན་དུས་ཨ་ཕ་ངའི་སེམས་ལ་བསམ་ཡང་ལག་འགུལ་མི་ཐེབས་པའི་བྱ་སྤྱོད་འདི་ལ་སྙིང་ཐག་པ་ནས་དགོངས་དག་ཞུ།
ཁྱེད་གཉིས་ཀྱིས་ཨ་མ་ལ་“ལག་སྐྱེས་འདི་དགོས། གན་དགོས་མ་ཟེར”ཨ་ཕ་ཡོད་དུས་དང་མི་འདྲ་བར། ཨ་མས་ཁྱེད་གཉིས་ལ་བལྟ་སྐྱོང་བྱེད་དགོས་དུས་ལས་ཀ་བྱེད་ཐུབ་བྲལ་བས། དངུལ་ཡོང་ས་མེད་པ་ཡིན་སྟབས། བྱིས་པ་གཞན་ལ་ཐོབ་པ་ཚང་མ་ཁྱེད་གཉིས་ལ་ཐོབ་ཐབས་མེད་པ་སེམས་ལ་ཟུངས། ལྷག་པར་དུ་ད་ལྟ་ཁྱེད་ཚོ་མ་བུ་གསུམ་ཨ་མ་རྒན་མོའི་དྲིན་ལ། ཁང་གླ་དང་ཟས་རིན་ཆོད་ཙམ་ཡོད་པ་དེ་ཤེས་དགོས། དེའི་ཕྱིར་ཁྱེད་གཉིས་ཀྱིས་ཕ་མ། ཨ་ཕ་ག་དུས་ལོག་ཡོང་གི་རེད། ངེད་གཉིས་ལ་ཨ་ཕ་དགོས་མ་ཟེར། ཨ་མ་ནི་ཁྱེད་མིང་སྲིང་གཉིས་ཀྱི་ཕ་མ་གཉིས་ཀྱི་ཚབ་ཡིན་ལ། དེ་བཞིན་དུ་གུས་བརྩི་དང་དྭང་ལེན་བྱེད་དགོས་པ་རེད། ཨ་ཕ་ང་ཁྱེད་གཉིས་ལ་བརྩེ་བ་ཟབ་མོ་ཡོད་པ་གཏན་ནས་རྫུན་མ་མིན་པ་ཤེས་པར་གྱིས་ཤིག
ཨ་ཕ་ཁྱེད་གཉིས་ཀྱི་ལོ་ཟླའི་ནང་མེད་པའི་སར། ཁྱེད་གཉིས་ཀྱིས་ཨ་མ་ལ་སུན་པོ་མི་བཟོ་བར་ཁ་ལ་ཉན་ནས། ཨ་མ་ནི་ཨ་ཕ་ང་ལ་ཧ་ཅང་བརྩེ་བ་དང་ཁྱེད་གཉིས་ལ་དེ་བས་ཀྱང་བརྩེ་བའི་གནམ་འོག་འདིའི་ཨ་མ་རླབས་ཆེ་བ་དང་བཟང་ཤོས་ཤིག་ཡིན་པ་ཤེས་རྒྱུ་དང་། ཨ་ཕ་ངའི་ལུས་པོ་ཁྱེད་གཉིས་ཀྱི་སར་གནས་མ་ཐུབ་ཀྱང་། ཨ་ཕ་ངའི་སྨོན་འདུན་དང་རེ་བ་ཚང་མ་ཁྱེད་གཉིས་དང་སྐད་ཅིག་དང་མ་བྲལ་བར་གསོན་པོར་གནས་ཡོད་པ་སེམས་སུ་འཛིན་དགོས། ལྷག་པར་དུ། ཨ་ཕ་ང་གནས་ངེས་མེད་འགྲིམ་ནས་དྭ་ཕྲུག་ཁྲི་སྟོང་དུ་གྱུར་ཟིན་པ་དང་གྱུར་བཞིན་པ། འགྱུར་སྲིད་པ་དེ་དག་གི་ཆེད་དུ། ཁྱེད་མ་བུ་གསུམ་གྱི་དཀའ་ངལ་ལས་བརྒྱ་འགྱུར་སྟོང་འགྱུར་གྱི་འཚོ་བ་མི་ཉུང་བ་ཞིག་ལ་སོང་ཟིན་པ་ལས་འགྲོ་རྒྱུ་མང་བ་ད་དུང་རྗེས་སུ་ལུས་ཡོད་སྟབས། ཨ་ཕ་ང་ཁྱེད་གཉིས་ཀྱི་སར་ཡོང་ནས་གཅེས་ཕྲུག་གཉིས་ཟེར་བཞིན་ཁྱེད་གཉིས་ལག་འགོར་ཁྲིད་པ་དང་བྱམས་སྐྱོང་བྱེད་པའི་དུས་ཚོད་རྫོགས་ཟིན་པ་དེར་དགོངས་དག་ཞུ།
ཨོ་རེད། ངས་འདི་ནས་དྭ་ཕྲུག་དྭ་ཕྲུག་ཞེས་བཤད་དུས། ཁྱེད་གཉིས་ཀྱིས་དྭ་ཕྲུག་དེ་འདྲའི་མང་པོ་ཞིག་ཅིའི་ཕྱིར་བྱུང་བར་སྙམ་སྲིད། དེ་ནི་ཆེས་ཚད་མཐོ་བའི་མིའི་“རང་དབང་”ཞེས་པ་དེ་རྩ་བྲལ་དུ་སོང་བའི་ཉེར་ལེན་གྱིས་ཕ་མེད་མ་མེད་ཀྱི་དྭ་ཕྲུག་བཟོ་བཞིན་ཡོད་པ་ལས། ཨ་ཕ་ངས་ཁྱེད་གཉིས་རང་དབང་ཡོད་ས་ནས་སྐྱུར་བ་དང་མཚུངས་བསྡུར་ཐབས་མེད་པ་ལས་བྱུང་གི་ཡོད་པ་རེད། ཁྱེད་མིང་སྲིང་གཉིས་ཕ་མེད་དྭ་ཕྲུག་ལྟ་བུ་ཞིག་ཏུ་གྱུར་ཡོད་ཀྱང་། ཕ་ལོ་ང་ད་ལྟ་གསོན་པོར་འཚོ་ཡོད་ལ། དྭ་ཕྲུག་ཆེས་མང་པོ་ཞིག་གི་ཕ་ལོ་མ་ལོ་ཞེས་གསོན་འོག་ལ་གནས་མེད་པ་རེད། ཨ་ཕ་ང་བློ་བདེ་བོའི་ངང་ནས་དྭ་ཕྲུག་ཁྲི་སྟོང་མང་པོའི་ཕ་མར་འཕྲད་པ་དང་དེ་ལས་མང་བ་དྭ་ཕྲུག་མི་འགྱུར་བ་དང་ཁྱིམ་ཞེས་ལོག་ས་ཞིག་བཟོ་ཆེད། སེམས་ལ་ཞུམ་པ་མེད་པར་འགྲོ་བཞིན་ཡོད་ལ། དེ་བས་ཀྱང་བློ་བདེ་བོའི་ངང་བྱ་བ་འདིར་བརྩོན་ཐུབ་པ་ནི། ཁྱེད་མིང་སྲིང་གཉིས་ལ་གནམ་འོག་ན་དཀོན་པའི་ཨ་མ་བཟང་བོ་ཞིག་དྲུང་དུ་འཚོ་ཡོད་པས་ཡིན།
ད་དུང་། ཁྱེད་གཉིས་ལ་ཨ་མའི་རྒྱལ་ཁབ་དང་ཁྱེད་གཉིས་ཀྱི་རྒྱལ་ཁབ་ཏུ་འབོད་དགོས་པའི་རྒྱལ་ཁབ་དང་མི་རིགས་ཀྱི་གསོ་སྐྱོང་དང་འགན་འཁྲིའི་ལག་ལེན་བྱ་བཞག་ཡག་པོ་ཞིག་ཡོད་སྟབས། ཨ་ཕ་ང་སེམས་བདེ་མོའི་ངང་དྭ་ཕྲུག་སྟོང་