སངས་རྒྱས་ལ་ཕྱག་འཚལ་ལོ།
བདག་ནི་སངས་རྒྱས་ཀྱི་ཐུགས་རྗེ་དང་ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་གསལ་བར་སྐྱབས་སུ་སོང་། རང་བཞིན་གྱིས་དྲི་མ་མེད་པའི་ཆོས་དང་དགེ་འདུན་གྱི་དཔལ་དང་མངའ་ཐང་དང་ཡང་མཇལ་ཏེ། བསྟན་པ་རིན་པོ་ཆེ་ལ་དད་པ་དང་ངེས་ཤེས་ཅུང་ཟད་ཅིག་ནི་མཆིས་སོ། །
དེ་ཡང་ཆོས་ཀྱི་རྗེ་སྟོན་པ་སངས་རྒྱས་དེས་རྒྱ་གར་གྱི་ཡུལ་ཝ་ར་ན་སིའི་ཞི་བའི་ནགས་ཚལ་ཉམས་དགའ་བར་ཆོས་ཀྱི་བཀའ་མཆིད་ཐོག་མར་གནང་ནས་ད་ལྟ་ནི་ཡོངས་གྲགས་སུ་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་ཅིག་འདས་ཟིན་ལ། དེའི་རིང་ཤར་ཕྱོགས་ཀྱི་འཇིག་རྟེན་འདིའི་དད་པ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱི་ཡིད་ལ་བྱིན་གྱིས་བརླབས་པར་མཛད་པ་ཙམ་དུ་མ་ཟད། ད་ལྟའི་ཆར་ནི་ཤར་ནུབ་ལ་སོགས་པའི་ཡུལ་གྱི་ས་མཚམས་ལས་ཡོངས་སུ་བརྒལ་ཏེ། འཇིག་རྟེན་ལ་ཕན་རླབས་ཆེ་བའི་བསླབ་བྱ་དང་ལེགས་བཤད་ཀྱིས་རྟོག་དཔྱོད་ཅན་གྱི་སྐྱེ་བོ་དག་གི་ཡིད་ལ་ཡ་མཚན་དང་དད་གུས་ཀྱི་མྱུ་གུ་བསྐྱེད་པར་བྱེད་བཞིན་ཡོད་དོ། །
ངས་ཚིག་ཐག་བཅད་ནས་ཤོད་ཐུབ་པ་ཞིག་ནི་ང་ཚོ་མིའི་རིགས་འདིའི་འཚོ་བའི་དགོས་མཁོ་ལ་ཕྱི་དངོས་པོའི་དགོས་མཁོ་དང་ནང་བསམ་བློའི་དགོས་མཁོ་གཉིས་ཡོད་པ་ལས་ནང་བསམ་བློའི་དགོས་མཁོ་འདི་གཞི་རྩའི་ཆ་ནས་སྣང་བ་དངོས་པོའི་ཕྱོགས་ཀྱི་ཆོས་དང་མི་འདྲ་བར་ཅུང་ལྐོག་གྱུར་གྱི་ཆོས་ཉིད་ལྡན་ན་ཡང་། ཚད་ངེས་ཅན་གྱི་ཐོག་ནས་བཤད་ན་འདི་ནི་འགྲོ་བ་མིའི་རིགས་ཀྱི་ཉིན་རེའི་འཚོ་བའི་ནང་ཕྱི་དངོས་པོའི་ཕྱོགས་ཀྱི་དགོས་མཁོ་ལས་མི་དམན་པའི་སྐོམ་གདུང་ཆེན་པོ་སྦྱིན་གྱི་ཡོད་ལ་དེ་བསལ་བྱེད་ཀྱི་བསམ་བློའི་ཆུ་བསིལ་དག་གིས་ཀྱང་གཞན་ལས་ལྷག་པའི་ནུས་པ་ཆེན་པོ་ཐོན་གྱི་ཡོད།
ཉེ་བའི་དུས་རབས་ནང་ང་རྒྱལ་ཅན་གྱི་དངོས་གཙོའི་ལྟ་གྲུབ་དང་། ཐོད་བརྒལ་ཅན་གྱི་ཚན་རིག་གི་ལག་རྩལ་ཁྱབ་འཕེལ་གྱི་རྒྱབ་ལྗོངས་འོག་ནང་བསམ་བློའི་རིག་གནས་དག་ལ་ཚད་ལས་བརྒལ་བའི་མཐོང་ཆུང་བྱས་ན་ཡང་། མཐའ་མའི་ས་ཚིགས་དེར་སླེབས་དུས་ནང་བསམ་བློ་དང་འབྲེལ་བའི་མི་སྣང་ལྐོག་གྱུར་གྱི་རིག་གནས་འདི་ལས་གཡོལ་མི་ནུས་པར་ད་ཆ་མིའི་རིགས་ཀྱི་དད་འདུན་གྱི་བསམ་བློ་དེ་སླར་ཡང་བསྐྱར་དར་འབྱུང་མགོ་བརྩམས་ཟིན། ཁྱད་པར་དུ་སངས་རྒྱས་ཐུགས་རྗེ་ཅན་གྱི་བསྟན་པ་འདི་ཞི་བདེ་ལ་དུང་བའི་དུས་རབས་འདིའི་རེ་བའི་གཏད་སོ་རྩ་ཆེ་ཤོས་སུ་གྱུར། མཉམ་པར་བཞག་པའི་དགོངས་པ་ཟབ་མོ་དང་བརྩེ་བ་དང་ཐུགས་རྗེའི་མཚན་མ་རབ་ཏུ་གསལ་བའི་སངས་རྒྱས་ཀྱི་སྐུ་བརྙན་ཤིན་ཏུ་དུལ་ཞིང་གཙང་བ་ཙམ་ཞིག་ལམ་སྟེགས་ཤིག་ཏུ་ཡོད་ན་ཡང་། དེ་ཡང་ཞི་བདེའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། དེའི་ཕྱིར་ངས་སངས་རྒྱས་ནི་ཐུགས་རྗེ་དང་ཞི་བས་ཡོངས་སུ་གང་བའི་ཟླ་བ་ཉ་གང་བ་ཞིག་རེད་ཅེས་བརྗོད་པར་འདོད། འདི་ནི་ངས་ཚོད་བཤད་བྱས་པ་ཞིག་གཏན་ནས་མིན། དེ་འདྲ་རེད་དམ།
