རྡོ་སྦིས་ཟླ་བ་ཚེ་རིང།
ཨ་འཁོར་གྱི་བརྩམས་སྒྲུང(ས་རཱ་སློབ་གྲྭའི་བརྩེ་དུང་དང་མིག་ཆུ་)བཀླགས་རྗེས་ཀྱི་མྱོང་ཚོར།
སྔོན་གླེང་ཀྱོག་ཀྱོག
སྟེས་དབང་ཟུར་གསུམ་ཞིག་གི་གྲུ་ག་ནས་ང་དང་ཨ་འཁོར་གཉིས་ཧི་མ་ལ་ཡི་རི་གྲོང་འདི་ནས་ངོ་ཤེས་ཤིང་། ངོ་ཤེས་སྟངས་དེ་ཡང་དེང་སྐབས་འུ་ཚོའི་སྤྱི་ཚོགས་འདི་ན་རྒྱུགས་ཆེ་བའི་རྒྱུ་དང་ཟས་གོས་ཀྱི་ལམ་ཁ་དེ་མ་ཡིན་པར་ངོ་ཆུང་འབྱོར་མེད་ཀྱི་ལམ་ཁ་སྟེ་དུས་དེབ་དང་ཚགས་ཤོག་བརྒྱུད་ནས་མ་འདྲིས་མཛའ་བཤེས་ཀྱི་ས་བོན་གཙང་མ་འདི་ཉིས་སྟོང་གཉིས་ལོ་ནས་ངའི་སེམས་ཁམས་ཀྱི་གཤིན་ས་རུ་ཤུགས་ཀྱིས་བབས་ཤིང། དུས་དེ་སྐབས་ནས་བཟུང་ངས་རྣ་ཟུང་གཏོང་ས་དང་མིག་ཟུང་གདང་ས་ཡང་ཁོ་བོའི་རྩོམ་ཡིག་གི་ཁོ་ར་དེ་ཡིན། ང་ཁོ་ར་དེར་བཅར་ཐེངས་རེར་ཁོ་དང་དངོས་སུ་གླེང་མོལ་བྱུང་བའི་ཚོར་སྣང་ཞིག་སྐྱེས་ཀྱིན་ཡོད་པས། སེམས་བྱུང་འདི་ནི་ཇི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང། ཏག་ཏག་ཉིས་སྟོང་ལྔ་ལོར་ངེད་གཉིས་རབ་འབྱམས་པའི་གླེང་སྟེགས་འདི་ནས་དངོས་སུ་ཐུག་པ་ཡིན་ལ། སྐབས་དེ་དུས་ཀྱི་ཁོ་བོའི་རྩོམ་གཤིས་དང་བསམ་བློའི་འཛིན་ཕྱོགས་ནི་ཉེ་སྔོན་དང་རྦད་དེ་མི་འདྲ་བས། ངས་དེ་བས་ཀྱང་ཁོ་བོའི་རྩོམ་ཡིག་ལ་དོ་སྣང་ཇེ་ཆེ་དང་སེམས་པ་ཇེ་བརྟན་དུ་བཏང་བ་ཡིན། དེ་ནི་རྩོམ་ཡིག་རེ་གཉིས་ཀྱི་སྟེང་ནས་བློ་ཁ་མ་མཐུན་པས་རྐྱེན་ཡིན་ཀྱང་སྲིད། གང་ལྟར་དེ་རིང་ཡང་ལྟ་བ་འདི་གཙོ་སྙིང་དུ་བཟུང་ནས་ཉིས་སྟོང་ལྔ་ལོའི་(གངྒཱའི་བཞད་སྒྲ)འདོན་ཐེངས་དང་པོའི་ཐོག་གི་ཁོའི་བརྩམས་སྒྲུང་(ས་རཱ་སློབ་གྲྭའི་བརྩེ་དུང་དང་མིག་ཆུ)ཡི་དགེ་སྐྱོན་ཐད་ནས་གླེང་ན་འདོད།
