ཀ་ཉག་ཚེ་རིང༌།
དེ་ རིང་ནི་གུང་ཁྲན་ཏང་ཚུགས་ནས་ལོ་དགུ་བཅུ་འཁོར་བའི་ཉིན་མོ་དང༌། བོད་ཞི་བའི་བཅིང་གྲོལ་བཏང་ནས་ལོ་དྲུག་ཅུ་འཁོར་བའི་ཉིན་མོ་ཡིན་ཟེར་ནས་གུང་ཁྲན་ཏང་སྲིད་གཞུང་གིས་ས་གནས་མང་པོར་རྟེན་འབྲེལ་གྱི་མཛད་སྒོ་ས་གཞིས་མི་ཐེག་པ་ལྟ་བུའི་རྒྱ་ཆེན་པོ་བཤམ་གྱིན་ཡོད་མོད། རྒྱལ་ཁབ་ཚད་ལྡན་ཞིག་ཡིན་ན་རང་ཉིད་ལ་ཆེས་གལ་ཆེ་ཞིང་ཉིན་མོ་འདིར་ཆེས་དགའ་ དགོས་པའི་མི་མང་ས་ཡ་མང་པོས་ངོས་འཛིན་བྱེད་སྟངས་དེ་ལས་ལྡོག་སྟེ་མི་ཡུལ་དུ་ ཞི་བདེ་དང་དམངས་གཙོའི་དགྲ་བོ་སྟོབས་ཆེ་ཤོས་དེ་ཐོག་མར་བཙས་པའི་ཉིན་མོ་ལ་ངོས་ འཛིན་བྱས་ཡོད་ལ༌། དེ་དང་མཉམ་དུ་བོད་མི་རྣམས་ཀྱིས་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་རང་ གི་རྒྱལ་ཁབ་དང་མངའ་ཐང་ཡོད་ཚད་གུང་ཁྲན་ཏང་གིས་བཙན་བཟུང་བྱས་པའི་ཆེས་མུན་ནག་ གི་ཉིན་མོ་ཞིག་ལའང་ངོས་འཛིན་བྱེད་བཞིན་ཡོད། སྲིད་གཞུང་གིས་ང་རྒྱལ་དང་གཟི་བརྗིད་དུ་རློམ་གྱིན་པའི་སྐར་ལྔའི་དར་དམར་བཙན་ དང་དབང་གིས་མི་ཚང་རེ་རེའི་ཁང་ཐོག་སླངས་དུས་སྙིང་ལ་གྲིས་བཙུགས་པ་ལྟ་བུའི་ན་ ཟུག་ཆེན་པོ་ཞིག་མི་སེམས་མང་པོར་གཅིག་མཚུངས་སུ་བྱུང་ཡོད། ཉིན་ཤས་གོང་ནས་དེ་རིང་གི་བར་དུ་ད་ལྟའི་རྒྱ་ནག་གི་མངའ་ཐང་དུ་རློམ་གྱིན་པའི་ ས་གཞི་ཧྲིལ་བོ་སྐར་ལྔའི་དར་དམར་གྱིས་ཁེབས་པར་བྱས་ཡོད་མོད། དར་དམར་རེ་རེའི་རྒྱབ་ལྗོངས་སུ་བློས་དཔོག་དཀའ་བའི་ལོ་རྒྱུས་ཀྱི་རྨ་ཁ་མང་པོ་ ཞིག་ཕྱིར་མངོན་ཡོད། དཔེར་ན་རྔ་བའི་ཕྱོགས་སུ་ཉིན་ཤས་གོང་ནས་དམར་དམག་གིས་མི་ཚང་རེ་རེ་བཞིན་སྒོ་ ཉུལ་བྱས་ཏེ་སྐར་ལྔའི་དར་དམར་རེ་རེ་བཙུགས་ཡོད་ལ། དེ་དང་མཉམ་དུ་༼དར་དམར་མར་ཕབ་ན་ལོ་བཅུར་བཙོན་འཇུག་བྱེད་ཀི་ཡིན་༽ཟེར་ བའི་མི་སེམས་ནས་འཇགས་མི་སྲིད་པའི་སྐད་སྒྲ་གཟན་པོ་ཞིག་ཀྱང་མི་ཚང་རེ་རེ་བཞིན་ བསྒྲགས་ནས་སོང་ཡོད་པ་འདིས་མི་མང་པོ་ཞིག་གིས་དར་དམར་ལ་བཟུང་བའི་རྣམ་འགྱུར་ གསལ་པོར་མངོན་ཡོད་ལ། དར་དམར་ལ་བཟུང་བའི་རྣམ་འགྱུར་ནི་རྒྱལ་ཁབ་དང་སྲིད་གཞུང་ལ་བཟུང་བའི་རྣམ་ འགྱུར་དང་ངོས་འཛིན་ཞིག་ཀྱང་ཅི་ལ་མིན། མ་ གཞི་དུས་རབས་ཉེར་གཅིག་པ་འདིར་སྲིད་གཞུང་གིས་གལ་ཆེན་པོར་བརྩི་བའི་དུས་ཆེན་ ནི་མི་མང་གིས་ཀྱང་གལ་ཆེ་བའི་དུས་ཆེན་ཞིག་ལ་ངོས་འཛིན་བྱེད་འོས་པ་ལྟ་བུའི་ སྣང་ཚུལ་ཞིག་རྒྱ་ཁྱབ་ཏུ་ཡོད་ནའང༌། དེ་རིང་གི་དུས་ཆེན་འདི་ལ་དེ་ལྟར་མི་མང་དང་སྲིད་གཞུང་གཉིས་བསམ་པ་གཅིག་ཏུ་ འདྲེས་མེད་པར། གནམ་ས་ལྟ་བུའི་བར་ཐག་གིས་ཆོད་པའི་ངོས་འཛིན་ཁ་ཁར་གྱུར་ཡོད་པར་མ་ཟད། གཅིག་གིས་དགའ་འབོད་དང་ཀི་བསྭོ་སྒྲོག་དུས། གཅིག་གིས་ངུ་འབོད་དང་རྒོལ་གཏམ་བསྒྲགས་ཡོད། འདི་ནི་དུས་ཚོད་ཐུང་ཐུང་ཞིག་གི་ལོ་རྒྱུས་ཀྱི་དོན་རྐྱེན་གཅིག་ལ་ངོས་འཛིན་ བྱེད་སྟངས་ཙམ་མིན་པར། མི་ལོ་ཧྲིལ་བོ་དྲུག་ཅུའི་རིང་གི་ལོ་རྒྱུས་ཀྱི་ཕྱོགས་དང་ཟུར་ཆ་ཚང་བར་བཟུང་ བའི་རྣམ་འགྱུར་ཞིག་དང༌། ཕྱོགས་ཚང་མ་མཐོང་བའི་ལྟ་སྟངས་ཤིག་ཀྱང་ཡིན་ཐག་ཆོད།
དུས་ རྒྱུན་མི་རིགས་དང་རིག་གནས་ལ་དབྱེ་བ་མེད་པར་གལ་ཆེ་བའི་དུས་ཆེན་སྲུང་བརྩི་ བྱེད་པའི་ཉིན་མོར་མི་ཚང་མས་ལུས་ལ་མི་རིགས་རིག་གནས་ཀྱི་མཚོན་བྱེད་ལྟ་བུའི་ གཟབ་འཕྱོར་སྣ་ཚོགས་སྤྲས་ཤིང༌། སེམས་པ་དགའ་སྤྲོས་ཁེངས་ནས་དུས་ཆེན་གྱི་མཛད་སྒོར་དངོས་ཞུགས་བྱེད་རྒྱུར་ཧ་ཅང་ བྲེལ་བྲེལ་དུ་ཡོད་ནའང༌། དེ་རིང་གི་དུས་ཆེན་འདིའི་གྲིབ་ནག་འོག་ཡོད་པའི་མི་མང་ས་ཡ་མང་པོ་ཞིག་གིས་ལུས་ ལ་མྱ་ངན་གྱི་ཆས་གོས་སྣ་ཚོགས་གྱོན་ཞིང༌། སེམས་ལ་ལོ་རྒྱུས་ཀྱི་རྨ་ཁ་མང་པོ་དྲན་བཞིན་ཆེས་བསྒྲུབ་ན་འདོད་པ་ནི་དེ་རིང་ གི་དུས་ཆེན་འདིའི་བདག་པོ་ལ་ངོ་རྒོལ་གྱི་འབོད་སྒྲ་མཐོན་པོ་ཞིག་སྒྲོག་རྒྱུ་ ཡིན་སྲིད་ལ། དུས་ཆེན་གྱི་བདག་པོས་ཀྱང་དེ་ལྟ་བུའི་དོན་དངོས་རྟོགས་ཡོད་པ་འདྲ་སྟེ། དུས་ཆེན་ལ་ཡིད་མ་རིངས་པའི་མི་མང་ས་ཡ་མང་པོའི་སྡོད་གནས་ཀྱི་གྲོང་སྡེ་ཆུང་ ཆུང་ཡན་ཆད་ནས་གྲོང་ཁྱེར་ཆེན་པོའི་མན་ཆད་ཚང་མར་དྲག་པོ་དམག་གིས་དམ་པོར་བསྡམས་ ནས་ཐ་ན་རང་དབང་གི་འགྲོ་འདུག་ཙམ་པོ་ཡང་རྩད་ནས་འཕྲོག་ཡོད་པ་འདི་ལྟར་ནའང༌། ད་དུང་མི་རིགས་སྲིད་ཇུས་ཟེར་བའི་དར་ཆ་མཐོན་པོ་ཞིག་དང༌། སྤྱི་ཚོགས་འཆམ་མཐུན་ཟེར་བའི་ཁ་དབྱངས་སྙན་མོ་ཞིག་འཛེམ་ཟོན་ཅུང་ཙམ་ཡང་མེད་པར་ ག་ས་གང་དུ་སྒྲོག་གིན་པ་མཐོང་དུས་ང་ལ་ནི་སེམས་གཏིང་ནས་ན་ཟུག་སྐྱེས་བྱུང༌། སྲིད་གཞུང་འདིས་ཕྱི་ཡུལ་དུ་རྒྱང་ཕུད་བཏང་བའི་མི་ཚང་མས་དེ་བ་ཚང་གི་དེ་རིང་ གི་དུས་ཆེན་ལ་རྒོལ་གཏམ་རེ་རེ་ཅིས་ཀྱང་བསྒྲག་དགོས་པར་མཐོང༌།
ཨ་མའི་བུ་རྒོད། ངས་ཀྱང་དེ་ལྟར་བྲིས་ན་འདོད་ཀྱང་བྱུང་མ་སོང་། ཐུགས་རྗེ་ཆེ། ཁ་དྲོ།
ངོ་རྒོལ་ཞེས་པ་ནི་སོ་སོའི་ཐོབ་ཐང་ལ་བཙན་གནོན་བྱེད་པ་ལ་རྟེན་ནས་བྱུང་བ། དཔེར་ན་མི་སོ་སོའི་སེམས་ནས་ཐག་ཆོད་ཚར་བ་དང་སོ་སོའི་དགའ་ཞེན་ཡོད་པའི་ལས་རིགས་དག་ཁ་ནས་བརྗོད་པ་དང་ལག་གིས་ལས་པ་ལ། མཐུན་རྐྱེན་ཉུང་ཞིང་འགལ་རྐྱེན་མང་བ་དག ནམ་ཞིག་ཉར་མ་ཐུབ་པར་གས་འཐོར་དུ་སོང་བ་ལ་ངོ་རྒོལ་ཟེར་བ་དེ་བྱུང་བ་རེད། ངོ་རྒོལ་གྱི་མཇུག་འབྲས་ནི་བཟང་ངན་གཅིག་ཏུ་མ་ངེས་པས་ཐོབ་ཤོར་ལ་ཡང་ངེས་པ་མེད་པ་རེད། དེས་ན་འུ་ཚོའི་ཡང་ངོ་རྒོལ་གྱི་ལས་རིམ་བརྩམ་ཐུབ་པ་ཡིན་ན་མཇུག་འབྲས་ཀྱང་ཡོང་སྲིད་པ་རེད།།
