རྫ་ཚེ་རིང་བཀྲ་ཤིས།
སྐད་ཆ་ཤོད་མཚམས་འདིར་སླེབས་དུས། སངས་རྒྱས་ཀྱིས། དགེ་བའི་བཤེས་དང་འཕྲད་པ་དཀའ། ཞེས་གསུངས་པ་དེ་ཤིན་ཏུ་བདེན་པ་རེད་དྲན། གང་རེད་ཅེ་ན། དེང་གི་དུས་སྐབས་འདིར་ནི་དེ་བས་ཀྱང་གནས་སྟངས་འདི་ཅུང་ཚབ་ཆེའི་ངོ་བོར་ཡོད་པ་རེད།
འོན་ཀྱང་ཁྱོད་ཀྱིས་ངེས་པར་དུ་སངས་རྒྱས་ཀྱི་ཆོས་པ་ཞིག་བྱེད་པར་འདོད་ན། ངེས་པར་དུ་ཡང་དག་པའི་དོན་གྱི་ཉམས་ལེན་དང་མཇལ་བར་འདོད་ན། ངེས་པར་དུ་རང་ཉིད་འགྱོད་པ་མེད་པའི་མི་ཚེའི་དགའ་བ་ཉམས་སུ་མྱོང་བར་འདོད་ན། ཡང་དག་པའི་དགེ་བའི་བཤེས་གཉེན་ནི་མེད་དུ་མི་རུང་བའི་ཆ་རྐྱེན་དང་པོ་རེད། གང་ཡིན་ཞེ་ན། དེས་ཁྱོད་ཀྱི་རེ་བ་དང་བསམ་པ་ཡོངས་སུ་རྫོགས་པར་བྱེད་ངེས་སོ།། འདི་ལ་དགོངས་ནས་སངས་རྒྱས་ཀྱིས་མདོ་སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས། དེའི་ཕྱིར་ཁྱེད་ཀྱིས་ཚད་དང་ལྡན་པའི་དགེ་བའི་བཤེས་གཉེན་ཞིག་བརྙེད་རྒྱུ་དེར་འབད་རྩོལ་ཆེན་པོ་བྱ་བའི་ཆེད་གཟབ་གཟབ་བྱ་དགོས། འདི་ལ་དང་པོ་བླ་མ་བརྟག་ལ་མཁས་པ་ཞེས་བྱ་བ་སྟེ། འདི་ནི་ཁྱོད་ཉིད་ཆོས་པ་ཚད་ལྡན་ཞིག་བྱེད་པའི་ཆ་རྐྱེན་གལ་ཆེ་ཤོས་དེ་རེད།
ད་དུང་དགོས་ངེས་གྱི་ཆ་རྐྱེན་གཞན་ཞིག་ནི། ཁྱེད་ཉིད་གྲོགས་པོས་མཚམས་སྦྱོར་བྱས་པའམ། རྐྱེན་ངན་པ་དང་འཕྲད་ནས་འུ་ཐུག་པའི་ལས་ཀ་ལྟ་བུས་སངས་རྒྱས་པ་ཞིག་བྱེད་པ་ཡིན་ཟེར་ན། དེ་ལ་དབང་པོ་བརྟུལ་བོ་དད་པའི་རྗེས་སུ་འབྲངས་པ་ཞེས་དམ་པའི་ཆོས་མངོན་པ་ལས་དེ་ལྟར་གསུངས་ཡོད། མདོར་ན་དེ་ནི་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་བསམ་བློ་ཚད་ལྡན་ཞིག་མ་རེད། ཡག་ཤོས་དེ་ནི་སངས་རྒྱས་ཀྱི་བསྟན་པའི་བརྗོད་བྱ་ལ་རྟོག་དཔྱོད་དང་ཞིབ་འཇུག་གི་ལམ་ནས་བློ་ལ་འཕྲོད་པོ་དང་། ཡ་མཚན་ཆེ་བའི་མྱོང་ཚོར་བྱུང་ནས་ད་བཟོད་རང་གཞན་གྱི་སྡུག་བསྔལ་མཐའ་དག་སེལ་བའི་ཐབས་ལམ་ཡག་ཤོས་དེ་ཡིན་པའི་ངེས་ཤེས་ཀྱི་ཐོག་ནས་བསྟན་པ་ལ་དད་གུས་དང་ཉམས་ལེན་བྱས་པ་ཡིན་ན། དེ་ནི་