འབའ་སྲས།
འབྲོག་པས་གཡག་རོག་དྲན་པའི་སྙན་ངག་འབྲི།།
འབྲོག་པས་གཡང་དཀར་དྲན་པའི་སྐྱོ་གླུ་ལེན།།
འོན་ཀྱང་རོང་བས་བོང་བུ་དྲན་པ་དང་།།
ཕག་པ་དྲན་པའི་སྙན་ངག་ད་སྔ་མེད།།
སྒོ་ཟོག་གཡག་དང་བོང་བུའི་ཁྱད་པར་ཅི།།
དེ་བཞིན་ལུག་དང་ཕག་ལ་མཆོག་དམན་གང་།།
རོང་འབྲོག་དཀའ་སྡུག་གཡག་དང་བོང་བུས་བསྐྱེད།།
རོང་འབྲོག་ཁ་ལྟོ་ཕག་དང་ལུག་ལ་བསྟེན།།
ད་དུང་འབྲོག་པས་ཕ་ཡུལ་དྲན་པའི་གཏམ།།
ཕལ་ཆེ་སྤང་དང་སྦྲ་ནག་གཉིས་ལ་སྦྱར།།
འོན་ཀྱང་རོང་བས་ཞིང་ཁ་དྲན་པ་དང་།།
ས་མཁར་སྐྱ་བོ་དྲན་པའི་སྐད་ཆ་ཉུང་།།
དེས་ན་སྒོ་ཟོག་བོང་བུ་ཕག་པ་བྱ།།
ར་མ་བ་མོ་ཞིང་ཁ་ཆུ་རྐ་སོགས།།
ཕྱུག་དང་ཁོར་ཡུག་འབྲོག་དང་མི་འདྲ་བའི།།
ཕ་ཡུལ་དྲན་པའི་སྙན་ངག་བདག་གིས་འབྲི།།
རྨ་ཆུ་གཙང་མོས་དཔལ་དར་འཐེན་འདྲ་དང་།།
ལོ་ལེགས་སྙེ་མས་མཆོད་པ་འབུལ་འདྲ་བ།།
རྒྱབ་རིའི་ནགས་ཀྱིས་ལ་རྩེ་གཏད་འདྲ་བའི།།
ས་མཁར་ཤིང་སྒོ་ཅན་གྱི་ཕ་ཡུལ་དྲན།།
ལོ་ལོན་རྒན་པ་མ་ཎི་ཁང་དུ་འདུས།།
ཕོ་སར་མོ་གསར་སྲང་དང་ལམ་དུ་འཛོམས།།
བྱིས་པ་ན་ཆུང་གཡུལ་ཁ་ནང་དུ་འཚོགས།།
ལོ་མཉམ་སྐོར་འཚོགས་བྱེད་སའི་ཕ་ཡུལ་དྲན།།
ཕྱི་ན་འབྲས་ལྡན་ཞིང་དང་ལྗོན་པ་མང་།།
ནང་ན་བོང་བུ་གླང་དང་ར་མ་ཕག །
ད་དུང་ཁྱིམ་བྱ་ལ་སོགས་སྒོ་ཕྱུག་གི །
འབྱོར་བ་རྒྱ་མཚོ་འཕྱུར་བའི་ཕ་ཡུལ་དྲན།།
དཔྱིད་ཀའི་ས་བོན་གླང་དང་བོང་བུས་བཏབ།།
དབྱར་གྱི་ཡུར་མ་བུ་མོའི་ལག་པས་ཡུར།།
སྟོན་གྱི་སྙེ་མ་མ་ལོའི་ཟོག་བས་བྲེགས།།
རོང་བའི་འཚོ་རྟེན་ཞིང་ཁ་གྲུ་བཞི་དྲན།།
དམན་ཆུང་སྙིང་གི་མཛའ་གླུ་ཞིང་ཁར་ལེན།།
སྟག་ཤར་གཞོན་པའི་རྒྱང་འབུད་ཞིང་ཁར་ཐོས།།
ན་གཞོན་ཕོ་མོའི་བརྩེ་དུང་ཆགས་སའི་ཞིང་།།
ད་དུང་མིག་ལམ་ཞིག་ན་སྔོ་ལྗང་ལྗང་།།
ཤིང་རྟ་བོང་བུས་འདྲེན་པའི་རོང་ཡུལ་ན།།
གཡག་རོག་རྩེན་པའི་སྤང་ཐང་མེད་ན་ཡང་།།
བོང་བུའི་གོམ་པ་འགྲན་པའི་སྐྱ་མོ་ལམ།།