འོ་ན་ཁྱོད་ཀྱིས་ཡང་དག་པའི་སངས་རྒྱས་ཀྱི་ཆོས་ལུགས་དེ་བསྒྲུབ་པར་འདོད་དམ།
དེའི་དགོས་ངེས་གྱི་ཆ་རྐྱེན་ཁ་ཤས་ཤེས་པར་འདོད་དམ།
ཆོས་ལུགས་དེའི་གཞི་རྩའི་གོ་དོན་གྱི་ངོ་སྤྲོད་ཐོས་པར་འདོད་དམ།
དེ་ཉིད་ཉམས་སུ་བླང་སྟངས་དང་བླངས་ནས་ཐོབ་པའི་གྲུབ་འབྲས་ཀྱི་ཕྱོགས་གང་ཡོད་པ་དག་ཤེས་པར་འདོད་དམ།
ངས་ལྟས་ན་འདི་དག་ནི་ཁྱེད་ཀྱིས་ཆེས་ཤེས་འདོད་ཡོད་པའི་ཚོར་བ་རྣོ་བའི་བརྗོད་གཞི་དག་ཡིན་པར་ངེས། གཤམ་ནས་ངས་དུས་ཚོད་གང་འཚམས་ཤིག་སྤྱད་ནས་ཁྱེད་ལ་དགོས་པའི་དྲིས་ལན་ཁ་ཤས་འཁོ་འདོན་བྱ་རྒྱུ་ཡིན།ད་ནི་ངས་དཔེ་གཞན་ཞིག་གི་ཐོག་ནས་སྐད་ཆ་འདི་མགོ་འཛུགས་འདོད་བྱུང་། དཔེར་ན། སྨན་རྫས་ལྟ་བུའི་ཅ་དངོས་ཞིག་ཅི་ཙམ་ཁྲོམ་ར་ལ་འཁོར་རྒྱུག་ཆེ་བ་ཡིན་ན་དེ་ཙམ་དུ་སྤྱི་ཚོགས་ཀྱི་མགོ་བདེ་དྲན་འཕྲུལ་མཁན་རྣམས་ཀྱིས་གོ་སྐབས་བཙལ་ནས་རྫུན་བཟོ་བྱས་པའི་རྫུན་མའི་ཅ་དངོས་འགྲེམ་ཚོང་བྱ་སྲིད་པ་དེ་རྟོགས་མི་ཐུབ་པ་ཞིག་མ་རེད། དེ་དང་འདྲ་བར་ནང་བསམ་བློ་དང་འབྲེལ་བའི་ཕུལ་བྱུང་གི་ལེགས་བཤད་དེ། སངས་རྒྱས་ཀྱི་བསྟན་པ་འདིར་སྐྱེ་བོ་མང་པོས་དད་མོས་དང་དང་ལེན་བྱེད་པའི་དུས་མཚུངས་དེར་ངེས་པར་དུ་ངོ་རྟགས་ཆོད་དཀའ་བའི་རྫུན་མའི་སློབ་སྟོན་པ་མང་པོས་རང་གི་རྙེད་བཀུར་གྱི་ཆེད་དུ་དུས་ནས་དུས་སུ་ཕྱོགས་དང་ཕྱོགས་སུ་སོང་ནས་དད་ལྡན་པ་མང་པོའི་རེ་བ་ཆུད་ཟོས་བྱེད་པ་རེད། གལ་ཏེ་མི་དེས་དད་ལྡན་པའི་ས་ནས་དངུལ་དངོས་དང་རྙེད་བཀུར་ཐོབ་པ་དང་། མི་དེས་བྱ་སྤྱོད་མ་འགྲིགས་གང་ཞིག་གིས་མཐར་དད་ལྡན་པ་དེར་སྡང་ཟུག་གམ་མགྱོད་པ་བསྐྱེད་སྲིད་པ་དེ་མཇུག་འབྲས་སྡུག་ཤོས་རེད་ཅེས་ཤོད་ཀྱི་མེད། དེ་ལས་ཀྱང་སྡུག་པའི་མཇུག་འབྲས་དེ་ནི་རྫུན་པའི་སློབ་སྟོན་པ་དེ་ལ་ལྷག་བསམ་དང་ཉམས་ལེན་གྱི་མངོན་རྟོགས་ཚད་མཐོ་བོ་ཡོད་མིན་ཙམ་མིན་པར་ཐ་ན་ཁོས་ངེས་པར་དུ་སངས་རྒྱས་ཀྱི་ཆོས་བཤད་མེད། ཁོས་ཁ་ནས་གང་བཤད་པ་དེ་སངས་རྒྱས་ཀྱི་འཕྲིན་བཟང་མ་རེད། དེ་ནི་ཐབས་སྐྱོ་ཤོས་རེད། མུ་འགོད།
སྟོན་པ་ཐུབ་པའི་དབང་པོ་དང་ཁོང་གི་ཉན་ཐོས་དག་མཇལ་དུས་སེམས་དགའ་སྐྱོ་ཟུང་འབྲེལ་ཞིག་འཆར་གྱི་འདུག
ག་རེ་ཡིན་ནམ་དེ་རིང་མཆན་མི་ཡོང་འདུག
ཡ་འདི་ནང་མཆན་ཡོང་གི་འདུག ཨ་ནེ་ཆོས་དབྱིངས་ནང་ཡོང་གི་མི་འདུག ལས་མེད་པ་འདྲ། ཡ་རྫ་པ། མུ་མཐུད་གསུངས་དང༌། ཉན་བསྡད་ཡོད།
སྐུ་པར་དེས་ངའི་དད་པའི་ཡིད་ཀྱི་མཚོ་མོ་འཁྱོམས་སུ་བཅུགས་བྱུང་།
སངས་རྒྱས་དགེ་འདུན་གྱི་སྡེ་ལ་མ་འཆི་བར་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །
དྲ་གྲོགས་དག་གིས་ངའི་རྩོམ་འདི་སྤྱན་ལ་ཐོགས་པ་ཙམ་ལ་ཡང་ཐུགས་རྗེ་ཆེ་ཞུ། གུས་པའི་རྩོམ་འདིར་ཡིག་ནོར་སོགས་མཆིས་ཚེ་གསུངས་གནང་ཡོང་བར་དགའ་བསུ་ཞུ།