སྤྱིར་བརྩམས་སྒྲུང་འབྲི་མཁན་གྱི་ངོས་ཐད་ནས་བཤད་ན། ཚིགས་བཅད་སྙན་ངག་འབྲི་བ་ལྟར་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་རྣོན་པོ་དེ་ཀློག་མཁན་གྱི་བློ་ངོེར་སྦྱར་རྒྱུ་དེ་མ་ཡིན་པར་ཚོགས་སྤྱི་ཞིག་གི་གནས་བབ་འགན་དུ་བླངས་ནས་དེའི་རུལ་སུངས་ཀྱི་བྱ་སྤྱོད་དང་སྐྱུག་བྲོ་བའི་མི་གཤིས་སོགས་ཀྱི་ནག་ཉེས་ཀྱི་ཁ་གཏད་དུ་ལངས་རྒྱུ་ནི་བརྩམས་སྒྲུང་འབྲི་མཁན་གྱི་ཐོག་མའི་ཆ་རྐྱེན་ནམ་དམིགས་ཡུལ་ཡིན་དགོས། དེ་ལྟ་བུའི་དམིགས་ཡུལ་ངེས་ཅན་ཞིག་གི་གཤིན་ས་ནས་འཚོལ་དཔྱོད་ཀྱི་བསམ་བློ་དཀྱེལ་ཡངས་གཏང་ཐུབ་ན་ད་གཟོད་ཚོགས་སྤྱི་དེའི་དམིགས་འབེན་གྱི་འཚོ་བ་དངོས་དེ་ཚུར་སྣང་དུ་གྲུབ་ཐུབ་ལ། བརྩམས་སྒྲུང་དང་གཏམ་རྒྱུད་ཀྱི་རིན་ཐང་དེ་ནས་ཚད་གཞལ་དགོས་ཤིང། བརྩམས་སྒྲུང་ནི་སློབ་གསོ་བརྩམས་ཆོས་སུ་བརྩི་བའི་དགོས་པའང་དེ་ན་ཡོད་དོ། རྒྱུ་མཚན་དེས་བྲོས་བྱོལ་བའི་ཚོགས་སྤྱི་འདིའི་ནང་གི་བརྩམས་སྒྲུང་དག་ནི་ཁ་གྲངས་མཚོན་བྱེད་ཙམ་མ་གཏོགས་དོན་གྱི་གཏམ་རྒྱུད་རང་བཞིན་གྱི་སྨྱུག་རྩལ་ལས་བརྒལ་ཐུབ་མེད་པས། བརྩམས་སྒྲུང་གི་ཚངས་ཐིག་གཞལ་ཆོག་པའི་བརྩམས་ཆོས་རྣལ་མ་ཞིག་ཧ་ཅང་དཀོན་ཞིང་དགུན་ཁའི་མེ་ཏོག་གི་ཟླ་བོར་གྱུར་ཡོད་པ་འདིའང་གཙོ་བོ་བསམ་བློའི་དམིགས་ཡུལ་ལ་ཁ་ཕྱོགས་མེད་པས་རེད་ལ། ཤེས་ཡོན་རྨང་གཞི་ཞན་པས་འཚོ་བའི་རྒྱུ་ཆ་མཁོ་བསྡུ་བྱས་མེད་པར་ཅི་བྱུང་ཅི་དྲན་ཡིག་ཐོག་ཏུ་དམར་རྗེན་ཕབ་པ་འདིས། ལ་ཤས་ཀྱི་བརྩམས་སྒྲུང་ནི་གཏོང་ཡིག་ལྟར་གོ་བརྡ་འཕྲོད་པ་ཙམ་ལས་བརྩམས་སྒྲུང་དངོས་ཀྱི་ཁྱད་ཆོས་དེ་མངོན་ཐུབ་མི་འདུག་པས་ན། ངའི་བོད་པ་ཚང་གི་རྩོམ་རིག་གི་གཤིན་ས་རུ་དུག་སྡོང་མ་འདེབས་ཟེར་བའི་རེ་སྐུལ་འདི་ནི་ཐེངས་འདིའི་སྔོན་གླེང་ཚུལ་དུ་སོང་བའོ།།
དང་པོ།
