རྭ་རྒྱ་བློ་དབང་།
སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་གསུམ་གྱི་ཁྲོད་ང་རང་ཉིད་ཀྱི་འདེམས་ཤོག་དེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་འཕེན་གྱི་ཡིན། སྤྱིར་བཏང་རང་ཉིད་ཀྱི་འདོད་པ་ལྟར་གྱི་བཀའ་ཁྲིའི་འོས་ཆོས་ནི་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གཏན་འབེབས་དང་མ་འགལ་བའི་ཐོག ད་ལྟའི་དུས་བབ་འདི་འདྲའི་འོག་ངེས་པར་ཚང་དགོས་པའི་ཆ་རྐྱེན་ནི། ཕྱི་ནང་གསང་གསུམ་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལམ་སྟོན་ཐོག་ཐེ་ཚོམ་མེད་པར་ཤར་སྐྱོད་བྱེད་པ་དང་། ཁོང་གི་ཕུགས་རྒྱང་རིང་པོའི་ཐབས་ཇུས་ཀྱི་དམིགས་ཚད་རྟོགས་པ་དང་། ལག་ཏུ་བསྟར་བའི་འཇོན་ནུས་དང་ཐབས་ཤེས་ལྡན་པ། བཙན་བྱོལ་སྒྲིག་འཛུགས་ལ་ཞིབ་ཚགས་ཀྱི་རྒྱུས་མངའ་ལྡན་ལ། གོང་འོག་གནད་ཡོད་ལས་མིའི་ཁྲོད་དཔུང་འདེགས་རྒྱབ་གནོན་གྱི་སྟོབས་ཤུགས་ཡོད་པ་བཅས་ནི་མེད་དུ་མི་རུང་བའི་ཆ་རྐྱེན་དུ་སེམས་བཞིན་ཡོད། ད་ལྟའི་བཀའ་ཁྲིའི་འོས་མི་རྣམས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་ལ་ཞིབ་ལྟ་དང་། བགྲོ་གླེང་གསུང་བཤད་ཁག་ལ་ཉན་ཐེངས་རེ་རེ་བཞིན་རང་ཉིད་ཀྱི་མོས་བློར་འཐད་པ་དང་ཆ་རྐྱེན་ལྡན་པ་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཡིན་པ་ཤེས།
སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འགྲན་རྩོད་འགོ་བསླངས་ཙམ་ནས་འོས་མི་སོ་སོའི་ཤེས་ཚད་དང་། བྱས་རྗེས། ལྷག་བསམ། མི་གཞི། འཇོན་ནུས་སོགས་གླེང་མགོ་ཚུགས་ཤིང་གླེང་མཁན་རེ་རེ་བཞིན་འོས་མི་སུ་ཞིག་དང་ཧ་ཅང་རྒྱུས་ཡོད་མདོག་གིས་ལེགས་ཉེས་གང་རུང་རེ་གསལ་ཞིང་དག་པོར་སྒྲོག་གི་འདུག་ལ། དེ་ནི་གླེང་དགོས་ངེས་ཤིག་ཀྱང་ཡིན་ཏེ་དམངས་གཙོའི་སྤྱི་ཚོགས་ཀྱི་མངོན་སྟངས་ཤིག་དང་རང་གི་སྲིད་གཞུང་ངམ་ཡང་ན་བཙན་བྱོལ་སྒྲིག་འཛུགས་ལ་འགན་ཁུར་བའི་མངོན་སྟངས་ཤིག་ཀྱང་རེད།
