kangpu tsenga
—————
སྤྱིར་ བཤད་ན་ཆང་ས་རྒྱག་པ་ནི་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་དོན་དག་བཟང་བོ་ཞིག་རེད། ང་ཚོའི་ཕ་མེས་ཡང་མེས་སུ་ཡིན་རུང་ལ་དོན་དག་འདི་ལ་གཡོལ་མ་ཐུབ་ཅིང་། ཚ་བོ་ཚ་མོ་དག་ཀྱང་ལམ་བུ་འདིར་མི་ཞུགས་པའི་དུས་ཤིག་ཡོང་མི་སྲིད། འདི་ནི་ང་ཚོ་གཡོལ་ས་མེད་པའི་མི་ཚེ་དོན་དག་གཅིག་པུ་དེ་རེད།
གང་ ལྟར་ཡང་། ད་ལྟ་ང་ཕོ་རྐྱང་རེད། ལོའི་ན་བབ་ལ་བསམ་ནའང་ཆང་ས་བརྒྱབ་ཏེ། ཁྱིམ་གཞི་ཆུང་ཆུང་ཞིག་བསྐྲུན་པར་འཕྱི་དྲགས་མེད་ནའང་སྔ་མེད་པའི་ཚོད་དུ་ཡོད། ང་སྔོན་ཆད་གྲྭ་བ་ཡིན་སྐབས་འདིའི་ཕྱོགས་ལ་བསམ་གཞིག་གཏོང་མི་དགོས་ལ། གཞུག་ཕྱོགས་ཀྱི་དོན་དག་ཐད་དེ་ཙམ་སེམས་ཁྲལ་ཡང་བྱེད་མ་མྱོང་། གཅིག་ནས་སྐབས་དེར་ང་ན་ཡང་ཧ་ཅང་ཆུང་ལ། གཉིས་ནས་མི་ཚེ་ཞེས་པ་དང་ཁྱིམ་ཚང་ཞེས་པ་ནི་བྱིས་སེམས་ཅན་ཞིག་ལ་མཚོན་ན་བསམ་ བློ་གཏོང་རིན་ཅང་མེད་པ་ཞིག་རེད། ཡིན་ནའང་། ད་ལྟ་དེ་ལྟར་མིན་པ་ངས་ཚོར་གྱིན་འདུག ཉིན་རེ་ལས་ཉིན་རེར་ཤུགས་ཆེར་ཚོར་གྱིན་འདུག
ལོ་ འདི་གར་ངས་ཆང་ས་ཞིག་རྒྱག་པའི་ཐད་དུ་མནོ་བསམ་མང་བོ་བཏང་མྱོང་། ཡིན་ནའང་། འདི་ལྟར་མུ་ནས་མུ་རུ་ལྷག་སོང་། སྐབས་རེར་ངས་རང་ཐོག་གི་དྲི་བ་འདི་གཞན་ཐོག་ལ་བསྐོར་ནས་དྲིས་པ་ཡིན། ཏག་ཏག་འདི་ལ་རྒྱུ་མཚན་འདི་འདྲ་ཞིག་འདུག དེ་ནི་ཁོར་ཡུག་དང་འཚོ་བས་མནར་གཅོད་དོ། །ཟེར་བ་འདི་རེད་སྙམ།