སངས་རྒྱས་ཐུགས་མཉེས་ཤོས་དང་རང་ལ་ཕན་ནུས་ཆེ་ཤོས་ཀྱི་འཇུག་སྟངས་དེ་ཡིན་ངེས། དེ་ལྟར་རྟོག་དཔྱོད་ཀྱི་ལམ་ནས་ཞིབ་འཇུག་བྱེད་པ་ལ་དང་པོ་མ་མཐའ་ཡང་རྒྱུན་ཤེས་སམ་རྨང་གཞིའི་རང་བཞིན་གྱི་ཤེས་བྱ་ཁག་གཅིག་ལ་དམིགས་གྱིས་ལྟ་རྟོག་བྱ་དགོས་པ་དང་། དེ་ནི་དཔེར་ན་སངས་རྒྱས་ཀྱི་བསྟན་པའི་སྤྱི་ཆིངས་ལྟ་བུ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་ཡང་ན་བདེན་པ་བཞི་ལྟ་བུ་རེད། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་འདི་ལ་མིང་གཞན་དུ་ཆོས་ཀྱི་སྡོམ་བཞི་ཞེས་ཀྱང་གསུངས་ཡོད། འདི་དངོས་སུ་སྟོན་པའི་སངས་རྒྱས་ཀྱི་བཀའ་བདག་གིས་ད་ལྟ་དྲན་ཐུབ་པ་དེ་ནི་འཕགས་པ་ཀླུའི་རྒྱལ་བོ་རྒྱ་མཚོའི་ཞུས་པའི་མདོ་རེད། མ་གཞི་བཀའ་འགྱུར་རིན་པོ་ཆེའི་ཁྲོད་དུ་ཀླུའི་རྒྱལ་པོ་རྒྱ་མཚོའི་ཞུས་པའི་མདོ་ཆེ་ཆུང་གཉིས་བཞུགས་པ་ལས་འདི་ནི་ཆུང་བ་དེའི་བརྗོད་དོན་ཧྲིལ་པོ་ཡིན།
མདོ་དེར་དངོས་སུ་གང་གིས་ཆོས་བཞི་པོ་འདི་བརྗོད་ན་དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་བརྗོད་པ་ཡིན་ཞེས་གསུངས་ཤིང་། དེ་ཡང་གོ་བདེ་བར་བཤད་ན། གང་གིས་ཚིག་འདི་བཞིའི་ནང་དོན་ལེགས་པོ་ཞིག་རྟོགས་ན་སངས་རྒྱས་ཀྱི་གསུང་ཡོངས་རྫོགས་ཀྱི་གཞི་རྩ་རྟོགས་པ་ཡིན་ཞེས་པའི་གོ་དོན་ཡོད། དེའི་ཕྱིར་འདི་ནི་སངས་རྒྱས་ཀྱི་བཀའི་འཕྲིན་བཟང་ཐམས་ཅད་ཀྱི་རྩ་བ་ཡིན་པ་དང་། དེང་རབས་ལོ་རྒྱུས་རིག་པ་བ་དག་གིས་ཀྱང་གནའ་རབས་ནང་ཆོས་ཞེས་ཟེར་ཞིང་། ཡོངས་གྲགས་སུ་བསྩལ་པའི་སངས་རྒྱས་ཀྱི་བཀའ་སློབ་རྩ་ཆེ་ཤོས་དང་རྙིང་ཤོས་སུ་གྱུར་ཡོད། འདི་ལ་ནང་པ་སངས་རྒྱས་པ་རྣམས་ལ་ངོས་འཛིན་མི་མཐུན་པ་ཡང་མེད་པ་འདྲ། དེ་བཞིན་འདི་ཉིད་སྔོན་ནས་ད་བར་སྤྱིའི་ཆ་ནས་ནང་བའི་མཁས་པ་སྤྱི་ནས་ལྟ་གྲུབ་གང་ཞིག་སངས་རྒྱས་ཀྱི་བཀའ་ཡིན་མིན་ནམ་དེ་དང་མཐུན་མིན་གྱི་ཚད་གཞི་མཇལ་བྱེད་གལ་ཆེ་ཤོས་སུ་བཟུང་ཡོད།
དེས་ན་ངས་ཀྱང་འོག་ཏུ་ཐོག་མར་འདི་གཉིས་ཀྱི་སྐོར་ལ་ངོ་སྤྲོད་ཤིན་ཏུ་སྟབས་བདེ་ཙམ་ཞིག་བྱ་རྒྱུ་ཡིིན།