<ས་རཱ་སློབ་གྲྭའི་བརྩེ་དུང་དང་མིག་ཆུ>ལས་མཐོང་བའི་སེམས་སྡུག་གི་སེམས་སྡུག
བརྩམས་སྒྲུང་ལ་མཚོན་ན་བསྟན་དོན་དང་རྣམ་པ་(སྒྲིག་གཞི)གཉིས་ཀྱིས་གྲུབ་པ་ལྟར་འདིའི་བསྟན་དོན་གྱི་ཆ་ནས་གླེང་ན། མིའི་རིགས་ཀྱི་རྒྱུད་ན་ལྷན་སྐྱེས་སུ་མངའ་བའི “མི་བུ་རྩིས་ཐང”དང“མི་གཞི་ཀུན་སྤྱོད”ཀྱི་རིན་ཐང་གཙོ་སྙིང་དུ་བཟུང་འདུག དེ་ལྟ་བུའི“མི་གཞི་ཀུན་སྤྱོད”དེ་ཕོ་མོའི་བརྩེ་དུང་གི་བློས་བསླངས་ཁྲོད་ནས་བརྩེ་དུང་འགལ་འདུ་ཅན་གྱི་ལྟ་བ་སྤྱད་ནས་ཀློག་པ་པོའི་བློ་ངོར“མི་གཞི་ཀུན་སྤྱོད”རྩིས་ཐང་སྲུང་བརྩི་བྱ་དགོས་བའི་རྟིང་སྐུལ་རློན་པས་བརླན་ཡོད་པ་སྒྲུང་འདིའི་མི་སྣ་“རྩོམ་པ་པོས”ཆེས་མཐའ་མའི་སྡུག་གཏམ་དུ“གྲོགས་པོ་བཟང་བོ། ཤི་ཡང་ཚེ་སྲོག་གི་དོན་སྙིང་རང་བཞིན་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་དགོས”ཞེས“མི་གཞི་ཀུན་སྤྱོད”དེ་ཚེ་སྲོག་གི་དོན་སྙིང་དུ་བཟུང་བའི་སེམས་གཏམ་གསོན་པོ་འདི་གང་ཟག་དང་པོ་“ང”བརྒྱུད་ནས་སྒང་བ་གདོང་དམར་བྱིངས་ཀྱི་རྣ་རྒྱན་དུ་སྤྲས་ཡོད་ཀི སྤྲས་སྟངས་དེ་ཡང་རྩོམ་པ་པོས་ཁོ་རང་ཉིད་ཀྱི་ལྟ་བ་དེ་ཀློག་མཁན་ཚོར་འགྲེལ་བཤད་ཙམ་མ་ཡིན་པར་ཚོགས་སྤྱི་ཞིག་གི་གནས་བབ་ཀྱི་རྒྱབ་ལྗོངས་སྐྱུར་མོ་ལག་མཐིལ་དུ་བླངས་འདུག འུ་ཚོའི་རྒྱུན་སྲོལ་ལ་ཕ་མས་རང་གི་བྱིས་པར་འདི་ལས་དང་དེ་མ་བྱེད་ཟེར་ནས་བསླབ་བྱ་གནང་དུས། ཏག་ཏག་ལ་བྱིས་པ་དེའི་དཔྱོད་ཤེས་ལ་དུད་དྲེག་ཆགས་ནས་ཁ་ལོག་ལམ་དུ་འགྲོ་ཡི་ཡོད་པ་བཞིན་ཚིག་རྐང་འདིས་“མི་བུ་རྩིས་ཐང”དང“མི་གཞི་ཀུན་སྤྱོད”མེད་པའི་རུལ་སུངས་ཀྱི་ཚོགས་སྤྱི་འདིར་དེ་ལྟ་བུའི་རྒྱུན་ཤེས་ཀྱི་ཀུན་སྤྱོད་སྲུང་བརྩི་བྱ་དགོས་བའི་བསླབ་བྱ་རང་བཞིན་གྱིས་སིམ་ཡོད་པས་རེད། མ་གཞི་ནས་འུ་ཚོའི་འཚོ་དཔྱོད་ཀྱི་ལོ་ཟླ་རིང་མོར་སྔོག་བཤེར་ཞིག་བྱས་དུས་ཡི་མུག་ཐང་ཆད་ཀྱི་དངན་རིང་མི་ཤོར་རང་ཤོར་རེད། རྣམ་དཔྱོད་ཀྱི་དཀྱེལ་ཡངས་པའི་སྒང་པ་བོད་ཀྱི་ཆབ་སྲིད་པ་ཐོག་མ་དང་བོད་རྒྱལ་མཐའ་མ་གླང་འུ་དུམ་བཙན་པོའི་ཚེ་སྲོག་དེ་ཡང་“མི་བུ་རྩིས་ཐང”མེད་པའི་ཁོར་ཡུག་ཅིག་གི་འོག་ནས་ཤོར་བ་རེད་ལ། རླབས་ཆེན་གྱི་ཚེ་སྲོག་དེ་ཤོར་བ་ནས་བཟུང་འཁྱམ་པོ་དང་ལྡོམ་པོའི་ས་བོན་དེ་གཙང་ལ་རི་མགོ་ནས་འུ་ཚོའི་རྐང་མཐིལ་ལ་བཏབ་སོང། འདི་འདྲའི་སྐྱོ་གར་ཅན་གྱི་ལོ་རྒྱུས་ལ་ཞེ་མེར་དང་ཡི་ཐང་ཆད་ནས་རྩོམ་པ་པོས“མི་བུ་རྩིས་ཐང”དང“མི་གཞི་རིན་ཐང”གི་བདེན་ལུགས་མི་འགྲོ་བའི་ཚོགས་སྤྱིི་ཞིག་གི་ཁ་གཏད་དུ་ལངས་ནས་ཚིག་རྐང་འདིས་ཕྱི་རབས་པའི་རྐང་ཚུགས་ཀྱི་ལམ་སྣེ་ཞིག་ཕྱེ་ཡོད་པར་མ་ཟད། མི་རིགས་འདིའི་སོན་རྩར་རློམ་པའི་ར་མ་ལུག་གི་སློབ་གྲྭའི་ཁོར་ཡུག་ལ་རྒྱུས་ལོན་གཏིང་ཟབ་ཅིག་བྱས་འདུག་སྟེ“གྲོགས་པོ་ཁྱེད་ཀྱང་སློབ་ཚན་དགེ་བཤེས་དང་ཡིག་རྩལ་མཁས་དབང་ནམ་ཡང་མ་གནང་རོགས། དཔེ་མཛོད་ནང་གི་དེབ་ཡོད་ཚད་ཀྱིས་ང་ཚོར་ཟུར་མིག་བལྟས་འདུག་ལ། འཇིག་རྟེན་ཆེན་མོའི་བསམ་གཞིག་གི་དོགས་གནས་ཡོད་དོ་ཅོག་གིས་ང་ཚོར་ལག་གཡུག་བྱེད་ཀྱིན་འདུག ད་དུང་བྱམས་བརྩེ་ལྡན་པའི་མི་རིགས་ཤིག་གི་འབྱུང་འགྱུར་གྱི་སྣ་ཐག་ཀྱང་ང་ཚོར་གཏད་ཡོད”ཟེར་བའི་འགན་ཁུར་རང་བཞིན་གྱི་སེམས་སྡུག་འདི་ནི་ཁོ་རང་ཉིད་ཀྱི་སེམས་སྡུག་མ་ཡིན་པར་མི་རིགས་ཤིག་གི་སོན་རྩའི་མདུན་ལམ་གྱི་སེམས་སྡུག་ཅིག་རེད། ཡིན་ཏེ་དེང་སྐབས་འཛམ་གླིང་རིག་གནས་སྣ་མང་ཅན་དུ་གྱུར་དང་འགྱུར་བཞིན་པའི་འཇིག་རྟེན་འདིའི་སྒང་ན་འུ་ཚོས་ད་དུང་རིག་པ་རྐང་གཅིག་ཅན་དང་རིག་གནས་རྐང་གཅིག་ཅན་ལ་བློ་ཡིད་ཚིམ་ནས་རིན་ཐང་བྲལ་བའི་མིའི་རིག