ཚངས་པའི་ཐིག་རིས་ས་ལ་འཐེན་པ་ཡོད།།
ཁྱོད་ཀྱི་བོང་རྒན་སྐྱ་ལི་གོང་བདེ་ན།།
ང་ཡི་བོང་བུ་རྣ་རིང་བང་མགྱོགས་ཞེས།།
ཞྭ་མོ་རྟ་ལྕག་བྱས་ནས་བོང་བུར་གཅར།།
ལམ་ཁ་རྡུལ་དཀར་བསླངས་པའི་བོང་རྒྱུག་དྲན།།
རྟ་མཆོག་མིན་ཡང་ཁ་ལ་ལྕགས་སྲབ་དགོས།།
དུད་འགྲོ་ཡིན་ཡང་བཤད་ན་མི་སྐད་གོ །
བོང་རྒྱུག་བྱས་ན་ནམ་ཡང་ཨང་དང་པོ།།
ངེད་ཚང་བོང་རྒན་སྐྱ་ལྡང་ལྷག་ཏུ་དྲན།།
ལྟོ་བ་རྒྱགས་ན་ཉིན་གང་ཉལ་ནས་འདུག །
ལྟོགས་པའི་ཚེ་ན་གྱང་རྟིང་སྣ་ཡིས་བསློགས།།
ཕག་ཁང་མེད་ན་ཞིང་ཁར་ཤོར་འགྲོ་བའི།།
ཕག་ཕྲུག་བདུན་ཅན་ཕག་མ་དེ་ཡང་དྲན།།
ར་མ་ལྔ་བཅུ་ནང་གི་རྭ་ཡག་མ།།
རེ་འུ་མཚེ་མ་རྩེབ་པའི་གཡང་ལྷ་མ།།
ར་མ་ག་གཞི་མ་དང་མི་འཆམ་པ།།
ར་མ་གཡང་དཀར་མ་ཡི་འོ་མ་དྲན།།
སྒོ་ཟོག་དྲན་པའི་སེམས་པ་དཀར་པོའི་མདངས།།
རྒྱང་རིང་ས་མཐའ་བུད་ན་ཇེ་དཀར་རེད།།
འབྲོག་པས་གཡག་རོག་དྲན་པ་དང་།།
ང་ཡིས་བོང་བུ་དྲན་ལ་ཁྱད་པར་ཆེ།།
བོང་བུར་ཞོན་ནས་ར་མ་རི་ནས་འཚོས།།
སླེ་བོ་འཁུར་ནས་ཕག་སྟུག་སྲང་ནས་བཏུས།།
ཞིང་ཁའི་ལྡུམ་བུ་བཅད་ནས་བ་གླང་བཟོས།།
དཀའ་ལས་ཅུང་ཟད་མྱངས་པའི་ཡུལ་དེ་དྲན།།
ར་མ་རི་ཅོག་བཅད་ནས་དམག་ཞྭ་བཟོས།།
སྐྱེར་བའི་ཡལ་ཀ་བཅགས་ནས་མེ་མདའ་བྱས།།
དགྲ་དམག་སྣ་ནག་ཟེར་ནས་དམག་འཁྲུག་བརྒྱབས།།
བྱིས་པའི་མཆོངས་རྒོལ་བྱེད་སའི་སྡོང་ར་དྲན།།
ཁོར་ཡུག་སྒོ་ཟོག་བྱིས་པའི་འཚོ་བ་དག །
སྙན་ངག་པ་ཡི་ལྕེ་ན་མེད་ན་ཡང་།།
ཁོ་བོའི་སེམས་ན་མ་བྲིས་རི་མོ་གསལ།།
དེ་ཡིས་ཕ་ཡུལ་དྲན་པའི་སྙན་ངག་བྲིས།།
རོང་རྒན་ང་ཡིས་བོང་བུ་མི་དྲན་ལ། །
ཕག་པ་དེ་བས་དྲན་རྒྱུ་མི་འདུག་ཅིང་། །
སྲན་མའི་མེ་ཏོག་དུམ་རེ་སྒྲིག་བྱས་ཏེ། །
མཛའ་མོ་ཞིག་གི་སྐྲ་བར་བཙུགས་པ་དྲན། །
འབའ་སྲས་བུ་ཡི་སྙན་ངག་ལས།།
ཕ་ཡུལ་དྲོན་མོའི་ངོ་གདོང་མཐོང།།
ཕ་ས་གྲུ་བཞིའི་འཚོ་བ་དྲན།།
ཕ་ཡུལ་ཕྱུགས་མོའི་མཛེས་སྡུག་རིག།
