བསམ་གླིང་ཚེ་རིང་ལྷ་མོ།
མཛེས་སྡུག་ལྡན་པའི་སྨུག་སྤྲིན་གྱིས་ལྷུན་སྟུག་རི་བོའི་སྤོ་ལ་འཁྱུད་པའི་མཛེས་ཞལ། ཤང་ཤང་གི་སྒྲ་དབྱངས་བར་མེད་སྒྲོག་པའི་ཆུ་ཕྲན་གྱི་རོལ་མོ། སྣུམ་འོད་ལྡན་པའི་མེ་ཏོག་ཕྲ་ཚོམ་གྱིས་རྒྱན་པའི་ནེའུ་གསེང་། གཡུ་ཡི་རལ་པ་སིག་པ་ལྟ་བུའི་ལྗོན་པའི་ལང་ཚོ། རེད་ཨང་། མཛེས་སྡུག་ལྡན་པའི་དབྱར་གྱི་དཔལ་མོ་དག་ངའི་མིག་གི་མདུན་ནས་ཕར་ཕར་བཞུད་སོང་ལ་ནི། ངས་ཁོང་ཚོའི་ལེགས་སྐྱེས་ལ་ཡིད་ཚིམ་པའི་ལོངས་སྤྱོད་བྱས་ཡོད་ཀྱང་། སེམས་བསམ་པའི་ནང་གི་སྙན་དངགས་ཀྱི་སྐྱེལ་མ་ཞིག་ཀྱང་བྱས་མེད།
དེ་ནི་ངས་ལྟས་ལྟས་རིག་རིག་ལ་ཁོང་ཚོ་ཁུ་སིམ་མེར་ཁེར་རྐྱང་དུ་བཞུད་བཅུག་པ་ཡིན། ད་ཆ་ཡང་ཆར་སྤྲིན་སྔོན་མོས་ལ་མོ་བརྒྱབ་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མཛེས་ལྗོངས་མེ་ལོང་ནང་གི་གཟུགས་བརྙན་ཇི་བཞིན་དང་། དྭངས་གཙང་ཆུ་མོའི་ནང་གི་གྲམ་པ་གསལ་བ་བཞིན་དུ་གསལ་ལ། ཆུ་ཕྲན་གྱི་རོལ་མོའི་སྐད་སྒྲ་ཡང་དལ་བུ་དལ་བུ་ལས་མི་སྒྲོག་ཅིང་། ཚ་གྲང་སྙོམ་པའི་ཉི་འོད་འོག་ཏུ། བྱ་བྱིའུ་ཡི་གྲེ་གྱུར་ཅི་གར་ངོམ་པའི་སྟོན་གྱི་ནམ་དུས་ཤར་ཞིང་། མཚན་མོའི་དུས་སུ་གཡའ་དག་པའི་དགུང་སྔོན་མཐིང་མདོག་གི་ངོགས་ནས། སྒྱུ་སྐར་གྱི་ཚོགས་རྣམས་ད་ཆ་རང་ཉིད་ལ་རང་དབང་ཐོབ་པ་ལྟར་གྱི་མཛེས་ཞལ་ཅི་གར་ངོམ་པ་ལྟར་ཡོད་པ་མ་ཟད། ངང་ཙམ་ལས་མ་སོང་བའི་ནང་ཤར་རིའི་ཕྲག་ནས་མཛེས་པ་འབུམ་གྱིས་ཕྱུག་པའི་དུང་ཟླས་རྗེ་བཙུན་སྒྲོལ་མ་དཀར་མོའི་ཉམས་བཟང་ལ་ཅོ་དྲི་བའི་ཚུལ་གྱིས་དལ་བུ་དལ་བུས་དགུང་སྔོན་དབྱིངས་སུ་ལྡིང་ཞིང་གཤེགས་པ་ནི་ཅི་འདྲའི་ཡི་གར་འོང་བ་ཞིག་ཨང་།
ལྗོན་པ་འགའ་རེས་ཀྱང་གསེར་མདོག་ཅན་གྱི་ལོ་མ་འགའ་རེ་ས་ལ་སྐྱུར་ཞིང་ངལ་གསོ་བའི་ཚུལ་གྱིས་འགྱིང་ངེར་གནས་འདུག། སྟོན་རླུང་བསིལ་པོ་བསིལ་པོ་ཞིག་གིས་ཀྱང་བྲེལ་འཚུབ་འཚུབ་ཀྱིས་ཤུར་སྒྲ་རེ་སྒྲོག་གིན་ལྗོན་པ་ཚོར་དགུན་དུས་ཀྱི་ངལ་གསོའི་དུས་ལ་སླེབས་པའི་བརྡ་སྦྱོར་བའི་ཚུལ་དུ་འདུག། ། འོན་ཀྱང་ངས་སྟོན་གྱི་མཛེས་ཉམས་དེ་དག་ལ་མིག་ཟུར་ཙམ་ཡང་མ་ལྟས་པས་ཁོང་ཚོ་ཡང་ཁུ་སིམ་མིར་བཞུད་བཞིན་འདུག ། ད་ཆ་ངས་ཁོང་ཚོ་རྟོགས་བཞིན་དུ་ལྐུགས་མའི་བརྟུལ་བཞུགས་འཛིན་ནས་སྨྲ་བ་མེད་པར་གནས་ན་ག་ལ་འགྲིག །ངེས་པར་དུ་གཅེས་སུ་འོས་པའི་མཛེས་ལྗོངས་ཀྱི་ལེགས་སྐྱེས་ལ་གཡབ་མོའི་སྐྱེལ་མ་ཞིག་བྱེད་དགོས་ངེས་རེད་ཨང་།
ཁོམ་དལ་དུས་ཞིག་ལ། ཉི་མ་དྲོ་དུས་ཞིག་ལ། བསམ་རྒྱུ་དྲན་རྒྱུ་མེད་དུས་ཞིག་ལ། རྩོམ་འདི་མོ་འདི་ལ་མྱིག་ཤད་རེ་རྒྱབ་ན་ཨ་བོ་ཙི་མིན་འགྲོ། ཧ་ཧ། ཨ་ཆེར་གྲགས་རྒྱུ་མེད་པར་ཅིག་ཙམ་འགོར་སོང་ཡང་། དེ་རིང་སྟོན་ནམ་ལུས་འི་མ་ཐོང་བར་ཡོང་འདུག། དགུན་དཔྱིད་གཉིས་ཀ་ཡང་བྷུ་ལ་བྷུ་ལ་བྷུ་ལ་བྷུ་ལ་བྷུ་ལ་བྷུ་ལ། ཧ་ཧ།
ཁ་བརྡ་ཚང་གི་དྲ་རྒྱ་འདི་ཡར་རྒྱས་མར་འགྲིབ་གང་ལྟར་ལྟ་མི་བདེ་བ་ཞིག་ནི་བཟོས་འདུག
མ་ཟད་མཆན་དང་པོ་གཉིས་པ་སོགས་ཀྱི་གྲངས་ཀའི་ཨང་གྲངས་
འཆར་ཡག་མེད་པ་ཞིག་ཆགས་འདུག་པ་ནི་ཞན་པའི་ཆ་ལས་གཞན་ཅི།
རྩོམ་གྱི་ཁ་བྱང་དང་མ་རྩོམ་གཉིས་ཀྱི་ཡིག་འབྲུ་ཧེ་བག་མེད་པ་སོགས་ཁ་བརྡ་འདིར་གྱེས་ཕྱག་ཕུལ་དགོས་པ་ཞིག་བཟོས་འདུག
བདེ་མོ་ཨ།
བོད་ཀྱི་སྙན་དངགས་མ་བསམ་གླིང་ཚེ་རིང་ལྷ་མོའི་རྩོམ་ཡིག་སྙན་པ། སྔོན་ཡོངས་གྲགས་་དང་མི་མཐུན་པའི་མིང་ཙིག་འགའ་ཞིག་གི་དག་ཆ་རེ་གཉིས་་མ་གཏོགས་ལེགས་པར་མཐོང་། སྔོན་ཨ་རིར་ཞུས་པ་བཞིན་སྐྱེས་རབས་སོ་བཞི་པ་དང་། རྟོགས་བརྗོད་དཔག་བསམ་ཁྲི་སོགས་ལ་སྦྱངས་པ་མཛད་དེ། གོ་སླ་བའི་རྩོམ་ཡིག་འདྲ་འབྱུང་ན། མདུན་ན་འདོན་མདོ་མཁར་ཚེ་རིང་དབང་རྒྱལ་སོགས་ཀྱི་དོ་ཟླར་འབྱུང་ངེས་པའི་བོད་ཀྱི་བུ་མོ་ཞིག་འབྱུང་བའི་རེ་འདུན་དང་།
