འབའ་སྲས།
མི་ཚེའི་རིན་ཐང་སྒོར་གྱི་རྒྱ་མ་ལ་མི་འཇལ།།
སྦྱངས་པའི་ཡོན་ཏན་ཆུ་ཡི་རླབས་རིས་སུ་མི་འབྲི།།
དལ་འབྱོར་རྟེན་བཟང་བུད་ཤིང་ཐལ་སྐྱ་དང་མི་བསྡེབ།།
ཕ་མའི་བཀའ་དྲིན་བྲག་ཐོ་སྐམ་པོ་ལ་མི་བཤད།།
མཁས་པའི་ལེགས་བཤད་སྟོན་མཇུག་སྡོང་ལོ་ལ་མི་བསྐུར།།
བླ་མའི་བཀའ་གསུང་མཚན་གུང་རྨི་ལམ་དུ་མི་བསྒོམ།།
གྲོགས་པོའི་ལག་སྦྲེལ་བྱེ་མའི་ཀ་བ་ལ་མི་བརྟེན།།
ཆུང་མའི་ཤ་དྲོད་འཁྱག་རོམ་དར་འོག་ཏུ་མི་བརྫང་།།
སྲིད་ཀྱི་སྣེ་མོ་ཝ་མོའི་རྔ་མ་རུ་མི་གདག །
འབྱོར་བའི་དངོས་པོ་འབྲོང་གི་སུག་བར་ལ་མི་འབུལ།།
ཤེས་རབ་རལ་གྲི་ས་འོག་དུར་ཁྲོད་དུ་མི་འཇུག །
ཆབ་དཔལ་རིག་གསུམ་ས་ཆུ་མེ་རླུང་ལ་མི་བཅོལ།།
ཁ་ཡག་ངོ་དགའི་སྒྲོན་མེ་གཡོ་སྒྱུ་རུ་མི་སྦར།།
གཡས་སྐྱོར་གཡོན་འདེགས་ལག་པ་དོན་མེད་དུ་མི་བསྲིང་།།
ང་རྒྱལ་ཁྱོད་ཕོངས་འགྲན་རྩོད་རིག་པ་ཡང་མི་བསྒྲིམ།།
ཁྱོད་དང་ང་ཡི་ཡོད་ཚད་མེ་དཔུང་ལ་མི་བསྲེག །
ཁྱོད་ཉིད་གཞན་ཞིག་ཡིན་ཡང་ང་རང་ལ་མཁོ་ཞིང་།།
ང་ཡང་གཞན་ཞིག་ཡིན་མོད་ཁྱེད་རང་ལ་གལ་ཆེ།།
ཁྱོད་དང་ང་ཡི་མི་ཚེ་རིང་རིང་དུ་བསྡོངས་པའི།།
ལམ་བཟང་འདི་ནི་ནམ་ཡང་འཇིག་པ་ནི་མི་འདོད།།
༡༢/༠༢/༡༤ དགོང་ཟས་ཞོར་དུ།
རྒྱུ་འབྱོར་བཙལ་ནས་ཀླུ་རྒྱལ་བྱེད་འདོད་ནི་མི་འདུག།
དམ་ཆོས་སྒྲུབ་ནས་རི་ཁྲོད་འགྲིམ་འདོད་ནི་མི་འདུག།
འཇིག་རྟེན་ལས་ནས་མྱི་ཆེན་བྱེད་འདོད་ནི་མི་འདུག།
གྲལ་མགོ་གང་ན་མེད་པའི་ཀུ་ཐུག་ནི་རང་རེད།
ཧ་ཧ་ཧ།
རྒན་མོ་རྣ་སྡུག་ཅན་པོས་རྣ་བ་རེ་གཙེས་དུས།།
རྒད་པོ་གཡོ་རྐྱལ་ལག་པ་ཡི་གེ་ལ་ཤོར་ཟིག།
འདང་ཙམ་འདང་ཙམ་འཚོ་བར་ཡིད་ཚིམ་རེ་མེད་རུང་།།