རྩོམ་ཡིག་འདི་མཇུག་དྲིལ་མེད་ཀྱང་། འབྲི་ཚར་རིམ་བཞིན་མུ་མཐུད་སྤེལ་རྒྱུ་ཡིན།
མཁས་དབང་ཞིག་གི་ཉམས་ཡོད་ཀི་ཡ། མུ་འགོད་གནང་དང་བལྟ་འདུག
ཁྱེད་ཀྱི་རྩོམ་ལེགས་པོ་འདུག རྩོམ་གྱི་མ་ཕྱི་ལ་ཡིག་ནོར་ཡོད་མེད་རྗེས་སུ་བལྟ་རྒྱུ་ཡིན། འོན་ཀྱང་ད་ལྟ་བྲིས་པ་དེར་ཡིག་ནོར་ཁ་ཤས་སྣང། གསུངས་གནང་མ་རེད། གསུང་གནང་རེད། མཇུག་དྲིལ་མ་རེད། མཇུག་སྒྲིལ་ཞེས་བྲི་དགོས། འབྲི་ཚར་རིམ་མ་རེད། བྲིས་ཚར་རིམ་རེད།
good
བདག་གི་ད་བར་དེ་འདྲ་ཞིག་བྱུང་ན་བསམ་པ་དེ་ཁྱེད་རང་གིས་བྲིས་གནང་འདུག་ ཀློག་བདེ་པོ་འདུག་ལ་ གོ་ཡང་བདེ་པོ་འདུག་ ང་འདྲ་བའི་བོད་མི་ཚོར་ཕན་ཐོག་ཆེན་པོ་ཡོང་བ་འདུག་ ཐུགས་རྗེ་ཆེ་མུ་མཐུད་བྲིས་རོགས་གནང།
བླ་མ་ལ་སྐྱབས་སུ་མཆི། སངས་རྒྱས་ལ་སྐྱབས་སུ་མཆི། ཆོས་ལ་སྐྱབས་སུ་མཆི། དགེ་འདུན་ལ་སྐྱབས་སུ་མཆི།
རྫ་ཚེ་རིང་བཀྲ་ཤིས་ལགས། ཐུགས་རྗེ་ཆེ།
སྐྱབས་འགྲོའི་ངོ་བོ་དང་། ལུས་ངག་ཡིད་གསུམ་གྱི་སྐྱབས་འགྲོ་ཞེས་པ་དེ་གང་འདྲ་ཞིག་རེད།
གུས་པ་ནང་པའི་སློབ་མ་ཞིག་གིས་ངོས་ནས་བཤད་ན། དོན་འདི་ངེས་པར་ཤེས་དགོས་པ་ཞྀག་ཏུ་མཐོང་།
བཀྲ་ཤིས་ཚེ་རིང་ལགས་སུ།
ཁྱེད་ཀྱི་ཤེས་འདོད་པའི་ལུས་ངག་ཡིད་ཀྱི་སྐྱབས་འགྲོ་དེ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མཛོད་ལས་གསལ་པར་གསུང་འདུག་པས་ཁྱེད་དེ་ལ་ངེས་པར་དུ་གཟིགས་པར་ཞུ།།
མིག་ལགས་ནས་ཕྲན་ལ་ལུས་ངག་ཡིད་ཀྱི་སྐྱབས་འགྲོ་ཞེས་པ་ག་རེད་གསུངས་འདུག་པར་ཆོས་དབྱིངས་སྒྲོལ་མ་ཞུ་བ་ནས་ཁུངས་ཞིག་འཁོ་འདོན་གནང་འདུག་སྟེ།
གུས་པས་ཀྱང་ཚིག་ཁ་ཤས་བསྣན་ན། སྐྱབས་འགྲོའི་ངོ་བོ་དེ་དམ་བཅའ་བ་ཡིན་པར་གསུངས་ཤིང་དམ་བཅའ་བ་ཡང་རྒྱུའི་སྐྱབས་འགྲོ་གཞན་རྒྱུད་ལ་བྱོན་ཟིན་པའི་སྐྱབས་གསུམ་ལ་བསྟེན་ཏེ། འབྲས་བུའི་སྐྱབས་གསུམ་རང་རྒྱུད་ལ་ཐོབ་པར་དམ་བཅའ་བ་རེད། འདིའི་སྐོར་གསལ་ལ་གོ་བདེ་བ་ཞིག་ཀུན་དཔལ་གྱི་སྤྱོད་འཇུག་འགྲེལ་བ་ལས་གསུངས་ཡོད་པ་དང་། དེར་གང་གསུངས་པ་དག་ནི་རྫ་དཔལ་སྤྲུལ་རིན་པོ་ཆེའི་ཞལ་རྒྱུན་དངོས་ཡིན་འདུག་པས་དེར་གཟིགས་ཀྱང་འཐུས།
ལར་སྐྱབས་འགྲོའི་ངོ་བོ་དངོས་ནི་གོང་བཤད་ལྟར་ཡིད་ཡིན་ཀྱང་། ངག་གི་སྒོ་ནས་སྐྱབས་འགྲོའི་ཚིག་འདོན་པ་དང་། ལུས་ཀྱིས་སྒོ་ནས་ཐལ་མོ་སྦྱོར་བ་ལ་སོགས་པས་སྐྱབས་སུ་སོང་བའི་དོན་དང་མཐུན་པའི་སྤྱོད་པ་བྱེད་པ་ནི་ལུས་ཀྱི་སྐྱབས་འགྲོར་གོ་ཆོག་རྒྱུ་རེད།
རྫ་ཚེ་རིང་བཀྲ་ཤིས་ལགས། ཐུགས་རྗེ་ཆེ། གཞན་རྒྱུད་ལ་བྱོན་ཟིན་པའི་སྐྱབས་གསུམ་ལ་བསྟེན་ཏེ། འབྲས་བུའི་སྐྱབས་གསུམ་རང་རྒྱུད་ལ་ཐོབ་པར་དམ་བཅའ་བ་དེ་སྐྱབས་འགྲོ་གང་འདྲ་བྱས་ནས་གྱུར་པ་རེད།
དེ་འདྲའི་དམ་བཅའ་དེ་ལ་སྐྱབས་འགྲོའི་གོ་དོན་ཚང་ཡོད་དམ། ?
དད་པ་དང་དམ་བཅའ་གཉིས་ལ་ཁྱད་པར་མེད་དམ། ?