་པ་མེ་ལ་ལྕེབས་ཚུལ་འདི་དངོས་གནས་བསམ་དཀའ་ཚོད་ཡིན་མོད། ཚོགས་སྤྱི་འདིའི་ཤེས་ཡོན་པའི་ཆོ་ལོ་འདོགས་ས་ནི་སློབ་ཚན་དགེ་བཤེས་དང་ཡིག་རྩལ་མཁས་དབང་གི་རླུང་རྟ་ཅན་འདི་ཚོ་ཡིན་པས། གནས་སྟངས་འདི་འདྲའི་འོག་ནས་འཚར་བའི་ཤེས་ཡོན་པས་མི་རིགས་ཤིག་གི་སྣེ་ཁྲིད་བྱ་རྒྱུ་ཡིན་ཟེར་ན་ཉིན་དཀར་དཀར་ལ་རྨི་ལམ་གསོན་པོ་རྨིས་པ་མ་ཡིན་ནམ། དེ་བས་རྩོམ་པ་པོ་སེམས་སྡུག་གིས་ཡིད་བརླན་ཏེ་“བྱམས་བརྩེ་ལྡན་པའི་མི་རིགས་ཤིག་གི་འབྱུང་འགྱུར་གྱི་སྣ་ཐག་ང་ཚོར་གཏད་ཡོད”ཟེར་ནས་སྨྲེ་སྔགས་ཤོར་དགོས་པའི་གནད་དོན་ཡང་འདི་ལ་ཐུག་ཡོད་པས་རེད། འདི་འདྲའི་ལྷག་བསམ་ཅན་དང་རང་རིགས་ལ་ཞེན་པའི་སྙིང་གཏམ་རེ་བཤད་ནའང། ཚོགས་སྤྱི་འདིའི་རྣ་ཟུང་ཁ་ཕྱིར་བལྟས་སུ་ཕྱོགས་ཡོད་པས་བདེན་ལུགས་དང་དྲང་གཏམ་མི་འགྲོ་བས་ན། ད་གཟོད་ཁོ་བོར་སེམས་སྡུག་གི་སེམས་སྡུག་འདི་བྱུང་བར་སྙམ།
སྒྲུང་འདིའི་སྤྱི་ངོས་ཀྱི་ཆ་ནས་བལྟས་ན། འགྲོ་བ་མིའི་འཚོ་ཤུགས་ན་རིན་ཐང་ཆེ་བའི་བརྩེ་དུང་ཞེས་པའི་ཚོར་བ་འདི་གཙོ་སྙིང་དུ་བཟུང་ཡོད་མོད། བརྩེ་དུང་དེ་ཡང་ཆིག་རྐྱང་ཅན་དང་གཏམ་བཤད་ཙམ་ལས་ཀློག་པ་པོར་བློ་ངོར་གློག་བརྙན་གཟིགས་པ་བཞིན་ཚོར་བ་དྲག་པོ་ཞིག་སྟེར་དཀའ་བར་སྣང་། དེ་ནི་ཁོ་བོས་སྒྲོལ་མ་གཡང་འཛོམས་ཀྱི་སེམས་ཁམས་ཞིབ་འབྲིའི་ནུས་ཐབས་སྤྱད་མེ་པར་འཕྲིན་ཡིག་ཅིག་གི་ལམ་ནས་ཁོ་མོའི་བརྩེ་དུང་ལ་མཇུག་སྡོམ་བརྒྱབ་ཡོད་པ་དེ་རེད། རྒྱུ་རྐྱེན་འདི་ལས་རྩོམ་པ་པོས་བརྩམས་སྒྲུང་གི་མཐོ་རླབས་དང་ཀློག་པ་པོའི་ཁོར་ཡུག་ལ་བསམ་གཞིགས་མ་བྱས་པར་ཐད་ཀར་ཁོ་རང་ཉིད་ཀྱི་བརྗོད་འདོད་ཀྱི་སྐད་ཆ་མཚོན་བྱེད་དེ་མི་སྣ་ཆོས་བཟང་སྒྲོལ་མའི་བྱ་སྤྱོད་སྟེང་ལ་བབས་འདུག་ལ། འབབ་ཚུལ་དེ་ཡང་གློ་བུར་བ་ཞིག་སྟེ་འཚོ་བའི་སྟེང་གི་གཡོ་སྒྱུ་ཁྲམ་གསུམ་གྱི་མིང་རྐྱང་ཙམ་ལས་ཆོས་བཟང་སྒྲོལ་མའི་གཤིས་ཀའི་སྟེང་ནས་དེ་ཚོ་མངོན་འདོན་བྱས་པ་དཀའ་བས། ཀློག་པ་པོའི་མིག་ནང་ན་ཆོས་བཟང་སྒྲོལ་མ་ནི་སྤྱིར་བཏང་བ་ཞིག་ལས་དེའི་བྱ་སྤྱོད་ཀྱི་སྟེང་ན་སྣང་བ་མི་འགྲོ་ས་དང་སྡང་སེམས་སྐྱེས་དགོས་པའི་ཚོར་བའི་བརྒྱུད་རིམ་འབྲི་ཐུབ་མི་འདུག གལ་སྲིད་ཆོས་བཟང་སྒྲོལ་མའི་ཧམ་སེམས་དང་ཨ་རིའི་བསྟན་འཛིན་གཉིས་ཅི་ལྟར་འཕྲད་ཚུལ་གྱི་བརྒྱུད་རིམ་གསོན་བཞེངས་བྱས་ཡོད་རྒྱུ་ན། སྒྲུང་འདིས་སྤྱི་ཚོགས་འཚོ་བའི་འགན་བབ་འོས་འཚམས་ཤིག་ཟིན་ཡོད་ལ་ཀློག་པ་པོར་མཁོ་བའི་ཚོར་བའང་དེ་ཡིན་པར་འདོད་དོ།།
གཉིས་པ།
སྒྲུང་འདིའི་སྒྲིག་གཞི་དང་འབྲེལ་ནས་མཇུག་བསྡུ་བ།
སྤྱིར་སྒྲུང་གི་སྒྲིག་གཞི་ནི་སྒྲུང་དེའི་བརྗོད་སྙིང་འཛིན་བྱེད་ཀྱི་ལྷུ་ལག་ལྟ་བུ་ཡིན་ལ། སྒྲིག་གཞི་བཀོད་སྒྲིག་ཅི་འདྲའི་བཟང་ན་དེ་ལྟར་དུ་སྒྲུང་ལ་གསོན་ཉམས་དང་རིན་ཐང་ཆེ་བས། སྒྲིག་གཞི་ནི་སྒྲུང་ལ་མེད་དུ་མི་རུང་བའི་ཆ་ཤས་སུ་བགྲང་དགོས་པའང་དེ་ལ་ཐུག་ཡོད་པས་རེད། དེར་བརྟེན་ཁོ་བོས་བརྩམས་སྒྲུང་འདིའི་སྒྲིག་གཞི་གལ་ཆེན་རང་བཞིན་དུ་རྩིས་ཡོད་པ་བརྩམས་སྒྲུང་འདིའི་བྱུང་རིམ་སྒྲིག་སྟངས་ལས་གསལ་ཡོད་ཀི སྒྲུང་མགོ་བཙུགས་མ་ཐག“རྩོམ་པ་པོ་གཤེགས་སོང། མི་ཚང་མས་རྩོམ་པ་པོའི་གཤེགས་རྐྱེན་ལ་སེམས་ཁྲལ་བྱེད་ཀྱིན་འདུག སྙིང་མ་རྗེ་དེ་འཆི་ཚུལ་ངན་པ་ལ”ཞེས་ཚབས་ཆེན་གྱི་དོན་དག་ཅིག་སྔོན་དུ་གླེང་ནས་ཀློག་པ་པོའི་དྲན་ཤེས་འགུག་ཐབས་ཀྱི་ནུས་པ་དེ་ལྡོག་འབྲིའི་ནུས་ཐབས་སྤྱད་འདུག