དག་ཆ་རི་ཟུང་ནི། སྒྲོགལ་སྒྲོགས་དང་། རྒྱན་པའི་ལ་བརྒྱན་པའི། ཡོད་པ་མ་ཟད་ལ་ཡོད་པར་མ་ཟད། ཅེས་སོ།
དག་ཆ་རི་ཟུང་ནི། ཞེས་པ་དག་ཆ་རེ་ཟུང་ནི། ཞེས་བཅོས་སོ།
(འཛིན་ནས་)ཟེར་ན་བརྡ་སྤྲོད་དང་མཐུན་ནམ། མཚན་མོ་ལ་དགུང་སྔོན་པོའི་དབྱིངས་ཡོད་དམ། ལ་དྭགས་པ་ལགས།
དྲ་གྲོགས་རྣམས་ལ་འཚམས་འདྲི་ཞུ།
སློབ་དཔོན་བློ་བཟང་འཇམ་དཔལ་ལགས་ཀྱི་ཐུགས་རེ་དང་།དག་བཅོས་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ།
གནམ་མཆོག་ལ།
གནས་ཚུལ་ལངས་ནས་སྔ་ཇ་འཐུངས་རྗེས། མདོ་དྲན་པ་ཉེར་གཞག་ཚིག། ལམ་རིམ་ཆེན་མོ་དེབ་གཟུགས་མ་ཤོག་གྲངས་༤༢༥ན།
་
ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི།
ལེ་ལོ་ཡིན་ཏེ་གང་ལ་ཡོད།
གང་ལ་ལེ་ལོ་གཅིག་ཡོད་པ།
དེ་ལ་ཆོས་ཀུན་མེད་པ་ཡིན།།
་
འདི་ཉིད་བློ་ལ་ཡོད་པ་སླར་ཡང་གསལ་བར་བཏང་། (འཛིན་ནས་)ཟེར་ན་བརྡ་སྤྲོད་དང་མཐུན་ནམ། མཚན་མོ་ལ་དགུང་སྔོན་པོའི་དབྱིངས་ཡོད་དམ། ལ་དྭགས་པ་ལགས།) ཁྱོད་ཀྱི་བཀྱལ་ཀ་ཡིན་ནམ། བདེན་པ་ཡིན་མ་ཤེས་ཀྱང་།
བོད་སྤྱིའི་སྐད་རིག་གཞུང་ན་གསལ་བ་བཞིན་འདི་ལྟར། འཛིན་ བཟུང་ གཟུང་ ཟུངས ཞེས་ད་ལྟ་འདས་མ་འོངས་སྐུལ་ཚིག་བཅས་པ་དང་། ནས་སྒྲ་ལྷག་བཅས་ཀྱི་བྱ་ཚིག་ལ་འདས་ཚིག་དགོས་པས་བཟུང་ནས། ཞེས་དགོས་སོ་སྙམ། མིག་གསལ་པོ་ཡོད་ན། མཚན་མོ་ལ་དགུང་སྔོན་པོའི་དབྱིངས་མཐོང་བ་ཐག་ཆོད།
བཟུང་ནས་ཟེར་ཤེས་བ་དེ་ཡག་པོ་རེད། ལ་དྭགས་པའི་དགོང་མོའི་ནམ་ཁ་ལ་དབྱིངས་མདོག་སྔོན་པོ་ཅན་ཞིག་ཡོད་མེད་དུ་མྱིག་ལ་ཆེ་ཤལ་ཞིག་གོན་ནས་འགྲོ་ཐག་ཆོད་ཡིན། ངས་རྒན་གྱི་གསུངས་ལས་སྦྱང་རྒྱུ་ཡོད་ན་སྦྱང་འདོད་ཡིན། སྦྱང་རྒྱུ་མེད་ན་གཙེ་འདོད་ཡིན། ཧ་ཧ་ཧ།