ལུས་ཀྱིས་སྒོ་ནས་ཐལ་མོ་སྦྱོར་བ་ལ་སོགས་པས་སྐྱབས་སུ་སོང་བའི་དོན་གང་འདྲ་བྱས་ནས་བསྟན་པ་རེད།
སྐྱབས་སུ་སོང་བའི་དོན་བསྟན་སྟངས་ཤིག་གསུང་རོགས་ཞུ།
རྫ་ཚེ་རིང་བཀྲ་ཤིས་ལགས། སྐྱབས་འགྲོའི་ངོ་བོ་དམ་བཅའ་དངོས་གནས་རེད་དམ།
རྫ་དཔལ་སྤྲུལ་གྱི་སྐྱབས་འགྲོའི་ངོ་བོ་དད་པ་ཡིན་པར་འདོད་པ་རེད། འོག་ཏུ་ཀུན་བཟང་བླ་མའི་ཞལ་ལུང་གི་དད་པའི་སྐབས་ནས་མར་ལུང་འདྲེན་ཞུ་རྒྱུ་ཡིན།
སྤྱིར་ཆོས་ཐམས་ཅད་ཀྱི་སྒོ་དབྱེ་བ་སྐྱབས་འགྲོ་ཡིན་ལ།སྐྱབས་འགྲོའི་སྒོ་དབྱེ་བ་ནི།དད་པ་ཡིན་པས་སྐྱབས་སུ་འགྲོ་བའི་དང་པོར་རྒྱུད་ལ་དད་པ་བརྟན་པོ་སྐྱེ་བ་གལ་ཆེ།དད་པ་དེ་ལའང་ནང་གསེས་ཀྱིས་དབྱེ་བ་གསུམ་ཡོད་དེ།དང་བའི་དད་པ།འདོད་པའི་དད་པ།ཡིད་ཆེས་པའི་དད་པ་དང་གསུམ་ཡོད།དང་པོ་དང་བའི་དད་པ་ཞེས་བྱ་བ་ནི།རྒྱལ་བའི་སྐུ་གསུང་ཐུགས་རྟེན་མང་པོ་ཡོད་པའི་གཙུག་ལག་ཁང་ལྟ་བུར་ཕྱིན་པའམ།བླ་མ་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་རྣམས་བཞུགས་པའི་ཞལ་མཇལ་བའམ།དེ་དག་གི་ཡོན་ཏན་དང་རྣམ་ཐར་ཐོས་པ་ལྟ་བུའི་རྐྱེན་གྱིས་འཕྲལ་ལ་ཐུགས་རྗེ་མ་ཆུང་སྙམ་དུ་སེམས་དང་བ་འདྲེན་ནས་དད་པ་སྐྱེས་པ་དེ་ལ་དང་བའི་དད་པ་ཞེས་བྱ།
འདོད་པའི་དད་པ་ནི།འཁོར་བ་ངན་སོང་གི་སྡུག་བསྔལ་ལ་སོགས་པ་ཐོས་ནས་དེ་དང་བྲལ་འདོད་སྐྱེ་བ།མཐོ་རིས་དང་ཐར་པའི་བདེ་བ་ཐོས་ན་དེ་ལ་ཐོབ་འདོད་སྐྱེ་བ།དགེ་བའི་ཕན་ཡོན་ཐོས་ནས་དེ་ལ་སྒྲུབ་འདོད།སྡིག་པའི་ཉེས་པ་མཐོང་ནས་དེ་ལ་སྤོང་འདོད་སྐྱེ་བ་རྣམས་ཡིན།
ཡིད་ཆེས་པའི་དད་པ་ནི།དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཡོན་ཏན་དང་བྱིན་རླབས་ཐུན་མོང་མ་ཡིན་པ་ཤེས་ནས།སྙིང་ཐག་པ་ནས་ཡིད་ཆེས།དུས་དང་གནས་སྐབས་ཐམས་ཅད་དུ་མི་བསླུ་བའི་སྐྱབས་དཀོན་མཆོག་རིན་པོ་ཆེ་ཡིན་པར་ཤེས་ནས།སྐྱིད་རུང་སྡུག་རུང་ན་རུང་ཚ་རུང་ཤི་རུང་གསོན་རུང་།ལས་ཅི་བྱུང་ཡང་སྐྱབས་བསླུ་བ་མེད་པ་དཀོན་མཆོག་གསུམ་པོ་མཁྱེན་སྙམ་པ་མ་གཏོགས།བློ་གཏད་དང་རེ་ལྟོས་གཞན་ན་མེད་པར་ཡིད་ཁྱེད་ཤེས་ཀྱི་དད་པ་དང་ལྡན་པ་ལ་ཡིད་ཆེས་པའི་དད་པ་ཞེས་བྱ་སྟེ།ཨོ་རྒྱན་རིན་པོ་ཆེའི་ཞལ་ནས།ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག།བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ།།ཅེས་གསུངས།དེས་ན་དད་པ་ནི་ཆོས་དཀར་པོའི་ཡོན་ཏན་ཐམས་ཅད་སྐྱེད་པའི་ས་བོན་ལྟ་བུ་ཡིན་པས།དད་པ་མེད་ན་ས་བོན་མེས་ཚིག་པ་དང་འདྲ་སྟེ།མདོ་ལས།དད་པ་མེད་པའི་མི་རྣམས་ལ།།དཀར་པོའི་ཆོས་ནི་མི་འབྱུང་སྟེ།།ས་བོན་མེ་ཡིས་ཚིག་པ་ལ།།མྱུ་གུ་སྔོན་མོ་ཇི་བཞིན་ནོ།།ཞེས་གསུངས།དེ་བཞིན་དུ་དད་པ་ནི་འཕགས་པའི་ནོར་བདུན་གྱི་གཙོ་བོ་ཡིན་ཏེ།དད་པའི་འཁོར་ལོ་རིན་པོ་ཆེ།།ཉིན་མཚན་དགེ་བའི་ལམ་ལ་སྦྱོར།།ཞེས་པ་ལྟར་ཡིན་པས་ནོར་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པ་ཡིན་པ་དང་དེ་བཞིན་དུ་ཡོན་ཏན་མི་ཟད་པའི་འབྱུང་གནས་ཡིན་པས་གཏེར་དང་།ཐར་པའི་ལམ་དུ་འགྲོ་བའི་རྐང་པ་དང་།དགེ་བའི་ཆོས་ཐམས་ཅད་རང་རྒྱུད་ལ་སྡུད་པའི་ལག་པ་ལྟ་བུ་ཡིན་ཏེ།དད་ལ་ནོར་དང་གཏེར་དང་རྐང་པའི་མཆོག།ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན།།ཞེས་གསུངས།