རེད། ང་སློབ་གྲྭར་ཡོད་སྐབས་ནས་ངས་སློབ་གྲྭའི་དགེ་ལས་ཚོས་རང་ལོ་སུམ་ཅུ་ཟད་དེ་བཞི་ བཅུ་ཟིན་ལ་ཡོད་དུས་གཞི་ནས་ཆང་ས་རྒྱག་པ་ཚོར་ཞིང་མཐོང་གི་ཡོད། སྐབས་དེར་དགེ་རྒན་རེ་ཟུང་གིས་འཛིན་གྲྭའི་ནང་འདིའི་སྐོར་གསུངས་མྱོང་བའང་ད་ ལྟ་དྲན་ལམ་དུ་གསལ་ལྷང་ངེར་འདུག གང་ལྟར་ཡང་། ཁོང་ཚོ་ལ་མཚོན་ལ་ཟླ་ཕོགས་ཉུང་ངུ་རེ་ལས་མེད་ཅིང་། ལམ་སེང་ཆང་ས་བརྒྱབ། བུ་ཕྲུག་སྐྱེ་རྒྱུ་ནི་རྒྱུ་དངོས་ཤིག་མེད་ན་ཡོང་མི་སྲིད་པ་ཞིག་ཏུ་དགོངས་ ཀྱིན་འདུག དེ་བཞིན་བཙན་བྱོལ་བའི་ཁ་སྟབས་ཞན་པའི་འཚོ་བ་འདིའི་ཁྲོད་དུ་དངོས་གནས་ཆང་ས་ རྒྱག་ཆོག་ཆོག་དང་བུ་ཕྲུག་སྐྱེ་ཆོག་ཆོག་ཅིག་གང་ན་ཡོད། མ་མཐར་ཡང་ཉིན་རེའི་འཚོ་བ་འགྲིག་ཙམ་དགོས་པ་རེད།
དེང་ སྐབས་ང་ཟླ་ཕོགས་ལེན་མཁན་ཞིག་རེད། མང་རྒྱུ་མེད་ལ་ཉུང་རྒྱུ་ཡང་མེད་པའི་ངའི་ཟླ་ཕོགས་ཀྱིས་ཁྱིམ་ཆུང་མ་ལེན་རྒྱུ་ དང་གཞི་འཁོར་བ་ལ་འཛུགས་རྒྱུ་ཟེར་ན་དཀའ་མོ་རེད་དེ། ཡང་ཕྱོགས་གཞན་ཞིག་བསམ་བློ་བཏང་ན་དེ་ཙམ་དཀའ་བའི་ཚོར་སྣང་ཡང་ཡལ་འགྲོ སྔོན་ཆད་ངྷ་སར་འཁྱམ་ཉུལ་བྱས་འགྲོ་སྐབས་ཡིན་ན་ཉིན་རེ་བཞིན་སྐྱེལ་བཞིན་པའི་ མི་ཚེའམ། རང་ཉིད་ཀྱི་ལྟོ་རྒྱབ་ལ་སེམས་ཁྲལ་ཡོད་ཀྱང་། དེང་སྐབས་ཕོགས་ཤིག་ལེན་རྒྱུ་ཡོད་དུས་གནས་སྟངས་དེ་ལས་ཅུང་ཙམ་ཡག་ཏུ་སོང་ཟིན་ པ་ཚོར་གྱིན་འདུག གང་ལྟར་ཡང་། ད་ནི་ཁྱིམ་ཆུང་མ་ཞིག་ལེན་པའི་ཚོད་དུ་སླེབས་འདུག་པས་ཚོར་འདུ་ཞིག་གིས་ཡང་ཡང་ བཙིར་ཡོང་གི་འདུག
སྤྱིར་ ང་སློབ་གྲྭར་ཡོད་སྐབས་ཤིག་ནས་མྱུར་ཏུ་ཆང་ས་བརྒྱབ། བུ་ཕྲུག་འགའ་སྐྱེ་དགོས་བསམ་མྱོང་ཡོད། སྐབས་དེ་དུས་ནས་ད་བར་དུ་ང་ལ་བསམ་ཚུལ་འདི་འདྲ་ཞིག་ཡོད། ཅི་ཙམ་གྱིས་ཆང་ས་རྒྱག་སྔ་བ་དང་བུ་ཕྲུག་སྐྱེ་སྔ་ན་རང་ཉིད་ན་ཆུང་བའི་སྐབས་ འདིར་བུ་ཕྲུག་ཚོ་འཚར་ལོངས་འབྱུང་ཞིང་། གཉོམ་ལག་རྒྱས་པ་མ་ཟད། རང་ཉིད་མ་རྒས་པའི་སྔོན་དུ་བུ་ཕྲུག་ཚོས་ཀྱང་ཁྱིམ་འཁོར་བ་བཟུང་སྟེ། ངའི་མིག་མདུན་དུ་ཚ་བོ་ཚོ་མོ་འགའ་སྐྱེ་ངེས་རེད། དེ་མིན་ཅི་ཙམ་གྱིས་ཆང་ས་རྒྱག་འཕྱི་ཞིང་བུ་ཕྲུགའང་སྐྱེ་འཕྱི་ན། རང་ཉིད་རྒས་ཤིང་འཁོགས་པའི་སྟེང་བུ་ཕྲུག་ཚོ་ཡང་གཉོག་ལག་མ་རྒྱས་པར་ལྷག་པ་དང་། གལ་སྲིད་སྟབས་མ་ལེགས་པར་འཆི་བདག་ཟེར་བ་མདུན་དུ་སླེབས་སྔ་སྟེ། འཇིག་རྟེན་འདི་དང་འབྲལ་ཉེ་བའི་སྐབས་དེར་བུ་ཕྲུག་ཚོ་ད་དུང་སློབ་ཆུང་ཞིག་ འདོན་བཞིན་པའམ། ཡང་ན་རང་ཉིད་ཀྱི་རྐང་པའི་ཐོག་ཀྱང་ལངས་མ་གོག་གིས་འགྲོ་བཞིན་ཡོད་ཚེ། ངས་ཆེས་མཐའ་མཇུག་གི་དབུགས་ཏེ་ལྷོད་ལྷོད་ཅིག་ལེན་ཐུབ་རྒྱུ་མ་རེད་ལ། མིག་ཡང་ཡག་པོ་ཞིག་བཙུམ་ཐུབ་རྒྱུ་མ་རེད་བསམ། འདི་ལྟར་བསམ་ན་ང་ལ་བྲེལ་ཤ་ཞིག་ལངས་ཡོང་།
དེང་ སྐབས་ད་དུང་ང་བྲེལ་ཤའི་སྟེང་ལ་བྲེལ་ཤ་ཞིག་ལངས་ཡོང་། ངས་འདི་ལྟར་འཆར་བཀོད་འཐེན། ཁྱིམ་ཆུང་མ་བླངས་རྗེས་བུ་ཕྲུག་འགའ་སྐྱེས། བུ་ཕྲུག་རང་ལོ་གསུམ་བཞི་ལ་ལོན་སྐབས་ཕ་ཡུལ་དུ་བསྐྱལ་ཏེ་མ་དྲིན་མོ་ཆེའི་སར་ ནས་གཉོམ་ལག་རྒྱས་བཅུགས། དེ་ལྟར་བྱས་ན་ད་གཟོད་ངའི་བུ་ཕྲུག་དག་གི་ངག་ལ་བོད་སྐད་རྣལ་མ་དང་རྒྱུད་ཀྱི་ གོམས་སྲོལ་རྣལ་མ་བརླག་གི་མ་རེད་ལ། ངའི་ཁྱིམ་རྒྱུད་ལ་བསམ་ན་བཟང་རྒྱུ་མེད་ཀྱང་སྡུག་རྒྱུ་གཏན་ནས་མེད་པས་སྤྱིའི་ ཆ་ནས་ངའི་བུ་ཕྲུག་ང་དང་ཆུང་མ་མཉམ་དུ་འཚར་ལོངས་འབྱུང་བ་ལས་མ་དྲིན་མོ་ཆེ་དང་ ཕ་ཡུལ་གྱི་གཉེན་ཉེ་མིང་སྲིང་ཚོ་དང་མཉམ་དུ་འཚར་ལོངས་བྱུང་ན། གཤིས་ཀུན་སྤྱོད་དང་འགྲོ་སྟངས་འགྲོ་ལུགས་ཡག་པོ་ཆགས་རྒྱུར་ཐེ་ཚོམ་མེད་པ་ཞིག་ རེད།