ཕྲག་མང་བོར་གྱུར་ཟིན་པ་དང་འགྱུར་བཞིན་པ། གྱུར་སྲིད་པ་དག་གི་ཆེད་དུ་སུ་ལའང་འཇིགས་པ་མེད་པར། བདེན་དོན་འདི་རྒྱུན་སྐྱོང་བྱེད་ཐུབ་ཀྱི་ཡོད། ཁྱེད་མིང་སྲིང་གཉིས་ལ་ཕ་མེད་མ་མེད་གཏན་བྲལ་གྱི་འཇིགས་པ་དང་ཡོངས་སུ་བྲལ་ཡོད་པ་དང་། ཨ་ཕ་ང་འོང་སའི་བོད་ཅེས་པའི་མི་རིགས་འདིའི་བུ་ཕྲུག་ཆེས་མང་བོ་ཞིག་ལ། དྭ་ཕྲུག་གི་འཇིགས་པ་ནམ་ཡོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། དུས་དེ་རིང་ཡང་འགྱུར་བཞིན་པ་མི་ཉུང་བ་ཞིག་ཡོད། ལྷག་པར་དུ། ཞོགས་པ་ཕ་མ་གཉིས་བདེ་ཐང་ཡིན་ཡང་། ཕྱི་དྲོ་ཕ་ཡོད་ན་མ་མེད་པ་དང་། མ་ཡོད་ན་ཕ་མེད་པའི་གནས་ཚུལ་སོགས། མིའི་བློ་སེམས་ལ་དྲན་དཀའ་བའི་དོན་དག་མང་བོ་ཞིག་བྱུང་གི་ཡོད་པ་རེད།
ད་ཨ་ཕ་ངས་མང་བོ་མི་བཤད། བཤད་ཀྱང་ཁྱེད་མིང་སྲིང་གཉིས་ཀྱིས་མི་སྐད་སྨྲ་ཤེས་པའི་ལུས་བླང་དེ་ལོ་ངོ་ཧ་ཅང་ཐུང་ལ། གཅིག་བྱས་ན། ཨ་མས་ཁྱེད་གཉིས་ལ་གནས་ཚུལ་འདི་དག་དྲང་མོར་བཤད་པའི་སྤོབས་པ་མེད་པར། ཁྱེད་གཉིས་ཆེན་པོ་ཆགས་རེག་བར་དུ། ཨ་ཕས་བྲིས་པའི་འཕྲིན་འདིའི་ནང་དོན་ཤེས་རྒྱུ་ཕར་ཞོག འཕྲིན་ཡིག་འདི་ཀློག་པར་ཉན་ཐུབ་མིན་ཡང་མི་ཤེས་སྟབས། འདི་ནས་མཚམས་འཇོག
ཨོ་རེད། ཁྱེད་གཉིས་ཀྱིས་ཨ་ཕ་དྲན་བཞིན་ཡོད་པ་ལྟར་ཨ་ཕས་ཁྱེད་གཉིས་དྲན་པ་མང་ལ། བྱིས་པ་རིག་ཚད་ཀྱི་སྐབས་ལ་ཁྱེད་གཉིས་དྲན་གྱི་ཡོད། ལྷག་པར་དུ་ཁྱེད་གཉིས་ཀྱིས་ཕ་རྒན་མཐོང་ཚད་ལ་ཨ་ཕ་ཞེས་འབོད་འདོད་པའི་ཚོར་བ་བཞིན། ཨ་ཕ་ངས་བྱིས་པ་མཐོང་ཚད་ལ་གཅེས་ཕྲུག་གཉིས་ཞེས་འབོད་འདོད་ཀྱང་། དེ་ནི་ཡོང་ཐབས་མེད་པ་ཞིག་ཡིན་པ་ཤེས་པ་ལྟར། ཁྱེད་མིང་