ཟླ་མེད་ལགས་ཀྱིས་དྲངས་པ་དེའི་དོན་སྐྱབས་འགྲོའི་སྒོ་དབྱེ་དད་པ་ཡིན་ཞེས་གསལ་བོར་བཤད་པ་དེ་རེད། ཀུན་བཟང་བླ་མའི་ཞལ་ལུང་དེ་ལྟ་བུའི་ཞལ་གསལ་ཞིག་ལ་འདི་ཙམ་རགས་པའི་ནོར་འཁྲུལ་གྱི་གོ་བ་བླངས་པ་ནི་ཅུང་མ་འོས། གང་ལྟར་སྐྱབས་འགྲོའི་རྒྱུ་དད་པ་རེད། ཐེག་ཆེན་པའི་ལུགས་ལ་སྙིང་རྗེ་ཡང་འཇོག་གནང་མཛད་ཡོད། སྐྱབས་འགྲོའི་ངོ་བོ་དམ་བཅའ་ཡིན་པ་དེ་མདོ་རྒྱན་གྱི་ལུང་སྤྱོད་འཇུག་འགྲེལ་བར་དྲངས་ཡོད།
ད་དུང་སྐྱབས་འགྲོའི་ཡུལ་དང་དབྱེ་བ་འགྲོ་ཚུལ་བསླབ་བྱ་ཕན་ཡོན་བཅས་དབྱེ་སྒོ་བདུན་གྱི་སྒོ་ནས་འཆད་པ་ཡོངས་གྲགས་རེད།
དཔལ་སྤྲུལ་རིན་པོ་ཆེས་སྐྱབས་འགྲོའི་ངོ་བོ་དམ་བཅའ་ཡིན་པས་དེ་གསོལ་འདེབས་དང་མ་ནོར་བ་ཞིག་དགོས་ཞེས་དཔེ་དང་བཅས་པའི་སྒོ་ནས་ཀྱང་གསུངས།
སྐྱབས་འགྲོའི་སྒོ་དབྱེ་བ་ནི།དད་པ
ཚིག་འདི་ལ་ཟླ་མེད་ནས་བསྐྱར་དུ་དགོངས་པ་ཞིག་བཞེས་དགོས།
བསྐྱབས་སོང་བསོད་ནམས་གཟུགས་ཡོད་ན། །
སྟོང་གསུམ་འདི་ཡང་སྣོད་དུ་ཆང་། །
བསྐྱབས་སོང་བསོད་ནམས་གཟུགས་ཡོད་ན། །
སྟོང་གསུམ་དེ་ཡང་སྣོད་དུ་ཆུང་། །
མིག་ལགས། དོ་སྣང་གནང་བར་ཐུགས་རྗེ་ཆེ།
དེ་འདྲའི་དམ་བཅའ་དེ་ལེགས་པར་བསམ་ན་སྐྱབས་སུ་འགྲོ་ཚུལ་རྨད་དུ་བྱུང་བ་ཤེས་པ་ལས་བྱུང་བའི་སྐྱབས་འགྲོའི་ངོ་བོ་དངོས་དེ་རེད།
ཡིན་ཚུལ་ནི་ཕྱི་རོལ་བ་དང་ཡེ་ཤུ་སོགས་ཀྱི་རྗེས་འཇུག་པས་འཇིག་རྟེན་གྱི་བྱེད་པ་པོ་རང་དབང་བས་ངན་འགྲོ་དང་བདེ་འགྲོར་འཕེན་པར་འདོད་ཀྱང་། རང་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ང་ཚོ་ལ་གཞི་བདེ་གཤེགས་སྙིང་བོ་ཡོད་པར་བསྟན་པའི་སྒོ་ནས། སྦྲང་བུ་ཤ་སྦྲང་ལ་སོགས་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་ཐོབ། །གསུངས་པ་ལྟར། རང་ཉིད་ཀྱིས་དམ་པའི་ཆོས་འདི་འཁོར་བ་ལས་ཐར་བའི་ཐབས་དམ་པ་རེད་འདུག་སྙམ་དུ་ཡིད་ཆེས་རྙེད་པ་དེ་དད་པ་རེད། དེ་དད་པ་གསུམ་གྱི་ནང་གི་ཡག་ཤོས་དེ་རེད། ཆོས་དེ་བསྒྲུབས་ནས་རང་ཉིད་ཀྱང་སྐུ་དགེ་འདུན་གསུང་དམ་ཆོས་ཐུགས་སངས་རྒྱས་སུ་བྱེད་དགོས་སྙམ་པ་དེ་འབྲས་བུའི་སྐྱབས་འགྲོ་དང་། དེའི་ཆེད་དུ་རྒྱུའི་སྐྱབས་ཡུལ་གཞན་རྒྱུད་ལ་བྱོན་ཟིན་པའི་མཆོག་གསུམ་ལ་བསྟེན་དགོས་པ་དངོས་ཡོད་ཡིན་པས། དེ་ལྟར་བསྟེན་པར་དམ་བཅའ་བ་དེ་རྒྱུའི་སྐྱབས་འགྲོའི་གོ་དོན་རེད།
བསྟེན་སྟངས་ཀྱང་སངས་རྒྱས་ལ་ལམ་སྟོན་མཁན་གྱི་འདུ་ཤེས། ཆོས་དེ་ལམ་གྱི་འདུ་ཤེས། དགེ་འདུན་དེ་ལམ་སྒྲུབ་པའི་ལས་རོགས་ཀྱི་འདུ་ཤེས་ལྟ་བུ་ཡིན་ཚུལ་གསུངས།