འོན་ཀྱང་། གླེང་ཚུལ་དེ་དག་གི་ཁྲོད་སྐྱུག་བྲོ་བའི་སྣང་ཚུལ་སྐོར་ཞིག་ཀྱང་འདུག་སྟེ། དཔེར་ན་བཀྲས་མཐོང་སྐུ་དྲག་ཡིན་སྟབས་བཀའ་ཁྲིར་མི་འོས། ང་ཚོ་སྐུ་དྲག་གི་འོག་ནས་ཡར་ལངས་དགོས་དང་། སྐུ་དྲག་གིས་བོད་ཕུང་ལ་སྦྱར་སོང་བ་སོགས་མང་པོ་ཞིག་ཀུ་ཅོ་ལྟར་གྲག་འོང་གི་ཡོད། དངོས་ཡོད་ཀྱི་བྱུང་རིམ་གཞིར་བཞག་ན་མཐོ་རྒྱལ་པོ་ནས་དམའ་སྤྲང་པོའི་བར་ནོར་འཁྲུལ་དང་ཇུས་ཉེས་ཀྱི་ལོ་རྒྱུས་ཡོད་པ་དེ་ལྟར་དུ། གཟི་བརྗིད་དང་དགེ་མཚན་གྱི་བྱུང་བའང་གཅིག་མཚུངས་སུ་མངའ། ལྷག་པར་དུ་དུས་རབས་ཀྱི་ཤེས་རིག་གསར་པ་དང་། ལམ་ཕྱོགས་གསར་པ། འདུ་ཤེས་གསར་པ་བཅས་ཕྱོགས་མེད་དུ་འཕྲོ་བའི་དེ་རིང་གི་ཉིན་མོར་རང་ཅག་གིས་ད་དུང་ཡང་རུས་རྒྱུད་དང་། ཕ་ཁུངས་མ་ཁུངས་ལ་བསྙད་ནས་རང་མི་རང་གིས་དམའ་ཐབས་བྱེད་པ་ནི་སྐྱོ་འོས་པ་ཞིག་ལས་ཅི་ཡང་མིན། ལྷག་པར་དུ་བཀྲས་མཐོང་ལགས་སྐུ་དྲག་ཏུ་བསྙད་ནས་འུར་མཁན་ཕལ་མོ་ཆེ་ནི། འདུ་ཤེས་གསར་པ་དང་། རིག་གནས་གསར་པས་ཁྱོགས་པར་རློམ་པའི་དེང་རབས་ན་གཞོན་དག་ཡིན་པ་འདིས་རང་རེའི་ན་གཞོན་ཆེས་མང་པོ་ཞིག་གིས་ཁ་ནས་འུར་བའི་གསར་པ་དེ་ནི་ཕྱི་ཚུལ་ཙམ་དང་། ནང་དོན་བསམ་བློའི་ན་སོ་ནི་ད་དུང་ཡང་སྐུ་དྲག་ཅེས་པའི་མིང་ཙམ་ལ་བསྙད་ནས་རིགས་རུས་དབྱེ་འབྱེད་ཀྱི་སྙིགས་མའི་ནང་ལྷག་པ་མཐོང་ཐུབ། སྤྱིར་བཏང་སྐུ་དྲག་དང་འབྱོར་ལྡན་རྨང་ནས་སྒྱེལ་བའི་བསམ་བློ་དང་། རིག་གནས་རྙིང་པ་དང་ཆོས་ལུགས་རྩད་ནས་གཅོད་པའི་ལམ་ལུགས་ནི་དམར་ཕྱོགས་རིང་ལུགས་པ་ཚོས་ཁུངས་མ་འཁྱོལ་བའི་སྙིགས་རོ་དག་རེད་མོད། རང་རེའི་ཁྲོད་ད་དུང་ཡང་དེ་ག་རང་ངོམ་སོ་འཕྱར་མཁན་ཡང་མི་ཉུང་བའི་ཚོད་རེད། མདོར་ན་བཀྲས་མཐོང་ལགས་ཀྱི་མི་ཚེའི་ནང་གང་ཞིག་བསྒྲུབས་པའི་བྱས་རྗེས་ཀྱི་ཆེ་ཆུང་དང་། ལྷག་བསམ་ཀྱིས་བཟང་ཞན། ཤེས་འཇོན་གྱི་ནུས་ཚད་སོགས་ལ་མི་ལྟ་བར་ཐད་ཀར་རུས་རྒྱུད་དང་སྐྱེ་ཁུངས་ཀྱི་མིང་ཞིག་བཏགས་ནས་ཅི་ཞིག་ཧ་གོ་སོང་བ་ལྟར་བྱེད་པ་ནི་དགོད་བྲོ་བོ་ཞིག་དང་རང་མགོ་རང་གིས་གཡོགས་ཐབས་ཤིག་ཏུ་མཐོང་ངོ་། །
