ནགས་ཤོད་སད་མི།
ཡུལ་ཤུལ་ས་འགུལ་རྗེས་ཀྱི་ཚེས ༡༧ ཉིན། འདས་པོ་ཉིས་སྟོང་ལྷག་གི་ཕུང་པོ་ཞུགས་འབུལ་སྐབས། མི་སེམས་ཚལ་པར་གཏུབས་འགྲོ་བའི་སྐྱོ་གླུ་འདི་འདྲ་གོ་སོང༌།
པེ་ཅིང་གསར་འགོད་པ་ཞིག་གི་སྐབས་འཕྲལ་ཟིན་བྲིས་ནང་བཀོད་དོན། “ ངས་ཁྱོད་ཀྱི་སྐད་ཆ་མི་གོ་ན་ཡང༌། ཁྱོད་ཀྱི་སྡུག་བསྔལ་གོ་ཐུབ། འདི་ནི་ངས་ཡུལ་ཤུལ་ས་གནས་སུ་ཕུང་པོ་ཞུགས་འབུལ་སྐབས་རང་གི་ཨ་མ་གྲོངས་པའི་བུ་མོ་ཞིག་གི་སྐྱོ་གདུང་གི་གླུ་དབྱངས་ནང་འཇུག་བྱས་པའི་སྐད་སྒྲ་རེད། དུས་དེར། ང་ངུ་བཞིན་ངའི་གཅེན་གཅུང་ཚོས་འཐེན་གྱིན་པའི་མ་ཎི་འབྲུ་དྲུག་གི་དབྱངས་རྟ་དེ་རྫོགས་རྫོགས་བར་ཉན། མོས་སྤྱན་རས་གཟིགས་བོས་ནས་གསོལ་འདེབས་ནན་མོ་བྱས་པ་མ་ཟད། ཐུགས་རྗེ་ཆེན་མོ་ལ་གསོལ་བ་དྲག་ཏུ་བཏབ། ད་དུང༌། ཡང་ནས་བསྐྱར་དུ་ྋ རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོས་ནས་གསོལ་སྨོན་ཕུར་ཚུགས་སུ་བཏབ་སོང༌། ”
“ ངུ་ངག་དང་སྐྱོ་ཚིག་སྡེབ་པའི་སྐད་སྒྲ་དེ་ནི། བར་དོའི་འཕྲང་འགག་ཏུ་རྐང་རྡོག་སྤོས་ཟིན་པའི་རང་གི་ཨ་མར་བོས་པའི་སེམས་གཏིང་གི་སྨྲེང་གླུ་རེད་ལ་་་་་་་་་་་་་”
གསར་འགོད་པ་འདིས་ད་དུང་སྐབས་དེའི་སེམས་ཚོར་ཡིག་ཐོག་ཏུ་བཀོད་པ་འདི་ལྟར། “ ངས་བར་ཐག་ཉེ་ས་ནས་པར་ལེན་བྱ་མི་འདོད་ལ། རིང་ས་རིང་ས་ཞིག་ནས་ཁོང་ཚོའི་འཆི་གསོན་དང་འདུ་འབྲལ་ལ་ལྟ་བཞིན་ཡོད། ངས་ནང་འཇུག་བྱས་པའི་སྐད་སྒྲ་དེ་ནི། མིའི་རིགས་སུ་གཏོགས་པའི་འགྲོ་བ་ཡོངས་ཀྱིས་གོ་ཐུབ་པའི་ངུ་སྐད་རེད།”
“ དེར་འཁོད་བོད་མི་ཡོངས་ཀྱི་མ་ཎིའི་དབྱངས་རྟ་དེ་ནི། རྒྱུན་གཏན་དང་མི་འདྲ་ལ། ཅི་འདྲའི་རིང་ཞིང་སྐྱོ་ངལ་ལྡན་པ་ཞིག་རེད་པས། ངའི་མིག་ཆུ་ཡང་རྒྱུན་གཅོད་བྱ་ཐབས་བྲལ། ”
ངས་གོང་དུ་འབྲེལ་ཐག་འདི་བཀོད་པ་ཡིན་ཡང།ཁ་བརྡ་ཚང་གི་གོ་མི་འདུག་
http://news.sohu.com/20100418/n271584849.shtml
འདི་ནའང་འདུག་།དེ་བཞིན་ག་ས་གང་དུ་བཀོད་པར་ཞུ།
http://www.youtube.com/watch?v=Oir5CTCg-8s
ས་གཡོ་མེ་སྒྲ་འབྱུང་བཞིས་གནོད་པ་ཡིས། ། །
སྐྱེ་རྒུར་ལས་ཀྱིས་མནར་བའི་ཉམས་ཐག་རྣམས། །
མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །
འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་ཟུངས། །
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ཨ་ཇག་འདིས་གསོལ་འདེབས་དང་མ་ཎིའི་དབྱིངས་རྟ་ལས་བདག་གི་སེམས་ཀྱི་གཏིང་ནས་སྐྱོ་བའི་གཟིར་སོང་། ངས་ཡང་དང་བསྐྱར་ཏུ་ངས་འདི་ལ་བལྟས་པ་ཡིན། ཡང་དང་བསྐྱར་ཏུ་ངའི་མིག་ཆུ་ཤོར་སོང་།
ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
དྲིན་ཆེན་གྱི་ཨ་མ་ལོ་ལོ། །
འབྲལ་འདོད་ཅིག་སེམས་ལ་མེད་ཀྱང་། །
ཁྲེལ་མེད་ཀྱི་འཆི་བདག་རྒོད་པོས། །
དབང་མེད་དུ་གཤིན་ཡུལ་ཁྲིད་སོང་། །
ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ཕྱི་སྣོད་ཀྱི་ས་ཡོམ་ཆེན་པོས། །
ནང་བཅུད་ཀྱི་སྒྱུ་ལུས་བཅོམ་ནས། །
གསང་ཆེན་གྱི་སྲོག་རྩ་བཅད་པས། །
དྲིན་ཆེན་མ་གཤིན་ཡུལ་འགྲིམས་སོང་། །
ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
དད་གུས་ཀྱི་སྨོན་ལམ་འདེབས་ས། །
འདི་ཕྱི་ཡི་སྐྱབས་འཇུག་ཞུ་ས། །
བླ་མ་ནི་རྒྱལ་བ་རིན་ཆེན། །
ཨ་མ་འདི་ལམ་སྣ་དྲོངས་ཤིག །
ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
གྲོགས་མེད་ཀྱི་ཨ་མ་ཁེར་རྐྱང་། །
མཐའ་མེད་ཀྱི་བར་དོ་འགྲིམ་དུས། །
མཚུངས་མེད་ཀྱི་ཡིད་བཞིན་ནོར་བུ། །
མགོན་མེད་མ་ཐུགས་གིས་མ་བོར། །
ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
པད་དབྱངས་ཀྱི་གདངས་གཤིས་ཅི་ཡོད། །
ཡིད་འོང་གི་བརྩེ་གདུང་ཟབ་མོས། །
ཨ་མ་ཡི་དགེ་དོན་བསྔོས་པས། །
ཕན་བདེ་ཡི་ནམ་མཁར་གང་སྨོན། །
ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
མ་གྱུར་གྱི་སེམས་ཅན་ཐམས་ཅད། །
མ་རྒན་གྱི་ཨ་མ་ཇི་བཞིན། །
མ་དག་གི་འཁོར་བའི་སྡུག་བསྔལ། །
མ་ལུས་ཀུན་མྱུར་དུ་བྱང་སྨོན། །
ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ངས་ནི་བུད་མེད་དེའི་སྐད་ཆ་ཚང་མ་གོ་ཐུབ་ཀྱི་འདུག འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་སྐད་བསང་མཐོན་པོས་སྐྱོ་བའི་དབྱངས་རྟ་ལ་སྦྱར་ནས་འདོན་གྱི་འདུག སྡུག་གི་གཟེར་བའི་བོད་མིས་ཐག་རིང་ན་ཡོད་པའི་རྩ་བའི་བླ་མར་མཁྱེན་པ་སྨོན་ལམ་འདེབས་པ་དེ་རེད་འདུག ཁ་རྒྱུན་དུ་གྲགས་པའི་བླ་མ་རྒྱང་འབོད་ཟེར་བ་དེ་ཡང་འདི་འདྲ་པོ་ཞིག་མིན་འགྲོ། སྐྱོ་བའི་དབྱངས་རྟ་ལ་སྦྱར་བའི་མ་ཎི་འདོན་མཚམས་བཞག་རྗེས་ངུ་ངག་འདྲེས་མའི་ངང་དུ་རྩ་བའི་བླ་མ་སྐྱབས་མགོན་རིན་པོ་ཆེའི་མཚན་ཡང་ནས་ཡང་དུ་སྐྱོར་གྱི་འདུག ལས་ངན་གཤིན་པོ་དེ་དག་གི་ལམ་སྣ་འདྲེན་རོགས་ཟེར་གྱི་འདུག མོ་རང་གི་མ་དྲིན་ཆེན་དེ་ཡང་སྱོམ་ནང་དུ་འདས་གྲོངས་སུ་ཕྱིན་སོང་ཟེར་གྱི་འདུག མ་གྲོངས། གཉེན་བཤེས་གྲོངས། ཡུལ་མི་གྲོངས། ཕ་ཡུལ་དུམ་བུར་གས྄དུས་མགོ་ཐོག་ན་འཇོག་པའི་རྩ་བའི་བླ་མ་དེ་ཡང་འཁྲིས་སུ་ཕེབས་མ་བཅུག་པས། རྒྱང་རིང་པོའི་ས་ནས་མཁྱེན་པ་སྨོན་ལམ་འདེབས་དགོས་པ་འདི་ནི་ས་ཐོག་ན་བོད་མི་ཙམ་གྱི་སྐྱོ་གདུང་ཡིན་ངེས་རེད།