ལར་སྐྱོབ་བྱེད་ཟེར་ན་ཡུལ་དང་བསྐྱབ་བྱ་ཟེར་ན་རང་ཉིད་དང་སྐྱབས་འགྲོ་ཟེར་དུས་སྐབས་འདིར་རང་ཉིད་ཡུལ་དེ་ལ་བསྟེན་སྟངས་ཀྱི་བྱེད་པ་ཡིན་པས་བྱེད་པ་དེ་སེམས་ཀྱི་བྱེད་པ་ཞིག་རེད། དེ་ཡང་སེམས་ཀྱི་སྟེང་ནས་དེ་ལྟར་ལག་ལེན་དུ་བྱ་བའི་དམ་བཅའ་དེ་རེད། དད་པ་ཡིན་ན་དེའི་སྒོ་དབྱེའམ་རྒྱུ་རེད། གསོལ་འདེབས་ནི་ཉེས་ཅན་གྱིས་རྒྱལ་པོ་ལ་རེ་བ་བཅོལ་བའམ་ཡེ་ཤུ་པ་རྣམས་ཀྱིས་གནམ་གྱི་གཙོ་བོ་ལ་རེ་བ་བྱེད་སྟངས་དེ་རེད། འོན་ཀྱང་ང་ཚོས་ནི་སངས་རྒྱས་ཀྱིས་བསྟན་པའི་ལམ་དེ་གཙོ་བོར་རྒྱུའི་སྐྱབས་ཡུལ་དུ་བཟུང་། རང་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་དེ་འབྲས་བུའི་སྐྱབས་ཡུལ་དུ་བཟུང་ནས་སོ་སོས་ལག་ལེན་གྱིས་ཐོག་ནས་ཐར་པ་སྒྲུབ་པ་དེ་སྐྱབས་འགྲོ་བྱེད་སྟངས་རེད། སྐྱབས་ཡུལ་གཙོ་བོ་ཆོས་དཀོན་མཆོག་ཡིན་པ་འདི་ལམ་རིམ་ཆེན་མོར་ནན་གསུང་གནང་ཡོད། སྐྱབས་འགྲོའི་འདུ་ཤེས་ཅན་ནི་བྲན་གཡོག་གི་འདུ་ཤེས་ཅན་རེད་ཟེར་བའི་བཤད་སྟངས་དེས་ཀྱང་འདི་མ་གོ་བས་ཡིན་པ་འདྲ།
ཐལ་མོ་སྦྱོར་བ་ལ་སོགས་པ་ནི་སྐྱབས་འགྲོའི་ངོ་བོ་རེད་ཅེས་ཤོད་ཀྱི་མེད་ལ་གང་ལྟར་སེམས་ཀྱི་རྗེས་སུ་མཐུན་པའི་སྤྱོད་ལ་དེ་ལྟར་བཏགས་ཀྱང་མི་འགལ་བ་ནི་དེ་འདྲའི་མིང་འདོག་སྟངས་མང་པོ་ཡོད།
དཔེར་ན། ཁྱེད་རང་གིས་སྙིང་སྡུག་ལ་ང་ཁྱོད་ལ་བརྩེ་བ་ཡོད་ཅེས་ཤོད་པའི་ཚིག་དེ་དང་བཞིན་གྱིས་དགའ་བའི་རྣམ་འགྱུར་སྟོན་པ་དེ་བརྩེ་བ་མིན་ཏེ། བརྩེ་བ་ནི་སེམས་ཀྱི་ཁྱད་པར་ཡིན་དགོས། འོན་ཀྱང་དེ་ཡང་བརྩེ་བ་གསལ་བར་བྱེད་པའི་འདུ་བྱེད་གལ་ཆེ་ཡིན་པ་ཅི་བཞིན་ནོ།།
ད་ནི་སངས་རྒྱས་ཐུགས་རྗེ་ཅན་གྱི་གསུང་དགྲ་བཅོམ་པ་ཆོས་སྐྱོབས་ཀྱིས་བསྡུས་པའི་ཚིགས་བཅད་གྲགས་ཅན་ཞིག་དྲངས་ནས་མཆན་འདི་མཚམས་འཇོག་རྒྱུ་ཡིན།།
སྲིད་པའི་ཟུག་ངུ་གཅོད་བྱེད་ལམ། །
ངས་ནི་ཁྱེད་ཅག་རྣམས་ལ་བསྟན། །
ཁྱེད་ཅག་གིས་ནི་བྱ་དགོས་སོ། །
དེ་བཞིན་གཤེགས་པ་སྟོན་པ་ཡིན།
༼ཆོས་ཀྱི་འཕྲིན་བཟང་འདི་སྟོན་མཁན་གྱི་ལམ་མཁན་ཙམ་ཡིན་ཞེས་པའོ༽
ད་དུང་། མདོ་རྒྱན་གྱི་ཁས་ལེན་དེ་ཡང་ཞེས་པའི་ཐད་ཀྱི་དབྱེན་གཉེན་གྱི་འགྲེལ་བ་ལས། །སངས་རྒྱས་ཉིད་འདོད་པས་ཁས་ལེན་པ་ནི་སྐྱབས་སུ་འགྲོ་བའི་ངོ་བོ་ཉིད་ཡིན་ནོ། །ཞེས་སོགས་ཏེ། སྐབས་འདིའི་དངོས་བསྟན་གྱི་འཆད་སྟངས་ཐེག་ཆེན་གཞིར་བཞག་ཡིན་ནོ། །ད་དུང་བཙུན་པ་ངོ་བོ་ཉིད་མེད་པའི་རྒྱ་འགྲེལ་དང་། འཇུ་མི་ཕན་པའི་འགྲེལ་བ་སོགས་སུ་གཅིག་མཐུན་དུ་བྱུང་སྟེ་མ་དྲངས་སོ།།
རྫ་ཚེ་རིང་བཀྲ་ཤིས་ཡོད་པ་བཞག་ནས་མེད་པ་བཙལ་ན་ངས་ཁྱོད་ལ་འདྲི། སྐྱབས་འགྲོའི་ངོ་བོ་དམ་བཅའ་ཡིན་པར་གང་ན་གསུངས་འདུག རྫ་དཔལ་སྤྲུལ་གྱི་ལུང་གཅིག་དྲོངས་དང་། ད་དུང་ཀུན་བཟང་བླ་མའི་ཞལ་ལུང་གི་སྐྱབས་འགྲོའི་ངོ་བོ་བསྟན་པ་གོང་གི་ངས་དྲང་བ་དེ་མིན་ན། ཁྱོད་ཀྱིས་ངོ་བོ་སྟོན་པའི་ཀུན་བཟང་བླ་མའི་ཞལ་ལུང་གི་ཚིག་དྲོངས་དང་།