བཀྲས་མཐོང་ལགས་ཀྱི་མི་ཚེའི་ནང་ཅི་ཞིག་བསྒྲུབས་པའི་བྱས་རྗེས་ནི་དོ་ཟླ་བྲལ་བའི་ཚོད་དུ་ཡོད་ལ། ད་ལྟའི་བར་བོད་སྤྱིའི་བདེ་སྡུག་དང་འབྲེལ་བའི་ལས་དོན་གང་ཞིག་གི་སྐབས་ལ་ཡང་༸གོང་ས་ཐམས་ཅད་མཁྱེན་པའི་བཀའ་དགོངས་ལམ་སྟོན་ལྟར་ཐད་སྐྱོད་གནང་ཞིང་། དབུ་མའི་ལམ་གྱི་སྲིད་ཇུས་དང་། བོད་རྒྱ་ཞི་མོལ་བཅས་སུའང་གཞན་དྲིང་མ་ཡིན་པའི་རང་ཚུགས་ཀྱི་ལྟ་སྟངས་ཡོད་པ་དང། ཤེས་ཡོན་སྲིད་ཇུས་དང་། གཞི་ཆགས་སྲ་བརྟན་བཅས་ལ་ཡང་དེ་མཚུངས་རེད་མོད། ཁོང་ལ་ལྡན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ནུས་ཤུགས་གཙོ་བོ་ནི།
ལོ་ངོ་འདི་སྙེད་ཀྱི་རིང་བོད་ཀྱི་སྤྱི་དོན་བསྒྲུབ་ལོ་ཙམ་མ་ཡིན་པར་གཟེངས་སུ་ཐོན་པའི་བྱས་རྗེས་བསྟར་ཆགས་སུ་ཡོད་པ་དང་། འཇིག་རྟེན་པ་ཞིག་གམ་ཡང་ན་སྲིད་ལུགས་སྒྲུབ་མཁན་ཞིག་གི་ཚད་གཞིའི་ཐོག་འཇིག་རྟེན་པའི་དགོས་མཁོ་ལྟར་སྒྲུབ་པའི་ཐབས་ཇུས་འཛོམས་པ། ༼དཔེར་ན། ཨ་རིར་གཞིས་སྤོས་དང་། ཐེབས་རྩ་ཚོགས་པ། རྒྱབ་སྐྱོར་ཚོགས་པ་སོགས་གསར་དུ་བཙུགས་པས་མཚོན།༽སྐད་ཡིག་སྐོར་ཞིག་ཤེས་པ་དང་ལག་འཁྱེར་དེ་ཙམ་ཐོབ་པ་རེད་ཅེས་པ་ཙམ་མིན་པར། ཉམས་མྱོང་དངོས་ཀྱི་ཐོག་ནས་རང་མི་རིགས་དང་རྒྱལ་ཁབ་གཞན་གྱི་སྲིད་འབྱོར་རིག་གསུམ་གྱི་འཁོར་ཕྱོགས་ལ་མཁྱེན་རྒྱ་ཟབ་པ། ༼ཨ་རིའི་སེ་ཀྲན་ཧྥོར་གཙུག་ལག་སློབ་གྲྭའི་སློབ་དཔོན་གནང་བས་མཚོན།༽ ལྷག་པར་དུ་བཙན་བྱོལ་སྒྲིག་འཛུགས་ཀྱི་གནད་ཆེ་ས་ཤ་སྟག་ཏུ་ཕྱག་ལས་གནང་རིང་གི་བརྒྱུད་རིམ་ལས་རང་རེའི་གནད་ཡོད་ལས་བྱེད་ཁྲོད་དཔུང་གནོན་རྒྱབ་སྐྱོར་གྱི་སྟོབས་ཤུགས་འཛོམས་པོ་ཡོད་སྟབས། མ་འོངས་པར་ལས་དོན་གང་ཞིག་བསྒྲུབས་ཀྱང་འགྲུབ་ནུས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་བཅས་ནི་ངས་རང་ལ་དབང་བའི་འདེམས་ཤོག་གཅིག་བུ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་འཕེན་དགོས་པའི་རྒྱུ་མཚན་ཡིན།