བདེན་པ་རེད། རྒྱ་ནག་གཞུང་གིས་ད་ལོ་བོད་ཞི་བའི་བཅིང་གྲོལ་བཏང་ནས་མི་ལོ་དྲུག་ཅུ་འཁོར་བའི་ལོ་ཡིན་ཟེར་ནས་རྒྱལ་སྤྱིའི་ཕྱི་ནང་ཀུན་ཏུ་གསལ་བསྒྲགས་བྱས་པ་མ་ཚད། འདི་ལོའི་བོད་ལྗོངས་བརྙན་འཕྲིན་ཁང་གི་ལོ་སར་དགོངས་ཚོགས་ཐོག་ཏུ་ཡང་རྒྱ་སྐད་བོད་སྐད་གཉིས་ཀྱི་ཐོག་ནས་གསལ་བསྒྲགས་བྱས་སོང་། དེ་ནི་ང་ཚོ་བོད་མི་རིགས་ལ་མཚོན་ན་གཡག་བསད་པས་མ་ཚད་གཡག་རྔ་འཕྱོར་འདོགས་ལོས་ཡིན། སྤྱིར་ཡིན་ན་ང་ཚོས་ཡང་ཉི་མ་འདིར་བོད་རྒྱ་དམར་གཞུང་གིས་བཙན་འོག་ཏུ་ཤོར་ནས་མི་ལོ་དྲུག་ཅུ་འགོར་བའི་མྱ་ངན་ཚོགས་འདུ་འམ་ངོ་རྒོད་ལས་འགུལ་ཞིག་སྤེལ་དགོས་ངེས་རེད། ད་ཁ་སྟོང་པ་རེ་བཤད་ནས་འདུག་རྒྱུ་མ་གཏོགས་གང་ཡང་བྱུང་མ་སོང་།
དེ་རིང་ནི་བོད་ཞི་བའི་བཅིང་གྲོལ་བཏང་ནས་ལོ་དྲུག་ཅུ་འཁོར་བའི་ཉིན་མོ་ཡིན་ཟེར་ནས་གུང་ཁྲན་སྲིད་གཞུང་གིས་ས་གནས་མང་པོར་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་པོ་བཤམ་གྱིན་ཡོད་མོད། ང་ཚོ་བོད་དང་རྒྱ་གུང་ཁྲན་གཉིས་ཀྱི་ཐ་བསྙད་ལ་ཁྱད་པར་ཡོད་པས། བོད་པའི་ཞི་བ་ནི་མིང་དང་དོན་མཐུན་པའི་ཞི་བ་དང་། རྒྱ་གུང་ཁྲན་གྱི་ཞི་བ་ནི་དྲག་པོ་ཞེས་པའི་དོན་ཡིན་སྟབས། དོན་ལ་དེ་རིང་ནི་བོད་ལ་དྲག་པོའི་བཙན་འཛུལ་བྱས་ནས་ལོ་དྲུག་ཅུ་འཁོར་བའི་ཉིན་མོ་ཡིན་ཞེས་པའི་དོན་རེད། མ་གཞི་ནས་ཁོ་ཚོ་ནི་ཡང་དག་པའི་གནས་ལུགས་དང་ཡང་དག་པའི་དྲང་བདེན་དང་འགལ་ཟླ་ཡིན། དེར་བརྟེན་རྟེན་འབྲེལ་གྱི་མཛད་སྒོ་བཤམ་མིན་ལ་མ་ལྟོས་པར་ག་དུས་ཡིན་ན་ཁོ་ཚོའི་བྱ་སྤྱོད་ལ་ངོ་རྒོལ་ཡོད།
བདེན་པ་རེད། ང་ཚོ་སུ་ཡིན་ཡང་འདི་འདྲ་བའི་ངོ་རྒོལ་ལས་འགུལ་རིགས་ལ་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་རེད། ང་ཡང་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཚུད་ཡོད་མོད། ཆེན་པོ་ཞིག་མ་འཇོན་ཐལ། གང་ལྟར་དེ་བ་ཚང་གི་ཡོད་ཚད་ལ་ངོ་རྒོལ་ཡོད། མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀི་ཡོད།