ཡང་སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པའི་ནང་ཚན་སྐྱབས་འགྲོ་སྡོམ་པ་གཉིས་ལ་ཁྱད་པར་མེད་པར་འགྱུར་དེ། ཁྱད་པར་གང་ཡང་མེད་པར་དམ་བཅའ་ཙམ་ཡིན་པའི་ཕྱིར་རོ། གལ་ཏེ་དེ་གཉིས་ལ་ཁྱད་པར་མེད་ན། དགེ་བསྙེན་གཞན་དག་ལ་སྐྱབས་འགྲོ་མེད་པར་ཐལ་བ་དང་། ཡང་ན་དགེ་བསྙེན་ཐམས་ཅད་ཀྱང་སྐྱབས་འགྲོའི་དགེ་བསྙེན་ཡིན་པར་ཐལ་བའི་སྐྱོན་ཁྱོད་ལ་ཡོད་དོ།
རྗེ་ཙོང་ཁ་པས། སྣ་གཅིག་སྣ་འགའ་ཕལ་ཆེར་སྤྱོད། །ཡོངས་རྫོགས་སྤྱོད་དང་ཚངས་སྤྱོད་དང་། །སྐྱབས་འགྲོ་ཙམ་གྱི་དགེ་བསྙེན་དུ། །ཁས་ལེན་རྣམས་དང་གོ་རིམ་བཞིན། །ཞེས་གསུངས།
སྐྱབས་འགྲོ་ནི། མཆོག་གསུམ་ལ་བློ་ལིང་གིས། སྐྱབས་སུ་འགྲོ་བ་ཙམ་ལས། དམ་བཅའ་དོན་མེད་དོ། །
སྐྱབས་འགྲོ་ལ་རྒྱུ་སློབ་པ་ལམ་གྱི་གནས་སྐབས་ཀྱི་སྐྱབས་འགྲོ་ལ་རྒྱུ་གཉིས་ལྡན་གྱི་སྐྱབས་འགྲོ་དང་། ཡང་མི་སློབ་ལམ་གྱི་སྐྱབས་འགྲོ་སོགས་བསྡུ་བའི་དབང་དུ་བྱས་ནས་རྒྱུ་བཞི་ལྡན་གྱི་སྐྱབས་འགྲོ་ཞེས་བཞེད། རྒྱུ་གཉིས་ལྡན་གྱི་སྐྱབས་འགྲོའི་ངོ་བོ་ནི། རང་ཉིད་འཁོར་བ་དང་ངན་་སོང་གི་སྡུག་བསྔལ་ལ་སྐྲག་ཅིང་། དེ་ལས་སྐྱོབས་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་ཀྱི་ཁྱད་པར་ཅན་ཞིག་ལ་ཟེར། གོང་དུ་དྲངས་པའི་ཀུན་བཟང་བླ་པའི་ཞལ་ལུང་གི་ཚིག་ཟིན་ཡང་དེ་ཡིན། ཡང་མི་སློབ་ལམ་གྱི་སྐྱབས་འགྲོ་ཡང་བསྡུ་བའི་དབང་དུ་བྱས་ནས་རྒྱུ་བཞི་ལྡན་གྱི་སྐྱབས་འགྲོ་ཞིག་མདོ་སྡེ་རྒྱན་ལས་གསུངས། འོན་ཀྱང་རྒྱུ་བཞི་བོ་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུ་ལ་བྱེད་དགོས་དེ། ཐུབ་པ་དགོངས་རྒྱན་ལས། རྒྱུ་བཞིས་སྐྱབས་སུ་འགྲོ་བར་རིགས་པར་བྱ་སྟེ། ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། སྟོན་པ་གཞན་ལ་བསྟེན་པ་མ་ཡིན་པས་སོ། དེ་རྣམས་ཀྱི་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུ་སྟེ། ཞེས་གསུངས་པས་སོ།
སྐྱབས་འགྲོའི་ངོ་བོ་དམ་བཅའ་ཞེས་པ་འདི་ཡིད་བཞིན་རིན་པོ་ཆེའི་མཛོད་དུ་ཡོད་དོ་སྙམ།
ངས་སྐྱབས་འགྲོའི་སྐོར་ལ་གསལ་བཤད་བྱས་པ་དེ་མཁས་པ་ལ་བགྲོ་གླེང་གི་ཆེད་མིན་པར། ན་མཉམ་ལ་ངོ་སྤྲོད་ཙམ་གྱི་ཆེད་ཡིན་ཡང་། ཟླ་མེད་ནས་གཞུང་ལུགས་ཀྱི་འགྲོས་ལྟ་བུའི་དོགས་འདྲི་གནང་བར་ཐུགས་རྗེ་ཆེ།
འོན་ཀྱང་དཔལ་སྤྲུལ་གྱིས་གསུངས་ན་ཀུན་བཟང་བླ་མའི་ནང་དུ་ཡོད་དགོས་པའི་ཁྱབ་པ་མེད་ལ། མ་གཞི་སྐྱབས་འགྲོའི་སྒོ་དབྱེ་ཟེར་བ་ནི་སྐྱབས་འགྲོ་ལ་འཇུག་པའི་སྒོ་འབྱེད་བྱེད་ཀྱི་ལྡེ་མིག་ལྟ་བུར་ཟེར་བ་རེད། ཁྱེད་ཀྱིས་དྲངས་མ་ཐག་པའི་ལུང་དེའི་ཀླད་དུ་༼སྤྱིར་ཆོས་ཐམས་ཅད་ཀྱི་སྒོ་དབྱེ་བ་སྐྱབས་འགྲོ་ཡིན་ལ།སྐྱབས་འགྲོའི་སྒོ་དབྱེ་བ་ནི།༽ཞེས་གསུངས་པ་དེ་ག་རང་རེད། ཁྱེད་ཀྱིས་ཁང་པའི་སྒོ་དང་ནང་ནོར་འདུག་ཧཧ
ངོ་བོ་དམ་བཅའ་ཡིན་པའི་ལུང་ན་དྲངས་མི་ཚར་བ་ཞིག་ཡོད་ན་ཡང་། ཁ་ཤས་ཤིག་དྲངས་ན།
མདོ་རྒྱན་གྱི་ཁས་ལེན་དེ་ཡང་ཞེས་པའི་ཐད་ཀྱི་དབྱེན་གཉེན་གྱི་འགྲེལ་བ་ལས། །སངས་རྒྱས་ཉིད་འདོད་པས་ཁས་ལེན་པ་ནི་སྐྱབས་སུ་འགྲོ་བའི་ངོ་བོ་ཉིད་ཡིན་ནོ། །ཞེས་དང་།