མ་འོངས་པའི་ལོ་ལྔའམ་བཅུའི་དུས་ཡུན་ནི་རང་རེའི་ལོ་རྒྱུས་ཁྲོད་དུས་མཚམས་དབྱེ་ཆོག་པའི་གནད་འགག་གི་དུས་ཤིག་ཆགས་རྒྱུར་ཐེ་ཚོམ་བྲལ་ལ། དུས་ཡུན་དེ་ནི་ཉམས་སད་དང་ཚོད་ལྟར་རུང་བ་ཞིག་གཏན་ནས་མིན་སྟབས། ངེས་པར་དུ་ཉམས་མྱོང་གིས་ཕྱུག་ཅིང་། ཤེས་ཚད་འཛོམས་པ། ཐབས་ཇུས་ལྡན་པ། སྤོབས་པས་ཁྱོགས་པ་ཞིག་བཀའ་ཁྲིར་སླེབས་ཐུབ་པ་བྱེད་དགོས། ཉམས་མྱོང་གསར་དུ་གསོག་པ་དང་རང་ཚུགས་གཞན་ལ་བརྟེན་པ་གང་ཞིག་ཡིན་རུང་རང་རེའི་མི་རིགས་ལྟར་འཇིག་ཉེན་གྱི་ཕྲང་དུ་གནས་པའི་ཐོག གནད་འགག་གི་གཡང་ལ་བཙུར་བའི་དུས་སྐབས་འདི་འདྲར་དབུ་ཁྲིད་དུ་སླེབས་ན་གཏན་ནས་མི་འཚམས་ལ། ལྷག་པར་དུ་བཙན་བྱོལ་སྒྲིག་འཛུགས་ཀྱི་གོང་འོག་ཀུན་ན་ཡིད་མོས་བློ་འདྲིས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་མེད་མཁན་ཞིག་ཀྱང་གཏན་ནས་ཡིན་མི་རུང་། དེའི་ཕྱིར། ངས་བསམ་བསམས་པའི་མཐར་རྙེད་པའི་བཀའ་ཁྲི་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཡིན།
མདོར་ན། ངས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱས་པ་ནི་བཀྲས་མཐོང་ཁོང་གི་ཆེད་མིན་པར་བོད་མི་རིགས་ཀྱི་ཆེད་ཡིན་པ་མ་བརྗེད་པ་གནང་རོགས་ཞུ་བ་དང་ཆབས་ཅིག མང་ཚོགས་ཀྱིས་སླར་ཡང་བཀའ་ཁྲིའི་འོས་མི་རྣམས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ལ་ལྟ་བ་དང་། མ་འོངས་པའི་དུས་ཡུན་གྱི་གནད་འགག་ཆེ་ཆུང་གང་འདྲ་ཞིག་ཡིན་མིན་བསམ་བློ་གཟབ་ནན་གྱིས་བཏང་སྟེ། འུད་དང་དཀྲོགས་ཀྱི་དབང་དུ་མ་སོང་བར་རང་ཚུགས་ཀྱི་བསམ་བློ་བཀོལ་ནས་རང་གི་དབང་ཚད་དང་བོད་ཀྱི་ལས་དབང་ལ་འགན་འཁྲི་དང་དུ་ལེན་རོགས་ཞུ་བར་འདོད་དོ། །
ཁྱེད་ཀྱིས་གཟབ་གཟབ་གནང་ཏེ་རྒྱ་རིགས་ཨ་རིའི་མི་སེར་ཡིན་པ་ཞིག་ལ་བོད་ཀྱི་བཀའ་ཁྲིའི་འོས་ཤོག་བདམས་པ་འདི་ངོ་མཚར་ཆེ།
ཨ་རིའི་མི་སེར་ཞུ་དུས་ Original country China ཞེས་ས་རྟགས་འགོད་དགོས་པས་ད་གཟོད་རྒྱ་རིགས་ཨ་རིའི་མི་སེར་ཡིན་པ་བཀྲས་མཐོང་ལགས་ཡིན་ནའང་མ་རེད་ཞུ་ས་ཡོད་རེད་པས་ལགས་།།