སྲིང་གཉིས་ཀྱིས་ཀྱང་དེ་ལྟར་བསམ་བློ་བཏང་ནས་ཨ་མ་ལ་དཀའ་ངལ་ཐོལ་བ་དང་འཁང་ར་མ་བྱེད། གལ་སྲིད། ཁྱེད་གཉིས་ཀྱི་སར་ཨ་ཕ་ང་མེད་པའི་ནོར་འཁྲུལ་ཞིག་བཙལ་དགོས་ཚེ། ནོར་འཁྲུལ་དེ་ཨ་ཕ་ང་ལ་ཡོད་པ་ལས་ཨ་མ་ལ་གཏན་ནས་མེད་པ་ཡིན། ངའི་གཅེས་ཕྲུག་ཁྱེད་གཉིས་མཇུག་མཐར་སེམས་གཏིང་ནས་དགོངས་དག་དང་བཅས། ཚེ་རིང་ལོ་བརྒྱ། ཁ་དྲོ་བཀྲ་ཤིས་། ནད་མེད་བདེ་ལེགས་འོང་བ་དང་ཨ་མའི་སེམས་གཏིང་གི་གཅེས་ཕྲུག་ནས་འགྲོ་བ་མིའི་གཅེས་ཕྲུག་མིང་སྲིང་གཉིས་ལ་འགྱུར་བར་སྨོན།
ཕ་ལོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་བལ་ཡུལ་བཙོན་ཁང་དུ་༡༡།༡༡།༡༢ལ།
གྲོགས་པོ་ལགས། དེ་རིང་ཁྱོད་དགྲ་དར་མ་ཕྱར་བར་ཕེབས་པ་ལ་ངོ་མས་ཅིག་དགའ་ནི་ཡིན། སྔོན་མར་ངས་ཁྱོད་ལ་ཁ་ངན་ཚིག་ངན་མང་ཙམ་ཞིག་ཤོར་ཡོད་པ་དག་ལ་བཟོད་གསོལ་འབུལ་བ་ཡིན།
ང་རླུང་འཕར་དགོས་དོན། དང་པོ་བུ་དང་མོ་བཞག་པས་ཡིན། དེ་ནས་མ་དང་སྲིང་མོ་ཁྲིད་པས་ཡིན། དེ་ནས་དགྲ་དར་དེ་ཕྱར་བས་ཡིན། ད་དེ་གསུམ་དགེ་སྐྱོན་གང་ལ་གཏོགས་ན་ཡང་ཚར་ཚར་བ་རེད།
ད་རེས་ཡི་ཕེབས་སྟངས་འདི་ལས་བུད་དས་ཁྱོད་དང་ངེད་གཉིས་བོད་རིགས་སྤུན་ཟླ་གཙང་མ་ཡིན། ལམ་སྐབས་ནས་གཟབ་གཟབ་དང་ལས་དོན་ཐམས་ཅད་བོད་དོན་དུ་སྨིན་པས་སྨོན་མདུན་ཡོད། དགའ་སྣང་དང་ལྷན་དུ་ཕུལ།
གླིང་ཚ་བུ་རྒོད། ས་ཡ་དྲུག་གི་བུ། ཁྱེད་ཀྱིས་དེ་རིང་དགྲ་དར་ཕབས་ནས་གངས་སེང་དཀར་མོའི་ལྷ་དར་དེ་དགུང་སྔོན་དུ་འཕྱར་བཞིན་ཕེབས་པ་ནི། ལོ་སྔོན་མ་ལྟར་དེ་རིང་སླར་ཡང་ངའི་མིག་ཁུག་མཆི་མས་བསྐངས་སོང་། དེ་སྔོན་ཟླ་ཤས་རིང་ཁྱེད་ཀྱིས་དགྲ་དར་འཕྱར་རྒྱུའི་སྐོར་ལ་སེམས་པས་མ་བཟོད་ནས་ཁ་ངན་དང་ཚིག་ངན་མང་པོ་ཤོར་སོང་བས་དགོངས་ཡངས་ཞུ། ད་དུང་ཡང་སྤྱིར་ཁྱེད་རང་རྣམ་དཔྱོད་ལྡན་པའི་བུ་རྒོད་ཅིག་ཡིན་པ་ལྟར་མི་གཞན་གྱི་གཡོ་འོག་ཏུ་ཅིས་ཀྱང་མི་ཚུད་པར་མཛད་རྒྱུ་གལ་ཆེ། དེ་རིང་ནས་བཟུང་ཁྱེད་དང་ང་ཚོའི་དམིགས་འདུན་འགྲུབ་པར་ཆུ་ཚོད་དང་སྐར་ཆ་ཉེ་རུ་འགྲོ་བཞིན་ཡོད་སྟབས་ང་ཚོས་རྒྱང་རིང་འདི་ནས་ཅི་བསམ་འགྲུབ་པའི་ཕེབས་སྐྱེལ་ཞུ།
ང་ཚོའི་རེ་བ་ལ་ཐུགས་བསམ་ཆེ་བཞེས་ཐོག་དགྲ་དར་དམར་པོ་དེ་མ་འཕྱར་བ་དང་ཞི་བའི་ལས་འགུལ་ཚད་མཐོན་པོ་དེ་འདྲ་སྤེལ་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གུས་པ་རང་ནི་བོད་ལ་གཅེས་པོ་ཡོད་པ་ཙམ་ལས་ཁྱེད་ལྟ་བུ་སྙིང་སྟོབས་དང་ཆོད་སེམས་གང་ཡང་མེད་པས་ལས་འགུལ་དེ་ལྟ་བུ་མཉམ་བཞུགས་མ་ཐུབ་པ་ལ་ངོ་ནོངས་དང་། ང་ཚོའི་བདེན་མཐའ་མྱུར་དུ་གསལ་ངེས་ཡིན།
གླིང་ཚ་བུ་རྒོད་ངར་བྱུང་ཁྱེད་ཀྱི་བསམ་པ་ཐམས་ཅད་འགྲུབ་པའི་སྨོན་ལམ་ཡོད། ངོས་ནས་དེ་སྡ་ཡང་ཁྱེད་ལ་བསྔགས་བརྗོད་ཞུས་ཡོད་ལ་ད་ལྟའང་དེ་ག་རང་ཡིན། ཁྱེད་ནི་མི་རིགས་ཀྱི་དཔའ་བོ། ཁྱེད་ནི་མི་རིགས་ཀྱི་སྲོག་རྩ། ཁྱེད་ནི་མི་རིགས་བླ་ཡིད་སེམས་གསུམ། ཁྱེད་ནི་མི་རིགས་ཀྱི་ལེའུ་གསར་པ་བསྒྲུབ་མཁན། ཁྱེད་བདེ་མོ་གནང་རོགས། རང་གིས་ཐུབ་ཚད་དེ་གནང་རོགས་མ་ཐུབ་པའི་ཉིན་མོ་ཁྱིམ་གཞིས་དྲོན་མོར་ལོག་ཕེབས་རོགས་
བོད་མི་རིགས་རིག་གཞུང་དང་བཅས་པ་ལ་ལྷག་བསམ་རྣམ་པར་དག་པའི་གླིང་ཚ་བུ་རྒོད་ལགས། ད་རི་ཁྱོད་ཀྱི་གཞིས་བྱེས་གཉིས་ཀྱི་མི་མང་གི་མངོན་འདོད་ལྟར་དགྲ་བོའི་ཁྲག་དར་དེ་མ་འཕྱར་བར་གོམ་བགྲོད་ཕེབས་འདུག་པས་དགའ་བས་སྐྱེལ་མ་ཞུ་རྒྱུ་ཡིན།