ཕྱར་གྲུ་མཉམ་འདེགས་མེད་ན་ཡ་གི་ལ་མི་སྙོབ།།
ཧ་ཧ་ཧ།
གནམ་རྒན་མ་བསུ། ཡང་ཡང་སྦྲང་ཆར་རེ་སྦྱིན་རོགས།
རྒད་པོ་རྒས་ཁ་རང་བསྟོད་ཇེ་མང་དུ་སོང་འདུག།
རྒན་མོས་འཛིང་ནས་སྨྱུག་ཁ་ཇེ་རྒོད་ལ་སོང་འདུག།
རྒད་པོ་རང་ཚུགས་ཅན་ཞིག་ཡིན་པ་མི་ཤེས།།
རྒན་མོར་ངོ་སོ་བསྟོད་དུས་སྨྱུག་རྒོད་ཅིག་རེད་འདུག།
རྒས་ནས་འགྲོ་དུས་སྙན་ངག་ལ་འདང་ཆེ།།
འཆི་ཁ་ལ་མོའི་སྙུ་རྩེ་ལ་རྣོ་ཆེ།།
རྒས་ནས་འདི་ལྟར་ཤི་བ་ནི་དོན་ཆེ།།
དོན་ལྡན་སྙན་ངག་བཀླགས་པ་ཡང་བཟང་ཆེ།།
འཇིག་རྟེན་བྲེལ་བྲེལ་ཐམས་ཅད་སྒོར་མོའི་དོན།།
ཡོན་ཏན་སྦྱང་སྦྱང་ཐམས་ཅད་མིང་གི་དོན།།
དལ་འབྱོར་སྐྱ་སྐྱར་མ་གྱུར་སུ་གང་མེད།།
ཕ་མ་བཟང་བཟང་དྲན་ཀྱང་མི་གཡོག་རྒྱུགས།
ལེགས་བཤད་སེམས་ལ་མེད་པས་སྟོན་འཇུག་སྡོང་ལོ་བཞིན།།
བླ་མའི་བཀའ་གསུང་གཉིད་ཀྱི་རྨི་ལམ་དུའང་མི་རྨི།།
མཛའ་བའི་གྲོགས་པོའི་ལག་དངུལ་མི་ལེན་སུ་གང་མེད།།
མཛའ་མོའི་དྲིན་བཟང་མི་དྲན་ཉིན་རེར་བརྗེ་སྤོར་བྱེད།།
གཅིན་པ་གཏོང་ཞོར་དུ་བྲིས།
ང་མི་ས་འི་མྱི་ཟིག་ཡོད།
མྱི་དེ་ཡིས་ལྷ་ཆོས་དུག་ཏུ་བཤད།
ང་མི་དགའ་ས་འི་རོགས་ཤིག་ཡོད།
རོགས་དེ་ཡིས་ཆོག་ཤེས་གླན་པར་བརྩི།།
ང་མི་དགའ་ས་འི་གྲོགས་ཤིག་ཡོད།
གྲོགས་དེ་ཡིས་མྱིང་ཆེན་རྡོག་པས་བརྫི།།
ང་མི་དགའ་ས་འི་བུ་ཞིག་ཡོད།
བུ་དེ་ཡིས་ཕ་མར་ཚིག་རྩུབ་ཟློ།།
ང་མི་དགའ་ས་འི་ཁྱི་ཞིག་ཡོད།
ཁྱི་དེ་ཡིས་ཁྱིམ་མྱིར་སོ་རྨུག་བྱེད།
ང་མི་དགའ་ས་འི་རྟ་ཞིག་ཡོད།
རྟ་དེ་ཡིས་རྟ་བདག་འཕྲ་མགོར་ལེན།
ང་མི་དགའ་ས་ནི་དེའི་མང་ཡིན།
དེའི་དོན་དུ་མ་ཎི་ཡིག་དྲུག་འབུལ།།