བཀྲས་མཐོང་གི་ཡོད་འགུལ་ཐེབས་པའི་གསུང་བཤད་འདི་ན་འདུག
http://www.youtube.com/watch?v=3RkWzbfl1xY&feature=related
ཡག་པོ་ཞེ་དྲག་བྲིས་འདུག ཁྱེད་རང་བློ་གཟུ་བོར་གནས་ཤིང་བོད་མི་རིགས་ལ་ལར་ཞེན་ཆེན་པོ་ཡོད་པའི་མི་ཞིག་ཡིན་པ་ཤེས་སོང། ཁྱེད་རང་གིས་གཅིག་ནོར་འདུག བོད་སྐུ་དྲག་གིས་ཕུང་ལ་སྦྱར་སོང་ཞེས་ཀུ་ཅོར་རྒྱག་མཁན་ཁྲོད་རྒྱ་དམར་གྱིས་གད་སྙིགས་ཁྲོད་གཡུག་ཟིན་པའི་མི་ཆེན་ཁག་ལ་ཁ་བརྡུང་གཏོང་བྱེད་ཀྱི་ཚིག་ངན་ཀླད་པར་འཇགས་པའི་གཞོན་སྐྱེས་གཅིག་པོ་མ་རེད། དེ་ལས་ཀྱང་ཚབས་ཆེ་བ་ནི་མི་རྙིང་པ་ལས་བརྒྱུད་པའི་ཀླད་རྙིང་སྟེ། དགའ་ལྡན་ཕོ་བྲང་ངམ་བོད་སྡེ་པ་གཞུང་དགྲ་བོར་འཛིན་པོའི་ས་མཐའི་གཞི་མེད་ཀླད་རྙིང་གི་བག་ཆགས་མཐུག་པའི་རྒན་གཞོན་དབྱེར་མེད་ཁག་ཅིག་རེད། དེ་འདྲ་ཡིན་ཙང་འདི་ཕྱོགས་འཐེན་གྱི་རྨང་གཞིའི་སྟེང་ནས་ལངས་འདུག
དྲང་པོར་གནས་པ་ཁྱེད་ཀྱིས་ཡག་པོ་བྲིས་འདུག །ཕྱིར་སྡོད་རྒྱ་མི་བློ་སེང་རྒྱ་ནག་ཏུ་ཕྱིན་ནས་རྒྱ་མི་ཡིན་པ་འདྲ། ད་ཆ་བཀའ་ཁྲིར་བསྔམས་ནས་བོད་མི་ཡིན་པ་འདྲ་བོ་རྒྱ་མ་བོད་འདི་འདྲ་ང་ཚོའི་སྤྱི་ཚོགས་ནང་དགོས་མཁོ་འདུག་གམ། ཨ་རོགས་ཁམ་པ་བློས་ཐུབ་ཀྱང་། །སྤྲེའུ་འདྲ་བའི་མཇུག་མ་མེད། ཁམས་མོ་གཟུགས་མཛེས་སྟུ་དམ་ཡང་། །དབྱིན་མོ་འདྲ་བའི་དབྱུགས་སྟངས་མེད།
ང་ལ་ཁྱོད་ཀྱིས་རྒྱུ་མཚན་ག་འདྲ་ལ་བརྟེན་ནས་བཀྲས་མཐཽང་ལ་རྒྱབ་སྐྱོབ་བྱེད་པ་ཤེས་མེད་ལ་ཤེས་འདོད་ཡང་མེད ངས་ ཁྱོད་ལྟར་སོ་སོའི་འོས་མི་ལ་འོས་བླུགས་རོགས་ཞེས་རེ་སྐུལ་ཡང་བྱེད་འདོད་མེད།
དེ་ནི་ངས་མི་ཚང་མ་སོ་སོ་དང་འདྲ་བའི་རྣམ་དཔྱོད་ཡོད་པ་ཤེས་ཀྱི་ཡོད་པས་ཡིན
གངས་ལྷ་མེ་ཏོག་གིས་གསུངས་སྟངས་འདིར་ཁ་བརྡ་དྲ་རྒྱ་ནས་དོ་དམ་བྱེད་མདོག་ཁག་པོ་མ་རེད།
འོན་ཀྱང་ང་རང་ཁམས་པ་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་ཞིག་བྲིས་རྒྱུ་ཡིན་པས་ཁ་བརྡ་ཚང་གིས་མ་སུབ་རོགས་ཅེས་ཞུ་འཐེན་པ་ལགས་ན་དེ་བཞིན་གཟིགས་སྐྱོང་གནང་བར་མཁྱེན།
