རིན་ཆེན་སྒྲོལ་མ།
ངོ་གདོང་ལ་བབས་པའི་གཉེར་མ་བརྩི་མྱོང་མེད་མོད། སེམས་ཁོང་ལ་ཟགས་པའི་རེ་སྒུག་ཧ་ཅང་སྟུག་ན། བསམ་གཞིགས་ཀྱི་དར་སྐུད་མི་བསྲིངས་ཐབས་མེད་རེད། ངས་ཁྱེད་ལ་འདྲི། གྲོག་མོ་འདིའི་ཕུག་ན་ཅི་ཞིག་མ་ལོན་པ་ཡིན་ནམ།
ཁོ་ཚང་གི་ཁང་བརྩེགས་ཤིན་ཏུ་མཐོ་ལ། སུ་ཚང་གི་མགོ་བོ་བྲང་ལ་བཏུད་པས། རྐུབ་སྟེགས་དེའི་ཕན་ཡོན་ངེས་པར་འཚོལ་འདོད། ངས་ཁྱེད་ལ་འདྲི། རྨི་ལམ་གྱི་ཁྲོད་ནས་ཕུགས་འདུན་རྙེད་ཨེ་སྲིད།
བྱེ་ཐང་གི་གཏམ་རྒྱུད་རུམ་ནས་ལོ་མང་འགོར་ཡང་། དམིགས་གཏད་ཀྱི་མཚོ་ཁ་ནམ་རྒྱུན་སྟོང་བས། གངས་སུལ་དུ་སྒྲ་དབྱངས་ཤིག་མེད་པར་སེམས། ངས་ཁྱེད་ལ་འདྲི། འབྱུང་འགྱུར་གྱི་ལོ་ཟླ་དབྱར་གཞུང་ཡིན་ནམ།
ཉི་ནུབ་ཀྱི་རི་རྩེ་ཁྲག་གིས་ཚོས་ཤིང་། ཐག་རིང་གི་སེམས་པ་གདུང་བས་མནར་ཚེ། མགོན་སྐྱབས་དང་དཔུང་གཉེན་སུ་ཡང་མི་འདུག ངས་ཁྱེད་ལ་འདྲ། ཁེར་རྐྱང་གི་ལོ་ཟླ་མིག་ཆུ་ཡིན་ནམ།
སྙན་ངག་རྐང་ཆག་ལེགས་པོ་ཞིག་བྲིས་འདུག
ངས་ཁྱེད་ལ་བཤད།
འབྲོང་གི་རུས་པ་ལ་གསེར་ནག་གི་དམ་བཅའ་བརྐོས་ཡོད་ན། བགད་མྱོང་བ་དང་ངུ་མྱོང་བའི་ཁ་གྲངས་མི་བརྩི།རྒྱང་རིང་གི་རྒྱང་རིང་དེ་འཚོ་བའི་སྙིང་བོ་ཡིན་ན།ངས་ཁྱེད་ལ་བཤད།སང་ཉིན་གྱི་ཕུག་ན་ཡོད་པ་ཉག་ཅིག་ནི་འོད་ཟེར་ཡིན།
ལོ་མ་རླུང་གིས་གཏོར་བ།སྡོང་པོ་མཐོ་བས་མ་ཡིན།གླེང་འོས་བ་ནི་དགུང་ལ་ཟུག་པའི་ཚུགས་ཀ་དེ་ཡིན།ངས་ཁྱེད་ལ་བཤད།དཔྱིད་རླུང་གི་ཁྲོད་ནས་ལོ་མ་རྙེད།
བདེན་པ་ལ་བྱེ་ཐང་གི་གཏམ་རྒྱུད་མོད་པས།རིན་ཐང་གི་རྒྱ་ཁ་ན་ལྗིད་ཚད་མཐོ།རྨི་ལམ་ནི་ནམ་ཡང་རྨི་ལམ་ཡིན།ངས་ཁྱོད་ལ་བཤད།ཉི་མ་ལ་གཏད་ན་ནག་ཐིག་ཅི་ཡང་མི་མཐོང་།
གནམ་ནས་བབས་པ་ཁྲག་དང་།ས་ན་རྒྱུ་བ་སྡུག་ཡིན་ན།དེ་ནི་དུས་ཀྱིས་དཔར་བའི་ས་སྟེང་གི་ཞབས་རྗེས་ཡིན།ངས་ཁྱོད་ལ་བཤད།ཁེར་རྐྱང་ནི་མ་འོངས་བའི་ལམ་རྒྱགས་ཡིན།
ཇོ་མོ་རིན་ཆེན་སྒྲོལ་མ་ལགས། ཁ་གསལ་བོ་ཞིག་བྲིས་དང་། དུས་རབས་གསར་བ་རེད། གོ་བདེ་བོ་ཞིག་བྲིས་དང་། བོད་ཡིག་གི་ཞབས་འདེགས་རེད། དེ་མིན་ཁྱེད་རང་ཁྱེད་རང་གི་འཇིག་རྟེན་ལས་མིའི་སྤྱི་ཚོགས་ལ་གོ་བརྡ་མི་འཕྲོད་པའི་ཆོས་ལགས་ཁེར་འདུག་ཞིག