ཕ་ཡུལ་རོང་ནས་ཡིན་པའི་རོང་རྒན་གི།
དྲན་ཡུལ་རོང་ས་ཡིན་པའི་སྙན་ངག་འདིས།
ས་མཐའི་རོང་བ་རིགས་གི་ཡིད་ངོ་ལ།།
འདི་བདེན་དེ་བདེན་གསལ་བའི་རྔན་པ་ཞིག།
སྙིོང་རྗེ་ ད་ཨུ་ཐུག་འདུག་ཀཱ
མཐོ་སར་འབྲོག་པ་གཡག་རྟ་ར་དང་ལུག །
སྔོན་ལྗང་སྤང་ཐང་དག་ན་རྩེད་འཇོའི་རོལ། །
དམའ་སར་རོང་པ་མཛོ་དྲེལ་བོང་ཕག་ར། །
རོང་པ་དག་གིས་དགའ་སྐྱིད་དྲོ་སིང་བསྐྱལད། །
འབྲོག་གླུ་འུར་རྡོ་བསྐོར་ནས་དགའ་བདེར་སྤྱད། །
རོང་གཞས་སྒོརསྒོར་མཉམ་འཐུང་མཉམ་ཁྲབ་རྩེན། །
།
འུ་རྡོ་གཡས་ཐོག་གཡོན་ཆང་འཐུང་བཞིན་འཐུང་། །
གླུ་ལེན་བྲོ་ཁྲབ་གཉིས་མཁས་བོད་རིགས་ཙམ། །
ཧ་ཅང་ཡག་གི མིག་ལམ་ལ་གཟོ་ཤར་ནེ་འདྲ་བོ་ཞིག་བྲིས་འདུག
རྟ་དང་བོང་བུ་མི་ཁྱེད་རང་སྣང་ཅན།
འབྲི་གཡག་ཕག་གི་དབྱེ་འབྱེད་མི་ཤེསམཁན།
ལུག་དང་ར་ཡི་ཁྱེད་པ་ག་ལ་ཤེས།
རོང་ཕྲུག་མགོ་བདེ་དེ་རྣམས་ལྷང་ངེ་དྲན།
འབའ་སྲས་ལགས་་་་ཀུ་རེ་ཡིན་ནོ་་་་ཧ
བཀླགས་ནས་བུད་སོང་།ཡག་གི་འདོད་ཐལ།
མངོན་བརྗོད་བརྡ་རྙིང་ལོ་མས་མ་བསྒྲིབས་ཤིང་།།
རྡོ་ཆག་བཙན་གྱིས་བསྒྲིགས་འདྲ་མ་ཡིན་པ།།
ཀློག་ན་བདེ་ཞིང་འཚོ་བ་དངོས་རིག་པའི།།
མཚན་ལྡན་སྙན་པའི་ངག་ཅིག་འདི་ན་མཆིས།།
བོང་བུ་ཞོན་ནས་ར་མ་འཚོས་མ་མྱོང་།།
རྐ་ཚིགས་བར་ནས་ལ་གཞས་འཐེན་མ་མྱོང་།།
རྩྭ་སྡུམ་བཏུས་ནས་ཕག་པ་གསོས་མ་མྱོང་།།
འོན་ཀྱང་རོང་པ་དྲན་པའི་སྙན་ངག་འདིས།།
རོང་པའི་ཕྱོགས་ལ་བསམ་གཞིགས་འཁོར་དུ་བཅུག།
རོང་པའི་ཕྱོགས་ལའང་བརྩེ་བ་ཆེ་རུ་བཏང་།།
ཁ་སྒང་ཁ་ན་སྙན་ཚིག་དྲོད་མོ་ཡོད།།ཁ་བའི་འབབ་སྲས་ཁྱེད་ལ་ཧ་ཅང་འཐད།།
སྦྲ་ནག་གཡག་ནག་དྲན་པའི་འབྲོག་ནག་གཅིག།
ཁང་སྐྱ་བོང་སྐྱ་དྲན་པའི་རོང་སྐྱ་གཉིས།།
ཕ་མཁར་གངས་རིའི་གཅེས་ཕྲུག་རྣམ་གཉིས་ཏེ།།
ཕ་གཞིས་དྲོན་མོ་གཅིག་གི་གཞི་འཛིན་ཡིན།།
ཀློག་མཁན་རྣམ་པ། གོང་དུ་ཚིག་རྐང་རེ་གཉིས་ནང་ཡིག་གེ་ཆད་པའི་དབང་གིས་ཀློག་མི་བདེ་བའི་སྐྱོན་འགའ་ཤོར་འདུག་པས་དགོངས་དག་ཞུ།