རྒྱུ་ མཚན་འདིའི་དབང་གིས་མ་དྲིན་མོ་ཆེ་རྒས་མེད་ཐོག་འདིར་ངས་ཁོང་མོར་ཚ་བོ་ཚ་མོ་ འགས་ལག་སྐྱེས་འབུལ་རྒྱུ་དང་ཁོང་མོས་ཀྱང་ངའི་ཚ་བོ་ཚ་མོ་དག་ལག་ཆགས་པར་རམ་ འདེགས་མཛད་དགོས་ངེས་རེད། མ་གཅིག་ལ་བུ་གཅིག་ལས་མེད་ཀྱང་བོད་ཕྱི་ནང་གི་ཆབ་སྲིད་རྐྱེན་པས། བུ་ཕྲུག་ལངས་ཤོར་ང་འདི་ལྟར་ས་མཐའ་ས་ནས་གནས་སྐབས་ཕྱིར་ཡུལ་དུ་ལོག་མ་ཐུབ་ ཀྱང་། མ་དྲིན་མོ་ཆེ་ལ་ངའི་བུ་ཕྲུག་འགའ་འཚོ་རྒྱུ་ཡོད་ན་ཁོང་མོའི་ཉིན་རེ་བཞིན་རེ་ སྒུག་གིས་སྐྱེལ་བཞིན་པའི་མི་ཚེ་དེ་ཡང་ཅང་ལྷོད་ལ་འབབ་ཐུབ་ངེས་རེད།
དེ་ མིན་མ་དྲིན་མོ་ཆེས་ཀྱང་ངའི་སྲིང་མོ་གནས་ལ་སོང་རྗེས་ང་ལ་གོ་རྒྱུ་ཡོད་པའི་ སྐད་ཆ་ཚིག་འགའ་གསུངས་མྱོང་། ཡིན་ནའང་། སྐབས་དེར་ཁོང་མོས་ང་ལ་རྒྱུན་ཏུ་ཕྱིར་ནང་དུ་མ་སླེབས་པར་ཆང་ས་མི་ རྒྱག་པའི་ཁ་ཏ་བྱེད་ཀྱིན་ཡོད། དེ་ནི་ཁོང་མོས་ངས་ཕྱི་གླིང་བར་ཆང་ས་རྒྱག་པར་དོགས་ནས་དེ་ལྟར་བརྗོད་ཚུལ་ཉེ་ སྔོན་ཞིག་ཏུ་གསུངས་མྱོང་ལ། སྐབས་དེར་ངས་ཀྱང་ཁོང་མོར་ད་དུང་ལོ་ངོ་ཕྱི་ནང་འདིར་ཕྱིར་རང་ཡུལ་དུ་ལོག་ རྒྱུར་རེ་བ་བྲལ་ཚེ། ད་ནི་བུད་མྱིད་ཅིག་ལའང་བསམ་བློ་གཏོང་དགོས་པ་འདྲ་ཟེར་སྐབས། ཁོང་མོས་ཞལ་བཞེས་གནང་སོང་།
ང་ རང་སྟེང་ལ་བསམ་བློ་བཏང་ནའང་། ཁྱིམ་ཆུང་མ་ཞིག་ཡོད་ན་ཕྱི་དྲོ་ལས་ཀ་ནས་ཐོན་དུས་ཐབ་ན་མེ་ཞིག་དང་ཁྱིམ་ན་དྲོད་ ཅིག ལག་ལ་ཇ་ཚ་བོ་འཇོག་མཁན་ཞིག་ཡོད་རྒྱུ་རེད་ལ། ད་ལྟ་ལྟར་ནམ་ཡིན་རུང་ཞོགས་ཇ་རེག་ན་གོང་ཇ་མི་རེག་པ་དང་། གོང་ཇ་རེག་ན་ནུབ་ཆུ་མི་རྙེད་པའི་སྡུག་བསྔལ་འདི་ཡོད་རྒྱུ་མ་རེད། ཐ་ན་མར་ཉལ་ཐེངས་རེ་རེ་བཞིན་བུག་མོ་སྐྱ་རིལ་རིམ་ནས་ཉལ་དགོས་པའི་སྡུག་བསྔལ་ དེ་ཡང་ཡོད་རྒྱུ་མ་རེད། མི་གཞན་གྱིས་ཁྱིམ་འཁོར་བ་བསྐྲུན། བུ་བུ་མོ་སྐྱེས། བཟའ་མི་ཚང་མ་དགའ་དགའ་སྐྱིད་སྐྱིད་ཀྱི་འཚོ་བ་རོལ་བཞིན་པ་དེ་ངས་ཀྱང་ལོངས་སུ་ སྤྱོད་འདོད། འདི་ལྟར་ངས་མྱུར་ཏུ་ཆང་ས་རྒྱག་ན་འདོད། བུ་ཕྲུག་སྐྱེས་ན་འདོད།
འདི་ ནི་ད་ལྟའི་ངའི་སེམས་ཁོང་གི་རེ་སྨོན་ངོ་མ་དེ་རེད། ཡིན་ནའང་། ངས་ད་དུང་ཆང་ས་རྒྱག་པ་དང་བུ་ཕྲུག་སྐྱེ་རྒྱུ་ནི་འགྲོ་ཞོར་འདུག་ཞོར་ཞིག་གི་ དོན་དག་མིན་པ་ཤེས་ཀྱི་ཡོད། ངས་ཆང་ས་བརྒྱབ་རྗེས་སྐྱིད་ན་སྡུག་ན་ང་ལ་ཁྱིམ་ཞིག་ཡོད་པ་རེད། ངའི་ཁྱིམ་དེ་ལ་དགོད་སྒྲ་དགོས་སམ་སྡུག་དམེ་དགོས་ཟེར་བ་ནི་ད་ལྟ་ནས་འདྲི་དགོས་ པའི་དྲི་བ་དེ་རེད། མི་སུ་ཡིན་རུང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དང་འགྲིག་ཅིང་མཐུན་པའི་བཟའ་ཟླ་ ཞིག་ལ་སྨོན་པ་འཆོར་གི་རེད། དེ་ལྟར་ཡོང་བ་ལ་བཟའ་ཟླ་གཉིས་ཀྱི་ཕན་ཚུན་ལ་བསྟུན་ཤེས་ཉན་ཤེས་དང་སྐྱིད་སྡུག་ མཉམ་མྱོང་གིས་འགན་ འཁྲི་ངོས་ཟིན་དགོས་པ་རེད། བྱུང་ན་མཛེས་མ་དང་བཟང་མོ། གཡུག་ལས་ཅན་དང་སེམས་རྒྱ་ཅན། སྐྱེས་པར་བྱམས་ཤིང་ཕ་མ་བཀུར་བ། བུ་ལ་བརྩེ་ཞིང་མགྲོན་པོར་བཟང་བ། དུས་རྒྱུན་དུ་བཤད་རྒྱུ་གཏམ་རྒྱུ་ཉུང་ཞིང་ལས་ལ་བརྩོན་པ་ཞིག་དགོས་ཀྱི་རེད། དེ་ལྟར་མི་ཡོང་ནའང་། མ་མཐར་ཡང་སྤྱིར་བཏང་གི་ཆ་ནས་ལྟ་ཚུལ་གཅིག་པ་དང་དགའ་ཁ་འཁྱེར་ཕྱོགས་གཅིག་པ་ ཞིག་དགོས་ཀྱི་རེད།