སྤྱིར་མི་རེ་ལ་བསམ་ཚུལ་རེ་དང་མཛོ་རེ་ལ་རྭ་གོག་གཉིས་རེ་ཡོད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད།
འོན་ཀྱང་མགར་ཁང་གྲུ་བཞི་མགར་བའི་ས་ཆ་རེད། རྒྱལ་ཁམས་ཕྲ་མོ་དཔོན་པོའི་ས་ཆ་རེད་ཅེས་དཔེ་ལྟར་རང་ཉིད་ཀྱི་ས་ཆ་ལ་རང་ཉིད་འདུག་ཤེས་པར་བྱེད་དེ། གཞན་ལ་ཟུར་ཟ་དམའ་འབེབ་མ་བྱེད་ན་རང་ཉིད་ཀྱི་བདེ་འཇག་ལ་ཕན་ཐོག་ཆེ་ནི་རེད།
ང་ཚོ་ཚང་མ་ལ་དགྲ་བོ་གཅིག་ལས་གཉིས་དགོས་ཀྱི་མ་རེད། དེ་བས་ཚང་མས་འགན་འཁུར་བའི་ཐོག་ནས་བསམ་ཚུལ་སྤེལ་རེ་དང་། འགན་འཁུར་བའི་ཐོག་ནས་དོ་དམ་གནང་ན་རྡོག་རྩ་གཅིག་སྒྲིལ་ལ་ཕན་ཐོག་ཆེ་ནི་རེ་བསམ་གྱི་འདུག
བཀའ་ཁྲིར་སུ་ཕེབས་ཀྱང་བོད་དོན་དང་༧རྒྱལ་བའི་བཀའ་སྒྲུབ་མཁན་ཞིག་ལས་སུབ་མཁན་ཞིག་ཡོང་གི་མ་རེད།
སྐྱོན་ཕྱོགས་ནས་ལྟས་ན་སྐྱོན་མ་ཏོག་ཡོན་ཏན་རིག་གི་མ་རེད། ཡོན་ཏན་ཕྱོགས་ནས་ལྟས་ན་ཡོན་ཏན་ཚང་མ་མཐོང་གི་རེད།
གལ་ཏེ་ཁྱོད་རང་ཡོན་ཏན་ལ་དགའ་ན་ཡོན་ཏན་དང་སྐྱོན་ལ་དགའ་ན་སྐྱོན་གྱི་ཕྱོགས་སུ་མང་ཙམ་ལྟ་དགོས་ནི་རེད།
འོས་མི་གསུམ་ཁ་ལ་སྐྱོན་ཡོན་གཉིས་ལྡན་རེད།
དྲ་གྲོགས་ར་རྒྱ་བློ་དབང་ལགས་བཀྲིས་བདེ་ལེགས།
སྐུ་ཉིད་ཀྱིས་བསྟོད་བཤད་སྨད་བཤད་དང་ཕྱོགས་རིས་སྤངས་ཏེ།བཀའ་ཁྲིར་ཚང་དགོས་ངེས་ཀྱི་རྩ་བའི་ཁྱད་ཆོས་བརྒྱད་དེ།དབྱིན་བོད་ཤེས་ཡོན་དང་།འཇོན་ཐང་།ཉམས་མྱོང་དང་།ལྷག་བསམ།ལྟ་བ་དང་།མི་གཤིས།གསར་གཏོད་དང་།འཛིན་སྐྱོང་གི་ནུས་པ་བཅས་སྦྱར་ནས་བཀྲས་མཐོང་ལ་འོས་བླུགས་པ་འོས་ཚུལ་གསུངས་པ་ལུང་རིགས་རྒྱུ་མཚན་ཁུངས་སུ་བཅོལ་བའི་རྩོམ་ཡིག་ཚད་ལྡན་ཞིག་རེད།
དེ་ན་ངས་ཀྱང་ཁྱེད་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ།དེ་བས་བཀྲས་མཐོང་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།ལྷག་པར་བོད་མི་མང་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།