བོད། ལྷ་ཀླུ་གཉན་གསུམ།
ང་ཡིས་འཆི་བ་གླེང་ནས་ཉིན་འགའ་སོང་།།
ཉིན་འགའི་རྗེས་སུ་སྙིང་ནས་བརྩེ་བ་ཡི།།
རྒྱང་རིང་ཡུལ་ན་འཚོ་བའི་གྲོགས་པོ་ཡིས།།
ཁོ་ཉིད་འཆི་བར་ཕྱོགས་ལ་ཉེ་བར་གླེང་།།
རྒྱུ་དང་རྐྱེན་ནམ་ཞིབ་དུ་ཀློག་པའི་རྗེས།།
གློ་བུར་ཚོར་བ་ཞིག་གི་ང་འཁྲིད་དེ།།
ནམ་ཡང་རྒྱུས་མངའ་མེད་པའི་ཡུལ་ཞིག་ལ།།
བྱིན་ནས་རེ་ཞིག་ཕྱིར་ལོག་བྱེད་མ་ཐུབ།།
ཕྱིར་དུ་ལོག་པའི་ལམ་ཕྲན་སྐྱ་བོ་ནས།།
རང་གིས་གདོང་ལ་ཞིབ་དུ་བལྟས་པ་དང་།།
སེམས་པ་སྐྱོ་བའི་རྒྱུ་རྐྱེན་བཙལ་དུས་སུ།།
ང་ནི་གྲོགས་ཀྱི་མི་ཚེ་དུངས་པའི་རེད།།
འོ་ན་རང་ཉིད་རང་ལ་མི་དུངས་སམ།།
དེ་ལྟར་དྲིས་པའི་དྲི་བའི་སྔ་གཞུག་དུ།།
ང་རང་ཁ་རོག་གཅིག་བུར་མུན་ནག་ཁྲོད།།
རླུང་གསེང་བྱེད་ཞོར་ཐ་མག་རྔུབ་བཞིན་བྱིན།།
ང་རང་འཆི་བར་དགའ་བ་དངོས་ཡིན་ལ།།
དགའ་བའི་རྒྱུ་རྐྱེན་རང་སེམས་གསལ་བོ་རེད།།
ང་ཡི་གྲོགས་ཉིད་འཆི་བར་མི་དུངས་ལ།།
དེ་ཉིད་བསམ་ན་ལྷག་དུ་སྐྱོ་བ་འདུག།
སྤྱིར་ན་མི་རྣམས་སྐྱེ་འཆི་རང་དབང་མེད།།
དགོས་སུ་དེ་ཉིད་སུས་ཀྱང་ཚོད་མི་ཐིག།
འོན་ཀྱང་རྐྱེན་ངན་ནད་དང་འཕྲད་གྱུར་ནས།།
མི་ཚེ་མཇུག་འདི་རྫོགས་མཁན་ཉུང་ཉུང་རེད།།
བསམ་བློ་འདི་ལྟར་བཏང་ནས་ཡང་དང་བསྐྱར།།
གྲོགས་ཉིད་མིག་གི་མདུན་དུ་ཤར་ནས་འོང་།།
ཤར་བའི་ཚུལ་ནི་འདས་པའི་མཉམ་འཛོམ་རེད།།
མི་རིང་དེ་དག་ལག་ནས་ཤོར་ས་རེད།།
ལྷ་དང་བླ་མ་ཡོད་ན་གསན་མཛོད་དང་།།
གྲོགས་དང་ཉེ་དུ་ཡོད་ན་རེམ་ཞིག་དང་།།
བདག་གི་བརྩེ་བའི་གྲོགས་ཀྱི་མི་ཚེ་འདི།།
མི་དམངས་དཀྱུས་མ་བརྒྱ་ཡི་དོ་ཟླ་མིན།།
འཆི་བརྡ་འབྱོར་ན་དམ་པའི་ལྷ་ཆོས་བྱོས།
རང་སེམས་འགྱོང་པོ་འདུལ་བའི་ལས་ལ་བརྩོན།
གྲོགས་དང་མཉེན་ལ་ཁ་ཆེམས་ཡོད་ན་ཞོགས།
རྒྱུ་ནོར་གཞན་ལ་གཡར་ན་གསལ་པོར་གསུངས།
ང་ཡིས་འཆི་བ་གླེང་བའི་སྔ་དགོང་དུ།།
གྲོགས་ལ་འཆི་བ་སླེབས་པའི་སྔ་གཞུག་ན།།
སེམས་པ་ཟུག་གཟེར་འཕར་བའི་དབུགས་རིང་ཤིག།
ཡི་གེ་གཟུགས་སུ་བཏབ་པ་དེ་ཉིད་ཡིན།།
གྲོགས་ཉིད་སླེབས་ནས་འཆི་ཁའི་ཁ་ཆེམས་ཤིག།
ཇི་ལྟར་འཇོག་དགོས་ཡོད་མེད་གསུངས་པ་དེ།།
ང་ཡི་སེམས་ལ་བཟུང་ན་ལོས་ཆོག་ཀྱང་།།
གྲོགས་ལ་དེ་ལྟར་ཞུ་བའི་སྤོབས་པ་མེད།།