འབྲི་སྟངས་འདི་ནི་བོད་ནང་གི་རྩོམ་པ་པོ་པདྨ་ཚེ་བརྟན་གྱི“སྙན་ངག་པ་དུར་ཁོད་འདས་ནས་ལོ་གཅིག་འཁོར་སོང། ད་ལྟ་། གྲོང་རྡལ་ཆུང་ངུ་འདིར་སྙན་ངག་པའི་མིང་གླེང་དུས། མི་མང་ཤོས་ཀྱིས་སྨྱོན་པ་དེ། ལག་དམར་དེ་ཞེས་སྡིགས་དམོད་བྱེད་ངེས། སྙན་ངག་པར་རྗེས་དྲན་བྱེད་མཁན་ནམ་སྙན་ངག་པའི་བྱ་བ་སྤྱོད་གོ་བ་ལེན་ཐུབ་མཁན་ནི་ང་དང་ང་འདྲའི་གྲོགས་པོ་འགའ་ལས་མེད”ཅེས་སྙན་ངག་པའི་བྱུང་འདས་ཀྱི་ལོ་རྒྱུས་བརྒྱུད་རིམ་ལས་ལུགས་སྲོལ་རྙིང་པའི་བཀའ་དགོངས་ལས་ཐར་མ་ཐུབ་པའི་མཐོ་རིམ་སློབ་མ་ཞིག་གི་སེམས་སྡུག་གི་སེམས་ཁམས་ཞིབ་འབྲི་བྱས་འདུག་ལ། ཁོ་བོས་གཡོ་འོག་ཏུ་ཚུལ་པའི་རྩོམ་པ་པོ་ཞིག་གི་འགྱོད་སེམས་ཀྱི་སེམས་ཁམས་བརྒྱུད་ནས་མཐོ་སློབ་སློབ་མའི་ཁོར་ཡུག་གི་ལངས་ཤོར་བྲིས་ཡོད་པར་མ་ཟད། ཕྱོགས་གཉིས་ཀའི་གང་ཟག་དང་པོ་”་ང་”་བརྒྱུད་ནས་“སྙན་ངག་པ་”དང་“རྩོམ་པ་པོའི”བྱུང་འདས་ཀྱི་བརྒྱུད་རིམ་བཤད་འདུག་ལ། སྙན་ངག་པ་དང་རྩོམ་པ་པོ་འདས་རྗེས་སྙན་ངག་པའི་ཆུང་མ་སྔོན་མ་མེ་ཏོག་སྐྱིད་དང་རྩོམ་པ་པོའི་དགའ་རོགས་དང་ཤོས་སྒྲོལ་མ་གཡང་འཛོམས་གཉིས་ཀྱི་སེམས་སྡུག་གི་མིག་ཆུ་དང་ཆུང་མ་གཉིས་པ་དང་དགའ་རོགས་གཉིས་པ་གཉིས་ཀྱི་ཕྲུག་གུའི་མཇུག་འབྲས་ཀྱི་བྱུང་རིམ་སྒྲིག་སྟངས་འདི་ནི་ཇི་འདྲའི་ཚགས་དམ་ཞིང་ཡིད་དུ་འོང་བ་ཞིག་རེད་ཨང། རྒྱུ་རྐྱེན་འདིས་འདི་གའི་མཐོ་སློབ་ཀྱིས་རྩོམ་རིག་གི་བྱ་དགའ་དང་བོ་སྤྲད་དགོས་པའི་གནད་ཀྱང་འདི་ལ་ཐུག་ཡོད་པར་སྙམ། ཡིན་ནའང། ངའི་བློ་ངོར་འཚམ་དཀའ་བ་ནི་རྩོམ་པ་པོ་འདས་རྗེས་ཁོའི་སྒམ་ནང་ནས་རྙེད་པའི་དངོས་སྒྲུང་དེ་ནི་བཅོས་མ་དང་རྫུན་མའི་རང་བཞིན་ཅན་དེ་གང་ཟག་དང་པོ་“ང”བརྒྱུད་ནས་བཤད་འདུག་པ་འདི་རེད། ཁོས་ད་དུང་“རྩོམ་པ་པོའི་བརྩམས་ཆོས་ཡོད་ཚད་ལྕགས་སྒམ་ནག་པོ་ཞིག་གི་ནང་བླུགས་ཡོད་པའི་ཁྲོད་ན་སྒྲུང་རྩོམ་འདི་འདྲ་ཞིག་འདུག”ཟེར་ནས་སྐར་ཆ་གཅིག་ཀྱང་མ་འགོར་བར་དངོས་སྒྲུང་འདིའི་ངོ་བོ་འགྱུར་ཡོད་པ་འདི་ནི་རྩོམ་པ་པོས་བསམ་བློ་ཞིབ་ཚགས་མ་བཏང་པའི་སྐྱོན་འདུག་ལ། སྒྲུང་གི་གོམ་པ་དང་པོ་ཡིན་པའང་འདི་ན་བསྟན་འདུག