འཇུ་མི་ཕམ་པས་མཛད་པའི་མདོ་རྒྱན་འགྲེལ་ཆེན་ལས། སྐྱབས་སུ་འགྲོ་བ་འདི་ནི་སངས་རྒྱས་ཉིད་ཀྱི་དངོས་པོར་བདག་ཉིད་གྲུབ་པར་འདོད་པས། ་་་་་་་་་་་་་དེ་ཉིད་དུ་དམ་བཅའ་ཞིང་ཁས་ལེན་པ་་་་་་་ཞེས་སོགས་དང་།
ཀུན་དཔལ་སྤྱོད་འགྲེལ་ལས། ངོ་བོ་ནི་འཇིགས་པ་ལས་སྒྲོལ་བའི་དོན་དུ་སྐྱབས་སུ་འཛིན་ཅིང་དམ་བཅའ་བའོ། །ཞེས་དང་མདོར་ན་སྐྱབས་འགྲོའི་ངོ་བོ་ཁས་ལེན་དང་དམ་བཅའ་ཡིན་པར་ཤེས་པ་གལ་ཆེའོ། །ཞེས་སོ།
ང་ད་ལྟ་སློབ་ཕྲུག་ཡིན་ཞིང་། དེ་རིང་སྔ་དྲོ་ཡང་དུས་ཚིགས་ཀྱི་རྒྱུགས་སྤྲོད་ཅིག་གྲུབ་ཙམ་ཡིན་པ་དང་ཕྱི་དྲོ་ཡང་འཛིན་གྲྭ་ཡོད་པས་མང་པོ་ཞུ་བའི་དུས་ཚོད་མེད་ན་ཡང་། དངོས་གནས་བོད་ཡིག་གི་ཀློག་པ་པོ་ནང་ཆོས་ཀྱི་རྒྱུན་ཤེས་ཀྱི་སྐོར་ལ་ཤེས་འདོད་ཡོད་མཁན་ཞིག་གིས་སེམས་གཏིང་ནས་བྲིས་པ་ཡིན་ན་ལན་གང་ཤེས་ཞུ།
ཚེ་བཀྲ་་ཁྱོད་སླབོ་ཕྲུག་ཡིན་བཞིན་ཕགས་ནས
LAPTOB ཉར། དགེ་རྒན་འདྲ་སླེབས་མིནབལྟ་གིན་ལྟ་གིན་མཆན་བུ་བྲིས་ནས་ཅི་བྱེད། དེ་ལས་དང་པོ་སློབ་སྦྱོང་མཐར་ཕྱིན་པར་བྱོས། དེ་རྗེས་ལྷོད་ལྷོད་ངང་མོལ་བར་བྱའོ།།
དེ་འདྲ་ཡང་མ་རེད།
ང་ཡོད་སའི་སློབ་གྲྭ་འདིའི་སློབ་སྦྱོང་གི་ལས་དོན་མང་པོ་ཞིག་རྩིས་འཕྲུལ་རང་གིས་དགོས་པར་མ་ཟད་ཉལ་ཁང་དུ་ཤུགས་ཚད་ལེགས་ཤོས་ཀྱི་བརྡ་རྟགས་ཆུ་ཚོད་ཉེར་བཞིར་ཡོད་པ་རེད།
འདི་གཞི་རིམ་སློབ་གྲྭ་མ་རེད་ལ་ང་ཚོའི་ཆོས་གྲྭའི་འགྲོ་སྟངས་ཤིག་ཀྱང་མ་རེད།
ད་རེས་ནི་མེ་ཏོག་དཀར་པོས་ཞབས་འདྲེན་བཞག་སོང་། སྐུ་རྩེད་ཡིན།
ང་ཡོད་ས་ནི།
སྒོ་ར་གཅིག་ཏུ་གླིང་ལྔའི་སློབ་གྲོགས་འཛོམས། །
འཛིན་ཁང་གཅིག་ཏུ་མཐའ་བཞིའི་སྐད་རིགས་སྨྲ། །
ཡ་མཚན་ཡིད་དུ་འོང་བའི་སློབ་གླིང་འདི། །
ངེས་པ་དོན་གྱི་རྒྱལ་སྤྱིའི་ལྟེ་གནས་ཞིག།།
ཞེས་ཉེ་སྔོན་གུས་པར་བྲིས་པ་དེའོ།།
ཉེ་སྔོན་གུས་པར་ཞེས་པ་གུས་པས་ཞེས་སུ་བཅོས་རོགས།
སྐུ་པར་འདི་ཡིས་སྟོན་པ་བཅོམ་ལྡན་འདས་ངོ་མ་འདི་འདྲ་ཞིག་ཡོད་འདུག་སྙམས་པའི་དད་པ་ཞིག་རང་དབང་མེད་པར་བྱུང་སོང།
ཁོང་ནི་ད་ལྟའི་ཆོས་པ་ལྟ་བུ་མ་ཡིན་པར་ཞི་བདེ་དང་བྱམས་སེམས་འཚེ་མེད་སྙིང་རྗེ་ལས་སོགས་ཀྱིས་ཕྱུག་པ་ཞིག་ཡིན།
ད་ལྟ་ནི་འདི་ལྟར་རྣ་བས་གོ་བ་ཙམ་ལས་མིག་མཐོང་ལག་ཟིན་ནི་ཉིན་སྐར་ཙམ་ལས་ཀྱང་དཀོན་ནོ།
ལྷོ་རྒྱུད་ནང་པ་རྣམས་ཀྱིས་བཞེངས་པའི་སངས་རྒྱས་ཀྱི་སྐུ་བརྙན་དག་ལ་ག་དུས་ཡིན་ན་ཡང་ཡིད་འགྱུར་གྱི་ནུས་པ་ཐོན་པའི་ཞི་བ་དང་བག་ཕེབས་ཀྱི་ཉམས་བཟང་ཐུན་མིན་ཞིག་མཆིས་ལགས།
བདེན་པ་རེད། ལྷོ་བརྒྱུད་ནང་པ་དག་གིས་བཞེངས་པའི་སངས་རྒྱས་དང་ཉན་ཐོས་ཆེན་པོ་དག་གི་སྐུ་བརྙན་ལ་སངས་རྒྱས་ཟེར་བ་དེའི་སྐབས་དེའི་སྤྱོད་ལམ་དང་རྣམ་པ་ནི་འདི་ལྟ་བུ་ཞིག་མིན་འགྲོ་སྙམ་པའི་ཡིད་ལ་དུང་བ་དང་སྐྱོ་ཤེས་འདྲེན་ངེས་པ་ཞིག་འདུག
འོན་ཀྱང་བོད་ཀྱི་ལྷ་བཟོས་བྲིས་པ་ཞིག་ལ་ཨ་མདོ་བྱམས་པའི་སངས་རྒྱས་ཀྱི་བྲིས་ཐང་བཟང་བ་རེད།