རྒྱུ་ མཚན་དེའི་དབང་གིས་མི་ཚེ་གཅིག་ལ་ཐེངས་གཅིག་ལ་རོལ་ཆོག་པའི་གཉེན་སྟོན་དེ་ཡང་ དོན་དང་ལྡན་པ་ཞིག་ཡོང་ཆེད་ངས་གདམ་ཀ་ནོར་མི་རུང་བས། ངས་ཧོལ་རྒྱུགས་བྱེད་རུང་གི་མ་རེད་སྙམ། ངས་ངེས་པར་དུ་ནོར་འཕྱུག་མེད་པ་ཞིག་འབྱུང་ན་བསམ་གི་འདུག་ལ། ཐེངས་གཅིག་གི་ཐག་གཅོད་དེ་ཚེ་གང་གི་བདེ་སྐྱིད་ངོ་མ་རུ་རྙེད་ན་ཅི་མ་རུང་བསམ་ གྱིན་འདུག
ཁྱེད་ཀྱི་གསུངས་པ་བདེན་ཡང་། ཆང་ས་རྒྱག་རྒྱུར་རྩ་བ་ནས་ཕྱིས་མི་ཉན་པ་རེད། ་ང་ལ་མཚོན་ན་ཕྲུ་གུ་བཞི་ཡོད་ཀྱང་། གསུམ་བོད་དུ་ལུས་ཡོད། ཁོང་ཚོའི་ཨ་མ་ད་ལྟ་དང་གཅིག་པ་མ་རེད། ཆུང་དུས་ཆང་ས་བརྒྱབ་ཚར་ན་འཚར་་ལོངས་བྱུང་སྐབས་སྙིང་སྡུག་དང་ལང་ཚོའི་སྤྲོ་སྣང་ལ་གུན་གསབ་བྱ་རྒྱུ་དང་། ལྷོད་དལ་གྱི་མི་ཚེ་ཞིག་སྐྱེལ་རྒྱུ་ཡོང་གི་ཡོད་པའི་ཚོར་སྣང་འདུག དེ་བས་ཀྱང་ཁྱེད་ལོ་རྒས་ཙམ་ཡིན་ན་ན་གཞོན་ལོ་རྒས་ཙམ་འཚོལ་རྒྱུ་དེ་གལ་ཆེན་པོ་རེད། ལོ་ཆུང་བོུ་མང་པོས་རྒས་པོ་འདེམས་པ་དེ་ཁོང་མོ་སྤྱི་ཚོགས་ཀྱི་བདེ་་སྐྱིད་ཕྲ་མོ་དེར་གཞན་ལའང་ལོངས་སྤྱོད་སྐྲུན་རྒྱུའི་འཆར་གཞི་ཡོད་པས་རེད། ཡིན་ནའང་ཆང་ས་ནི་གང་ལྟར་ཕྱི་མི་ཉན་པ་རེད། ཕྱིས་དྲག་ན་བཟང་ཞན་གང་ཡིན་ཡང་གྲུབ་འབྲས་ཡག་པོ་ཞིག་ཡོང་གི་མ་རེད། དེར་བརྟེན་ངས་ཁྱེད་ཆང་ས་སྔ་ཙམ་བརྒྱབ་རྒྱུ་མ་ཟད། ང་ཞོའི་བོད་མི་ས་ཡ་དྲུག་པོ་དེ་ས་ཡ་དྲུག་ཅུར་གྱུར་ནས་སྟོབས་ཤུགས་འཕེལ་རྒྱུའི་ཆེད་ང་ཚོ་མི་རེ་ངོ་རེས་ཆང་ས་སྔ་ཙམ་བརྒྱབ་ནས་རིག་གཞུང་དང་དཔལ་འབྱོར་གྱི་འཕེལ་རྒྱས་གཞན་བཏང་་མ་ཐུབ་ཀྱང་མི་འབོར་གྱི་འཕེལ་རྒྱས་མྱུར་པོར་བཏང་སྟེ་མི་སེར་སྤེལ་བའི་རིང་ལུགས་ཀྱི་ལམ་ཁ་ཞིག་བདམས་ཏེ་བལ་ཡུལ་ལྟ་བུ་སྔ་ཙམ་ཚུར་ཟས་ཏེ་རིམ་པས་བོད་་ལེན་ན་གང་འདྲ་འདུག