གལ་སྲིད་“རྩོམ་པ་པོ་”ཁོ་རང་ཉིད་ལ་སྒྲུང་འདི་འཆད་དུ་བཅུག་ཡོད་རྒྱུ་ན་སྐྱོན་ཆ་འདི་འགག་འགྲོ་བར་སྙམ་པས་རེ་སྐུལ་འདི་ནི་རྗེས་ཕྱོགས་གཟབ་ནན་དང་ཡིད་ཆེས་ཀྱིས་ཁོངས་ཡོད་པས་ཡིན་ནོ།།
དཔྱད་ཡིག:
པདྨ་ཚེ་བརྟན་གྱི་བརྩམས་སྒྲུང< སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ>སྦྲང་ཆར་༢༠༠༤ལོའི་དེབ་དང་པོ།
༅༅། ལྷ་བརྒྱ་སྟོང་སྣ་ཚོགྶ་ཞོགས་ལོས་ཡོད་དེ།།
མདོར་བསྡུ་ན་འཕགས་པ་སྤྱན་རས་གཟིགས།།
ཆོས་བཀའ་འགྱུར་བསྟན་འགྱུར་ལོས་ཀྱང་ཡོད།།
མདོར་བསྡུ་ན་མ་ཎི་འབྲུ་དྲུག་རེད།།
སེམས་བསྐྱེད་རྒྱུ་བསྒོམ་རྒྱུ་ལོས་ཀྱང་ཡོད་།།
མདོར་བསྡུ་ན་སེམས་པ་བཟང་པོ་དགོས།།
ཆོས་འགྲེལ་བཤད་རྒྱབ་རྒྱུ་སྣ་ཚོགས་ཡོད།།
མདོར་བསྡུ་ན་ལྟ་བ་རྟེན་འབྱུང་དང།།
སྤྱོད་བ་དེ་འཚེ་བ་མེད་གཉིས་རེད།།
྇ངས་འདི་ལྟར་གླེང་ན་འདོད།
འདི།
ངས་འདི་ལྟར་གླེང་བར་འདོད།
རྩམ་སྒྲུང་བཀླགས་ནས་མིག་ཆུ་གཏོང་བའི་དུས་རབས་དེ་ཡོལ་ཚར་བ་རེད།
ཨ་འཁོར་ས་རཱ་མཐོ་སློབ་ནང་ཡོད་དུས་བརྩེ་དུང་ཕམ་ཁ་རེག་སོང་མྱངས་ནི་རེད། ད་དུང་དེའི་ཆེད་དུ་མིག་ཆུ་གྲངས་མེད་བཞུར་མྱངས་ནི་རེད། འགྲིག་འདུག དབྱིན་ཇི་མཁས་པ་ཞིག་གིས་འདི་ལྟར་བཤད་ཡོད་དེ་གནའ་ནས་ད་བར་མཁས་མཛངས་གཉིས་ལྡན་གྱི་སྐྱེས་བུ་དག་བརྩེ་དུང་གི་རྒྱ་རུ་ཚུད་པ་མེད་དེ་འདི་ལྟའི་ཅོལ་ཆུང་གི་ཡིད་འགྱུར་ལ་ཚད་འཛིན་མཛད་པས་རེད་ཅེས་དང་། ཡང་ཅི་སྟེ་བརྩེ་དུང་གི་དྲྭ་བ་རུ་ཚུད་སོང་ན་ལྷ་ཡིན་ཡང་རྣམ་རིག་རྒྱུན་འཁྱོང་བྱེད་དཀའ་ཞེས་གསུངས་ཡོད་པར་རེད།