མུ་འགོད། འདོན་ཐེངས་སྔ་མའི་འབྲེལ་ཐག་
དུས་ངན་སྙིགས་མའི་མཚང་ཆེན་རྣམ་པར་བདོ་བའི་རྟགས་སུ་ཆོས་པས་སྲིད་བསྐྱངས་ཤིང་། སྟོན་པ་རྣམ་འདྲེན་བཞི་པས་རྒྱལ་སྲིད་སྤང་དགོས་པའང་དོན་མེད་དུ་བཏང་། དགེ་བཤེས་དང་མཁན་པོ་བླ་མ་སོགས་ཀྱིས་ཁང་པ་དང་ཁང་ཆེན་བཟོས་ཏེ། བདག་ཅག་གིས་སྟོན་པས་རྫ་ཁང་བཤིག་པའང་ནོར་འཁྲུལ་དུ་བཏང་། རབ་ཏུ་བྱུང་བའི་རྟགས་ཅན་གྱིས་ཁྱིམ་གཞི་བཟུང་ཏེ། རྣམ་འདྲེན་བཞི་པའི་ཐུནམིན་གྱི་རྟགས་དེ་ཡང་ནུས་མེད་དུ་གྱུར། མི་རྣམས་བླ་མ་སྐད་གྲགས་སུ་ཆེ་དང་འཁོར་སློབ་སུ་མང་གི་རྗེས་སུ་རྙེགས་པ་ལས་ཚུལ་བཞིན་བཤེས་གཉེན་བསྟེན་པའི་ལམ་བཟང་ཡང་ནུབ་ལ་ཉེ་བའི་སྐབས་འདིར། བདག་ཅག་གི་སྟོན་པའི་གསུང་གི་ཉིང་ཁུ་ཆོས་ཀྱི་སྡོམ་བཞི་པོའི་དགའ་སྟོན་ད་དུང་ཡང་མ་ནུབ་པར་ཆེས་ཆེར་དར་བཞིན་པ་ནི་གློ་བ་དགའ་བའི་གནས་སོ།།
གྲོགས་རྫ་ཚེ་བཀྲ།
རྩོམ་ཡིག་འདི་བརྗོད་བྱའི་ཆ་ནས་ཧ་ཅང་ལེགས་པོ་འདུག ད་དུང་དེང་རབས་ཀྱི་མི་སྒེར་སོ་སོའི་དངོས་ཡོད་སྤྱི་ཚོགས་དང་འབྲེལ་ནས་དཔེར་མཚོན་རེ་བཞག་ཐུབ་ན། གདོན་མི་ཟ་བར་དེ་ལས་ཕུན་སུམ་ཚོགས་པར་འགྱུར་ངེས།
འོན་ཀྱང་རྩོམ་ཡིག་འདི་ཁ་བརྡ་དྲ་དེབ་དུ་བཀོད་ནའང་། ཁྱབ་རྒྱ་ཆུང་དྲགས་པས་བོད་ཡིག་ཀློག་ཤེས་མཁན་ཁ་ཤས་ཀྱིས་མ་གཏོགས་རོལ་མྱོང་བྱེད་མི་ཐུབ།དེ་ལས་རྩོམ་ཡིག་འདི་འཆད་ཁྲིད་ཀྱི་ངོ་བོའི་ཐོག་ནས ( Google Blog, Facebook,Youtube ) སོགས་ཀྱི་ཐོག་ཏུ་འཇོག་ཐུབ་ན་འདི་ཕྱོགས་ཀྱི་གཞོན་སྐྱེས་མང་བོ་ཞིག་ལ་ཕན་པའི་གསོས་སུ་འགྱུར་ངེས།
སྦྲ་རིགས་ཐོགས་མེད་ལགས་ནས་དོན་གནས་ཀྱི་དགོངས་ཚུལ་གསུངས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་གཅིག་ངེས་པར་དེ་ལྟར་གང་ཐུབ་བྱེད་གི་ཡིན་ལགས།
དངོས་གཙོ་སྨྲ་དང་རྒྱང་འཕེན་གཉིས། །
ཚེ་འདིའི་མཁོ་འབད་གཅིག་མཚུངས་རེད། །
ཚན་རིག་པ་དང་རྟོག་གེ་བ། །
གྲུབ་མཐའ་མེད་པ་གཅིག་མཚུངས་རེད། །