སྐྱེས་པ་ཕོ། བསམ་བློ་མང་པོ་བཏང་ན་དོན་དག་འགྲུབ་རྒྱུ་ནམ་ཡང་ཡོད་པ་མ་རེད། དེ་ཕྱིར་རང་ཐག་རང་གིས་བཅད་དེ་ ཆང་ས་རྒྱོབ། མནའ་མ་རུམ། བུ་རྒྱུད་སྤོར། ཕྲུག་གུ་གཉོར། སྔ་ས་ནས་རྒན་གཡོལ་བྱོས་ལ་ངལ་གསོ་བྱས་ན་ཁེ་བཟང་ཡིན།
ནིའོ་ཡོག་ན་གྲོགས་པོ་ཕན་ཚུན་ངོ་ཕྲད་སྐབས་དྲི་བ་གསུམ་འདུག ༡༽ ལས་ཀ་སྔོན་མའི་ལས་ཀ་ཡིན་ནམ། ༢༽ ཁང་པ་སྔོན་མའི་ཁང་བ་ཡིན་ནམ། ༣༽ ཆུང་མ་སྔོན་གྱི་ཆུང་མ་ཡིན་ནམ། དྲི་བ་འདི་གསུམ་པོ་གྲོགས་པོའི་འཚམ་འདྲི་རེད། འདི་འདྲའི་འཆང་ས་བརྒྱབ་དང་མ་བརྒྱབ་འེ་འདུག་ལགས། ད་རུང་བོད་པས་བོད་ཕྲུག་གསོ་རྒྱུ་ཁེག་པོ་རེད་འདུག་ཨ་རི་ལྟ་བུ་ནས།
ད་ཁྱེད་རང་གིས་ལོ་ཆུང་ཞིག་མ་བླངས་ན་བྱིས་པ་སྐྱེས་རྒྱུ་ཁག་པོ་རེད། ལོ་ཆུང་ཞིག་བླངས་ན་ཁྱེད་རང་གི་འཆར་གཞི་འགྲུབ་ཐུབ་རྒྱུར་ཐེ་ཚོམ་ཡོད་ནི་མ་རེད། གཞན་ཁྱེད་རང་གི་ཆ་རྐྱེན་དེ་ཚོ་མཐོ་དྲག་འེ་འདུག་དཔྱད་པ་གཏོང་དགོས་ནི་རེད། ཁ་དཔེ་ལ་ཁ་ལ་དཔག་པའི་སོ་ཟེར་སྲོལ་ཡོད་ནི་རེད།།
ཨ་མ་ལ་ལས་འགན་ལྗིད་དྲག་མི་འདུག་གམ། སྔོན་ཆད་ཁྱོད་རང་ལོ་ག་ཚོད་པར་དུ་གསོས་ནི་རེད། ད་ཡང་ཁྱེད་རང་གི་བྱིས་པ་ཚོ་གསོ་དགོས་ནི་རེད། ཨ་ཨ་ཨ་ འཇིག་རྟེན་གི་ཨ་མ་ད་དྲིན་མོ་ཆེ་རེད་ལ། ཡིན་ན་ཡང་ཁྱོད་རང་གི་བྱིས་པ་ལ་ཡང་ཨ་མ་ཡོད་ནི་རེད་ཡའ། ད་ཁྱོད་རང་གིས་ཨ་མ་ལ་ཕྱིར་དྲིན་ལན་མཇལ་བའི་སྐབས་ལ་སླེབས་ཡོད་ནི་རེད་ འ་བུ་རྒོད་པོ་ལགས།། །།
སེམས་གཏམ་བཤད་འདུག
ཡིན་ཡང་གྲོས་གཞན་ལ་ཕྲིས། ཐག་རང་གིས་ཆོད་ཟེར་བ་དྲན་སོས་རོགས།
ང་ལ་འདིའི་ཐད་ལ་བསམ་ཚུལ་མེད། བསམ་ཤེས་དག་ལ་ཕྲིས་དང་།