བསྟོད་ཆོག་ཆོག སྨད་ཆོག་ཆོག སྤྲེའུའི་བུ་ཚ།
དགའ་ཆོག་ཆོག ཕ་སྤྲེའུའི་རིགས། ཁྲོ་ཆོག་ཆོག མ་སྲིན་མོའི་བརྒྱུད། ང་ཚོ་བོད་པ། ལ་ལ་ལ་མོ།
གཞས་ཚིག་གསར་པ་ཡིན་ལོ།།
བུ་གླིང་གེ་སར་རྒྱལ་པོའི་ཚ་བོ་ཚེ་རིང་
གླིང་གེ་སར་རྒྱལ་པོ་ཁྱེད་ཚང་ནས་རྒྱ་རོ་གུར་དཀར་ལ་གཉའ་སྒ་སྤྲད་སོང་ཡ། ཚེ་རིང་ཁྱེད་ནས་བོད་མའི་བསམ་དོན་བཞིན་གནང་བ་ཐུགས་རྗེ་ཆེ། ཁྱེད་ཀྱི་རིགས་ཀྱི་བུ་དང་བུ་མོ་ལ་དཀའ་ངལ་འཕྲད་ཚེ་ང་ཚོའི་སྒོར་མོ་ཅིག་ལས་མེད་ཀྱང་བགོ་ཆོག ཁྱེད་རང་གི་ཕྲུག་གུ་ལ་གདམ་པ་དེ་མཐོང་དུས་སེམས་སྟེང་ནས་སྐྱོ་བྱུང་ཡ། དེ་རིང་རྒྱ་རོའི་ཁྲག་དར་དེ་སྡོག་རྫེས་བཏང་བ་དེ་བཀའ་དྲིན་ཆེ། སླད་མར་ཡང་གཟབ་གཟབ་གནང་ན་ཡག་གི རྒྱ་རོའི་རྒྱུག་ཁྱི་་བླ་མའི་མིང་ཅན་དང། དགེ་བཤེས་མིང་ཅན་དང། དཔོན་པོའི་མིང་ཅན་དང། ཆབ་སྲིད་ཀྱི་མིང་ཅན་དང། ཚོགས་པའི་མིང་ཅན་བཅས་་ནས་གོ་སྐབས་ལ་སྒུག་ནས་བསྡད་ཡོད་ཀི ཁྱེད་འདི་མོ་ཞིག་ཡག་གི བཀའ་དྲིན་ཆེ་ཆེ་ཆེ་ཆེ་ཆེ་ཆ་ེ
འགྲམ་ངོར་མིག་ཆུ་རིལ་གྱིན།
དབུགས་རླུང་དྲག་པོར་འོང་གིན།
ལུས་པོ་ཚོར་བར་འཐིམ་གྱིན།
དཔའ་བོའི་འཕྲིན་ཡིག་མཐོང་བྱུང་
སེམས་གཏིང་ནས་གུས་འདུད་ལན་བརྒྱར་ཞུ།
གཅེས་ཕྲུག་འདི་གཉིས་གཉོར་སྐྱོང་བཟང་པོ་ཞིག་བྱས་ནས་མ་འོངས་པར་ང་ཚོའི་འཐབ་རྩོད་འདི་ཁོ་གཉིས་ཀྱི་ལག་པར་འཇོག་ཐུབ་ན་ཕ་རྒན་ཞིག་གི་འོས་འགན་དེ་འགྲུབ་སོང་བ་རེད། ལ་བརྒལ་ལུང་བརྒལ་རང་ཉིད་རྒྱ་ལག་ཏུ་འཇོག་ཨེ་ཐུབ་ལ་འབད་པ་འདི་ནི་ཤེས་ལྡན་པ་ཞིག་གི་ཆབ་སྲིད་འཐབ་རྩོད་བྱེད་སྟངས་མ་རེད་འདོད།