འབའ་སྲས་ལགས་ཀྱི་སྙན་ངག་དྭངས་མོ་དེ།
ང་ཡི་སྙིང་ནས་རྟག་ཏུ་བསྔགས་པར་བྱས།
ཁྱེད་ཀྱིས་འདས་དོན་ཕྲ་མོ་གླེང་བ་དེས།
ཕ་ཡུལ་དྲོན་མོའི་སྐྱིད་སྣང་ཡིད་ལ་འཆར།
བུ་ཞིག་བུ་མོ་ཞིག་ལ་དགའ་གྱུར་ཏེ།།
དེའི་ཚང་བོང་བུ་མཐོང་ན་དགའ་ཞེས་ཐོས།།
དེ་བཞིན་རང་ས་རང་ཡུལ་དྲན་པ་ན།།
སྒོ་ཟོག་བོང་བུ་ཕག་སོགས་ལས་ཀྱང་དྲན།།
འཁོར་ཡུག་ར་བ་རུ་སྐོར་ལ་སོགས་པ། དྲན་གདུང་ཆེ་བའི་བོད་པ་སྙིང་རེ་རྗེ། དྲན་ཅིང་དྲན་གཞིན་གཞན་གྱི་འཚོ་བའི་ཁྲོད། མི་ཚེ་གཏོང་དགོས་བྱུང་འདི་ཡིད་རེ་སྐྱོ།
དགེ་འདུན་ཆོས་འཕེལ་ངག་ནས་མ་ཐོན་ཅིང་།། དོན་གྲུབ་རྒྱལ་གྱི་བློ་ངོར་མ་ཤོངས་པའི།། རོང་བའི་འཚོ་བ་མཚོན་པའི་སྙན་ངག་ཞིག།། དེ་རིང་གཞི་ནས་འཇིག་རྟེན་ཁམས་སུ་སླེབས།།
རང་གི་འཚོ་བའི་དེ་ཉིད་བརྗོད་པ་ལ།། ངོ་ཚར་འཛིན་པའི་རོང་ཕྲུག་སྙུག་ཐོགས་ཚོས།། བཀའ་དཔང་ཁྲི་མ་འབུམ་འབུམ་གྱི་དཔའ་དར་ཞིག།། དེ་རིང་འབའ་ཡི་སྲས་བོར་འབུལ་རན་སོང་།།
རང་ཉིད་བོང་བུ་ཕག་པར་བརྟེན་ན་ཡང་།། སྙུ་གུས་རྩེ་ནས་བོང་ཕག་དོར་ལུགས་འདི།། ཞིབ་དུ་བསམ་ན་མི་གཤིས་་ལ་ཐུག་པས།། དྲང་བདེན་སྨྲས་པ་ཡག་བྱུང་འབའ་སྲས་ལགས།།
རོང་བས་རོང་ཡུལ་དྲན་གླུ་གནའ་ནས་ཡོད།།
རོང་བས་བོང་ཕག་དྲན་གླུ་ང་ནས་བྱུང་།།
མཁས་པས་མ་གསུངས་འདིར་བརྗོད་ཉུང་ན་ཡང་།།
བོང་ཕག་དྲན་པའི་སྙན་ངག་གསར་བ་ཡིན།།
སྙན་མོ་བྱུང་། ཐུགས་རྗེ་ཆེ། ཀླུས།
ཁ་སྒང་འབབ་སྲས་སོར་རྩེ་སྨྱུག་ཁ་ན།།
དྲན་གླུ་རིང་མོ་ནམ་ཡང་རྫོགས་མེད་འདུག།
འདི་ལྟར་བདེན་ན་ཁྱེད་ཀྱི་མི་ཚེ་དེར།།
སྐྱིད་པའི་དགོད་སྒྲ་ཡོད་པར་འཕྱང་མོ་མྱུག།
དྲན་པའི་དྲན་གླུ་ང་ཡི་དགོད་སྒྲ་ཡིན།།
རྫོགས་རྒྱུ་མེད་པ་ང་ཡི་བདེ་སྐྱིད།།
ཁོམ་མེད་ཡུལ་ནས་འདི་འདྲའི་བདེ་སྐྱིད་དང་།།
དགོད་སྒྲ་འབྱིན་པ་ང་ལྟར་ཉུང་ཉུང་ཡིན།།