ཟླ་བ་གཞོན་ནུ་ནས་བཤད་པའི་ཨ་རིའི་ཡུལ་གྱི་གྲོགས་པོ་ཕན་ཚུན་བར་གྱི་དྲི་བ་གསུམ་དེ་ཕལ་ཆེར་དེང་སེང་ངྷ་སར་ཡང་སླེབས་ཀྱིན་པ་འདྲ། ཟ་ཁང་དང་ཚོང་ཁང་གི་ལས་ཀ་ཆུང་ཙག་བྱེད་མཁན་ཚོས་དང་བོ་ལས་ཀ་རང་འཇགས་ཡིན་མིན་འགྲི་གི་རེད་ལ། དེ་ནས་གང་དུ་བསྡད་ཡོད་མེད་དང་ཁང་བ་རང་འཇགས་ཡིན་མིན་འདྲི་གི་རེད། མཐར་སྔོན་གྱི་བུད་མྱེད་དམ་དགའ་བོ་འདྲི་གི་རེད། ཨ་རི་ནང་བཞིན་ཁྱབ་རྒྱ་ཆེན་པོ་ཡིན་མི་སྲིད་ཀྱང་ཆུང་ཆུང་ཡང་མ་རེད་སྙམ།
ཨ་རིག་འགྱུར་མེད་ཡིན་ན་འདི་ལ་མིག་ཐང་ཐང་ཅིག་ཡོད་ཚོད་མི་འདུག་པས། མི་རྒན་ལོ་དགུ་བཅུ་ཅན་ཞིག་ཡིན་པ་ཐག་གི་ཆོད། གཞོན་ནུ་ཟླ་མེད་དང་ཟླ་བ་གཞོན་ནུ་ནོར་ནས་ཀློག་འགྲོ་གི་འདུག། །།
དངོས་གནས་ལོ་མ་རྒས་གོང་ནས་མིག་ལ་སྐྱོན་ཤོར་བ་འདྲ། ཁྱེད་གཞོན་ནུ་ཟླ་མེད་བསམ་པའི་དོན་འགྲུབ་འདི་ཟླ་བ་གཞོན་ནུ་ཟེར་བའི་རླུང་རྟ་ཡར་འགྲོ་བོར་ནོར་འདུག
ཡིན་ནའང་། འདིར་གསལ་འདེབས་ཀྱི་ཚུལ་དུ་ཞུ་རྒྱུ་ཞིག་ལ་ངས་གོང་གི་ཆ་རྐྱེན་དེ་མཐོ་མེད་ལ་དམའ་ཡང་མེད། དཔེར་ན། བྱུང་ན་འདི་དང་གན་ལྟ་བུ་ཞིག་དགོས་ཟེར་བ་དེ་མཐོ་ཚད་ཡིན་ལ། དེ་མིན་འདི་དག་གན་ཟེར་བ་དེ་དམའ་ཚད་ཡིན། དེ་གཉིས་ཀྱི་བར་མ་ཞིག་ཡིན་ན་དབུ་མ་ཡིན་པས་ངས་ཀྱང་འབྲིང་ཙམ་ཞིག་ལ་རེ་བ་རྒྱག་པ་ལས་རྒྱགས་གཏམ་བཤད་ཀྱིན་མེད། ཧཧཧཧ
འ་རོགས་འཆང་སའི་སྟོན་མོ་ལ་ཡོང་རྒྱུ་ཡིན། ད་དུང་གླུ་གསུམ་གྲ་སྒྲིག་བྱས་ཡོད།
འ་རོགས། ངས་བསམ་ན་འཀའ་ཟུར་རིན་ཆེན་མཁའ་འགྲོས་མ་ཤེས་ས་ནས་སྒྲོལ་མ་གླིང་གི་ཨ་ནེ་ཅིག་རྐུ་མ་བརྒྱབ་ནས་ཤོག ལམ་སང་དབུ་སྐྲ་མ་སྐྱེས་ན་ཡང་བུ་གུ་བཟོས་ན་འགྲིག་ནི་རེད།
ཞོར་ལ་ང་ལ་ཡང་འེ་རེག་ལྟོས་འ